ཚེ་སྲོག་ངོས་འཛིན།

(བཀྲ་ཤིས་རྒྱལ།)        2012-11-05

ཉིན་འགའི་སྔོན་ལ་ངེད་ཚང་གི་རྨོ་མོར་ཁོག་ནད་ཅིག་བྱུང་བས་པེ་ཅིན་དུ་ནད་བརྟག་སྨན་བཅོས་བྱེད་དུ་སོང་།  སྨན་པས་བཤད་པ་ལྟར་གཤག་བཅོས་བྱས་ཤིང་ལེགས་འགྲུབ་ཀྱང་བྱུང་།  ང་ཚོ་རྨོ་མོའི་ནད་གཞི་དྲག་སྐྱེད་བྱུང་བར་ཧ་ཅང་གདེང་ཚོད་ཡོད་པའི་སྐབས།  འཆི་བདག་ལ་བྱམས་སེམས་དང་སྙིང་རྗེ་ཅི་ཡང་མེད་པར་རྨོ་མོ་དང་ཤིན་ཏུ་ཐག་ཉེ་བར་ཕྱིན།  ནད་ཀྱི་རྩ་བ་འཇོམས་མི་ཐུབ་པས་ནད་གཞི་ཉིན་རེ་བཞིན་ཇེ་སྡུག་ཏུ་གྱུར་ཅིང་མཐར་ཟླ་དྲུག་ཙམ་ལ་མ་གཏོགས་ལུས་པོས་མ་ལྕོགས་ལ།  གསོན་ཤུགས་ཀྱིས་ཕྱུག་པའི་གང་ཟག་ཅིག་འདི་ལྟར་འཆི་ལམ་ལས་མ་ཐར།  དེ་རིང་།  ང་རང་ཨ་ཕ་དང་མཉམ་དུ་རྨོ་མོར་ལྟ་རུ་སོང་།  མོ་དལ་འཇགས་སེར་ཉལ་ཡོད་ཅིང་མདོག་མི་གཅིག་པའི་ཤེལ་སྦུག་གི་ཚོགས་མི་ཁྲག་འཇིབ་པའི་སྲིན་འབུ་ཞིག་དང་འདྲ་བར་ཁོ་མོའི་ལུས་སྟེང་དུ་ཟུག་འདུག    ད་དུང་མོའི་སྣའི་འགོར་དབྱང་སྦུག་ཅིག་བཙུགས་འདུག་ཅིང་བལྟས་ཚོད་ལ་དབུགས་འབྱིན་པར་ཧ་ཅང་དཀའ་ཁག་ཆེ་བའི་སྣང་བ་ཞིག་སྟེར།
  ང་རང་གྲག་མེད་འགུལ་མེད་ཀྱིས་མལ་ཁྲིའི་ཟུར་ཞིག་ཏུ་ཙོག་ཅིང་སྔོན་ཆད་གློག་བརྙན་ལས་མཐོང་མྱོང་བའི་དེ་རིང་གི་གནས་ཚུལ་ལ་ཅེར་ནས་བསྡད།  ངར་མཚོན་ན་ནད་ཁང་འདི་ལྟ་བུ་ཞིག་དང་ཚེ་སྲོག་གི་གཟུང་ཐག་ཆད་ལ་ཉེ་བའི་ནད་པ་འདི་ལྟ་བུ་ཞིག་གི་གམ་དུ་སྡོད་པ་ནི་ཐེངས་དང་པོ་ཡིན།  ངས་ཁོ་མོའི་ཚེ་སྲོག་ཉམས་ཞན་དུ་འགྱུར་བཞིན་པ་དང་ཁོ་མོའི་ལས་དབང་རིམ་བཞིན་ཟད་གྱིན་པ་གཞི་ནས་ཚོར།
  སྤྱིར་ལོ་ཕྱེད་ཅིག་ནི་བདེ་ཐང་གི་མི་ཞིག་ལ་མཚོན་ན་ཅི་འདྲའི་རིང་ཞིང་ཅི་འདྲའི་རྒྱུན་ལྡན་ཡིནཡང།  ཚེ་སྲོག་གི་གསོན་ཡུན་ལོ་ཕྱེད་ཙམ་ལས་མེད་པའི་སྙུང་ནད་ཅན་གྱི་མི་ཞིག་ལ་མཚོན་ན་དེ་ནི་ཅི་འདྲའི་ཐུང་ཞིང་ཅི་འདྲའི་རྩ་ཆེ་བ་ཞིག་རེད་ཨང་།
  འདིའི་སྐབས་སུ།  ངས་ད་གཟོད་རང་ཉིད་ཀྱི་བདེ་སྐྱིད་རྟོགས་སོང་།  བདེ་སྐྱིད་ནི་སློབ་སྦྱོང་གི་བཟང་ངན་ཁྲོད་ན་མེད།  བདེ་སྐྱིད་ནི་རྒྱུ་ནོར་གྱི་མང་ཉུང་སྟེང་ནའང་མེད།  དེ་ནི་མཐར་གཏུགས་ན་གསོན་པའི་རིན་ཐང་སྟེང་ན་ཡོད།  དེ་ལྟར་བློ་སེམས་ནང་དུ་བཀུག་ཚེ་ང་ལའང་ཚད་ཡོད་པའི་ཚེ་སྲོག་འདིར་བརྟེན་ནས་བྱ་བ་མོད་པོ་ཞིག་བསྒྲུབ་དགོས་པའི་འདུན་པ་དྲག་པོ་ཞིག་དབང་མེད་དུ་སྐྱེས།
  ས་རུབ་ཁར་ཨ་ཕ་དང་ངེད་གཉིས་སྨན་ཁང་ལས་ཕྱིར་བུད།  ཐུང་ཐུང་གི་དུས་ཡུན་ནང་དུ་ང་ལ་གློ་བུར་བའི་བློ་སྐྱེད་མང་པོ་བྱུང་།  ངས་མི་ཚེའི་ཡང་སྙིང་དང་ཚེ་སྲོག་གི་རིན་ཐང་རྟོགས་ཤིང་།  ཐ་ན་རང་ཉིད་ཀྱི་འགྱུར་ལྡོག་ལ་ཐེ་ཚོམ་ཞིག་ཀྱང་ཟ་དགོས་བྱུང་།
  “དངོས་ཡོད་ནི་འཇིགས་ཡེར་ཞིང་།  མི་ནི་ཅི་འདྲའི་ཉམ་ཆུང་བ་ལ་ཨང་།”རྒྱུན་དུ་ཁ་གྲག་རྒྱུར་མི་དགའ་བའི་ཨ་ཕས་ང་ལ་འདི་ལྟར་བཤད་བྱུང་།  འདི་ནི་ཨ་ཕས་ང་ལ་ཐེངས་དང་པོར་བཤད་པའི་ཆེས་གཟབ་ནན་གྱི་སྐད་ཆ་ཞིག་རེད།  ང་རང་ཡ་མཚར་ནས་ཨ་ཕར་བལྟས་པ་ན།  ཨ་ཕའང་ངའི་སར་འཁོར་ནས་མུ་མཐུད་དུ“དུས་ནམ་ཞིག་ངའང་འདི་ལྟར་ཁྱོད་དང་ཁ་འབྲལ་ངེས་ཡིན”ཟེར།  ཚིག་འདིས་ང་རང་མི་སྐྱིད་པར་བཏང་ཞིང་ཨ་ཕས་ང་ལ་སྐད་ཆ་འདི་འདྲ་ཞིག་བཤད་པ་ངའི་ཡིད་ལའང་མ་ཤར།  འོན་ཀྱང་ཁོང་དགོད་བཞིན་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར“ཡིན་ནའང་སྐྱོན་མི་འདུག    ཁྱོད་ནི་ངའི་ཚེ་སྲོག་གི་རྒྱུན་མཐུད་པ་ཡིན ”ཞེས་བཤད་བྱུང་བས།  སྐད་ཆ་འདིས་ང་རང་སྔོན་ལས་ཀྱང་ཧད་དུ་བཅུག་སོང་།  ང་ངོ་མ་གནས་དེ་ནས་ངུ་ན་འདོད།  ང་དངོས་གནས་ཨ་ཕའི་གདུང་སེམས་ཀྱིས་ཡིད་འགུལ་ཐེབས་པར་བྱས།  ཨ་ཕའི་མདུན་དུ།  ང་ནར་སོན་ནས་ཅི་ལྟར་བསམ་ཤེས་རུང་།  ང་ནི་ཧ་ཅང་ཆུང་ངུ་ཆུང་ངུ་ཞིག་ལས་མ་འདས།
  ཉིན་འདིར།  ང་ལ་མྱོང་ཚོར་མང་པོ་ཞིག་ཐོབ།  མྱོང་ཚོར་དེ་དག་སྤྱིར་དོན་ཕྲན་ཚེགས་ཤིག་ཡིན་ནའང་།  ངས་དེ་ནི་རང་ཉིད་ཀྱི་རིན་བྲལ་ནོར་བུ་ཞིག་ཏུ་བརྩིས་ནས་སེམས་སུ་ཉར་ཚགས་བྱས་པ་ཡིན།
  • ལེ་ཚན་སྔོན་མ།:ཧ་ཁྱི།
  • ལེ་ཚན་རྗེས་མ།:གྲོགས་མོ་ཞིག་ལ་ཕུལ་བའི་བརྩེ་འཕྲིན།