ཧ་ཁྱི།

ཏྲེ་ཧོར་ཉི་ཆུང་གིས།        2012-02-16

ཁ་སང་ང་ཁྱིམ་དུ་བརྙན་འཕྲིན་ཞིག་གི་འཁྲབ་ཚན་ལ་སེམས་གཡེང་ནས་སྡོད་དུས།ཕྱི་རོལ་ཏུ་ཅི་མངོན་མ་ཤེས་ཀྱང་ཧ་ཁྱིས་སྐད་ཅོ་བརྒྱབ་སྟེ་མཚམས་མི་འཇོག་པར་བྱས།ཡིན་ནའང་ང་རང་འཁྲབ་ཚན་གྱི་སྒྱུ་མའི་བསླུ་བྲིད་ལ་ཡིད་ཆེས་ཀྱིས་མུ་མཐུད་ནས་ལྷོད་པོར་བལྟས།འོན་ཀྱང་ཕྱི་རོལ་གྱི་ཧ་ཁྱིས་སྐད་མཇུག་ལ་སྐད་མཐུད་ནས་ཟུག་སྐད་དྲག་ཏུ་འགྱུར།དེ་ནས་ཅུང་མ་འགོར་བར་ཧ་ཁྱིས་ཟུག་སྐད་མིན་པར་ངུ་སྐད་བྱེད་བྱུང་བས།ངའི་སེམས་ལ་བྲེལ་འཚུབ་ཀྱིས་འཁྲབ་ཚན་ལྟ་བ་བསྐྱུར་ནས་རེམ་མར་ཕྱི་རུ་བལྟས་པས་ཁྱི་སྡོམ་དམར་པོ་ཞིག་གིས་ཧ་ཁྱི་ལ་ཐུབ་ཚད་ཀྱིས་མཆེ་གཙིགས་སྡེར་བགྲོད་བྱས་པས་ཁོ་སྐྲག་ནས་ངུ་བ་ཡིན་པར་མཐོང་།དེའི་ཕྱིར་ངས་ཐང་ནས་རྡོ་ཞིག་བླངས་ཏེ་ཁྱི་ལྡོམ་སྟེང་དུ་འཕངས་ཚེ་ཧ་ཁྱིས་ཀྱང་སྐབས་དེ་དང་བསྟུན་ནས་ཁྱི་ལྡོམ་ལ་མཆེ་བ་འདེབས་པར་རྩོམ་པས།ཁྱི་ལྡོམ་བྱ་འཕུར་བ་ལྟར་བྱོལ།
དེ་ནས་ངས་ཁྱི་ལ་འབོད་སྐད་བཏང་བས་ངའི་འཁྲིས་སུ་སླེབས་བྱུང་།ང་ཚོའི་ཧ་ཁྱི་ནི་དཀར་ཁྲ་ཞིག་ཡིན་ལ་སུག་བཞི་ཐུང་བ་དང་།སྐེད་པ་ཕྲ་བ།ལུས་བོངས་ཤིན་ཏུ་ཆུང་།ཁོའི་མིག་ཟུང་གཉིས་ནི་ལུག་གི་རིལ་མ་ཞིག་དང་འདྲ་བ་ནག་རིལ་རིལ་དང་རྔ་མ་ནི་རྔ་གཡབ་ནག་ཁྲ་ཞིག་དང་མཚུངས་པས་རྒྱུན་དུ་ཕར་གཡོ་ཚུར་གཡོ་བྱེད་བཞིན་འདུགངས་ཁོའི་རྣ་ཅོག་གཉིས་ལ་བཟུང་ན་ཁོས་ཀྱང་ངའི་ལག་མགོ་ལ་རྣམ་པ་བཅོས་མས་རྨུག་ཁུལ་གྱིས་ངར་ངར་དང་།ལག་གཉིས་ཀྱི་སྦར་མོ་ལས་སེན་མོ་བསྐུངས་ནས་འདྲད་འདྲད་གཏོང་ཁུལ་བརྩོན།ད་དུང་ཁོས་གཟུགས་གཞི་ཀྱོག་ཀྱོག་དང་།སར་འགྲིལ་བ།ཁ་ཆེར་གདངས་ནས་ལྕེ་ནར་གྱིས་ངའི་ཉམས་དང་བསྟུན་ནས་རྩེ་བར་མོས།ངས་རྣ་ཅོག་སློད་དུས་ང་ལས་བྲལ་ཏེ་ཕར་འགའ་ཤས་གནས་སུ་བྱོལ་ནས་བསྐོར་བ་རྒྱག་བཞིན་རྒྱུགས་ཤག་བཏང་བ་དང་།དེ་ནས་ཡང་བསྐྱར་ངའི་འགྲམ་དུ་ཡོང་ནས་ཐང་དུ་འགྲིལ་ཅིང་རྐང་ལག་གཉིས་ཀ་གནམ་ལ་བསྟན་ནས་ང་ལ་རྩེ་བ་སློང་།ངས་ཧ་ཁྱི་མཐོང་ཐེངས་རེར་རྩེད་མོ་རྩེ་བར་འཆོར་ཏེ།དེ་ནི་བྱིས་པའི་རྩེད་རར་འགྲེམ་པ་དང་ཇི་བཞིན་འགྱུར།དེར་བརྟེན་ངའི་སེམས་སུ་ཧ་ཁྱི་འདི་བྱིས་པ་ཆུང་དུ་ཞིག་ཡིན་པའི་སྣང་བ་བཅོས་མ་ཞིག་ཡིད་ལ་འཁོར་བས།དེ་ཤ་ཚ་བ་དང་སྙིང་རྗེ་ནས་བྱམས་སེམས་ཀྱིས་ཅི་འདོད་ཀྱི་བབ་དང་བསྟུན་ནས་ཁོ་ལ་མཐུན་ཐབས་བྱས།ངས་ཁོ་ལ་རྩེད་མོ་མི་བྱེད་ན་ཁོའི་ཁ་ནས་དམར་ལབ་ལབ་ཀྱི་ལྕེ་ཆུང་རིང་བོ་བསྐྱངས་པ་དང་།སྦོམ་རིལ་རིལ་གྱི་རྔ་མ་མཚང་རའི་སྟེང་འཁྱིལ་བཞིན་ངའི་གོམ་འགྲོས་དང་བསྟུན་ཅིང་གཞུག་ཏུ་ཁོས་ང་ལ་དགའ་བའི་རྣམ་པ་ནི་བཅོས་མ་མིན་པ་གསལ་པོར་རྟོགས།
དེས་ན་ངས་ནམ་རྒྱུན་ཁོ་ལ་གཟན་དང་ཉལ་ཁང་དྲོན་པོས་གཉོལ་སྐྱོང་བྱས་པས།གྲུང་ཉམས་དང་རྩལ་བདེ་ཉམས་ཀྱིས་བཟི་ཞིང་མི་གཞན་དང་ཐུག་དུས་ཟུག་སྐད་བཙན་པོས་འཇིགས་སྣང་དྲག་ཏུ་སྐུལ་ཅིང་མི་རྣམས་ལ་ཞེད་སྣང་ཆེར་སྐྱེས།ངས་ཁོ་ལ་སྐད་རེ་བཏང་ན་ད་གཟོད་ཁོས་ཟུག་སྐད་ངར་ངར་གྱི་ཉམས་དེ་ཞི་འཇམ་དུ་སོང་ནས་ངའི་འཁྲིས་སུ་ཙོག་པུར་བསྡད་དེ་གཞན་ལ་མིག་གིས་ནན་གྱིས་བལྟས་ཤིང་སྲུང་།དེ་ལྟར་ཧ་ཁྱི་འདི་ཁྱི་རིགས་སུ་གཏོགས་ལ་ཁྱི་ནི་ཀུན་གྱིས་སྨད་པའི་གནས་སུ་འཇོགཡིན་ནའང་ཁྱི་འདི་རིགས་ཀྱིས་བཟང་ངན་དང་སྐད་བརྡ་ཕྲན་བུ་ཤེས་པས་མི་ཕུད་པའི་སྲོག་ཆགས་རིགས་ལས་འདི་ནི་མཐོ་རིམ་གྱི་སྲོག་ཆགས་ཤིགརེད་ཅེས་བརྗོད་ཆོག་གོ།
  • ལེ་ཚན་སྔོན་མ།:ཁྱི་དང་ཞི་མི།
  • ལེ་ཚན་རྗེས་མ།:ཚེ་སྲོག་ངོས་འཛིན།