རང་ཉིད་བོར་བའི་སློབ་ཆེན་པའི་སྡེ།

(ཏཱ་ནི་སྨྱུ་གུས།)        2011-09-01

དུས་རབས་ཀྱི་ཚ་རླབས་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་གནས་བབས་འདིར་གཞིགས་ན་མི་སུ་ཡིན་རུང་རང་རང་གི་འཚོ་གནས་འདིའི་བདེན་དོན་ནམ་དེ་ལ་བརྩོན་ལེན་བྱེད་པའི་འོས་འགན་ཞིག་ཡོད་ལ།  དེ་ནི་ང་ཚོའི་མི་རེ་རེ་ལས་གྲུབ་པའི་སྤྱི་ཚོགས་ཞེས་པ་འདིས་བསྐྱེད་པའི་གཟུར་མེད་ཀྱི་ཆོད་ཉིད་ཅིག་རེད་འདུག    སྤྱིར་མི་སུ་ཞིག་ཡིན་ཡང་གཞན་དང་བློ་ཁ་མི་མཐུན་པའམ་ཕན་ཚུན་ལ་གནོད་པའི་ཉེས་པ་ཐན་ཐུན་རེ་བསགས་ངེས་ལ།  དེ་ཡང་ཧོ་ལ་སི་ལགས་ཀྱིས་འཇིག་རྟེན་ནི་མ་གཞི་ནས་ནག་ཉེས་ཀྱིས་གྲུབ་པ་ཡིན་ཡང་།  ནག་ཉེས་ནག་ཉེས་ཡིན་པ་འདྲ་བོར་སྣང་ནའང་ནག་ཉེས་ལ་ལྕི་ཡང་གི་ཁྱད་པར་ཡོད་ཟེར་བ་ནང་བཞིན།  ང་ཚོ་ཚང་མས་ནག་ཉེས་བསགས་པ་དང་ནག་ཉེས་གཏོར་བའི་རིམས་པ་འདི་ལས་ད་གཟོད་སྤྱི་ཚོགས་འདིའི་བདེན་དྲང་སྲང་ལ་འཇལ་དགོས་པ་ལོས་ཡིན།  དེ་བས་ནག་ཉེས་ཞེས་པ་འདིའི་ངོ་བོར་གཞིགས་ན་དང་ཐོག་ཆུང་ས་གང་རུང་ལ་བློམིག་གི་ཟུར་མདའ་འཕེན་རྒྱུ་ནི་ཧ་ཅང་ཤེས་དགོས་ས་ཞིག་རེད་འདུག    སྐབས་འདིར་བདག་གིས་མི་རིགས་ཞེས་པ་འདིར་དོན་བྱ་རླབས་ཆེན་ཞིག་དང་ལ་རྒྱ་ཞེས་པའི་ཀི་རིང་གྲགས་ཆེ་བ་ཞིག་མི་བསྒྲག་པར་རང་གི་དངོས་དོན་ལས་རེག་པའི་མཐོང་ཐོས་ཅི་རིགས་ཤིག་སེམས་འབྲེལ་ཟབ་པའི་གྲོགས་པོ་ཚོ་དང་ལྷག་དོན་དུས་རབས་ཀྱི་འགྲོ་ལམ་མཐུན་པའི་སློབ་ཆེན་པ་ཚོའི་སྙན་ལ་བཤམས་འདོད།  དེ་ཡང་མི་ཞིག་ལ་སྐྱོ་གདུང་ཆེ་དུས་ཁ་ན་སྙིང་གཏམ་མོད་པའི་དཔེ་ལྟར།  ང་ལ་ནམ་ཡང་སྐྱོ་བ་སུད་སུད་ཅིག་གིས་གཡོག་འདུག་ཅེས་བརྗོདཚེ་སུ་ཞིག་གིས་ང་ལ་འདྲི་ཚིག་འདྲ་ཞིག་འདེབས་ངོས་ཏེ།  ཁྱོད་རང་བུ་མོ་ཞིག་གིས་དམ་ལ་བཏགས་ཡོད་ཚོད་རེད།  སེམས་མི་སྐྱིད་ན་ཆང་ཁང་དུ་འགྲོ།  འཚོ་བ་ལ་སྤྲོ་སྣང་མེད་ན་འཚོ་གནས་ལ་སྙིང་པོ་ཅི་ཡོད་ཟེར། 
  • ལེ་ཚན་སྔོན་མ།:ཨ་མར་འཕུལ་བའི་སེམས་འཕྲིན།
  • ལེ་ཚན་རྗེས་མ།:ཨ་མ་མགོན་མོ།-དྲིན་ཆེན་མ་ལོར་ཕུལ་པ།