ཨ་མ་མགོན་མོ།-དྲིན་ཆེན་མ་ལོར་ཕུལ་པ།(2)
(སྐལ་བཟང་མེ་ཏོག་གིས།) 2011-09-08
ལོ་རྒྱུས་བུ་མོའི་འཛུམ་མདངས་ལ་བལྟས་ནས་སྡུག་བསྔལ་དང་རྔུལ་ཆུ་ཡུལ་གྲུ་འདིར་བཞག་པ་དྲན་ན། དུས་དེང་སང་། མཁོ་བའི་ཉིན་མོ་ལྷ་རྫས་དང་མི་འཁོ་བའི་ཉིན་མོ་གདོན་རྫས་རེད་ཡ-ཨ་མ་མགོན་མོ།
ངས་དེ་རིང་ཁྱོད་ཀྱི་མདུན་ནས་པུས་མོ་སླ་ང་ས་རུ་བཙུགས་ཏེ། དམའ་སར་སྡང་སེམས་མི་སྐྱེ་ཞིང་མཐོ་སར་འགྲན་ཟླ་མི་བྱེད་པར་སྨན་མཛེས་མའི་ངོ་གདོང་རིག་ན་ཕོ་གཞོན་ནུའི་ཉམས་སྣང་མི་འཆོར་བའི་དམ་བཅའ་འཇོག
བྱིས་སྒྲུང་གི་རྒྱལ་ཁམས་མྱུལ་ནས་ཤེས་རིག་གི་མཚོ་མོར་ཞུགས་པའི་བྱིས་པ་དེ་ཚོ། དམར་ཆུང་གི་སྙིང་རྡོག་རྡོག་དྭངས་གཙང་གི་འོ་མཚོའི་ཁྲུས་ལ་རོལ་བཞིན་པ་དྲན་ན་དུས་དེང་སང་། ཐང་སྤང་དཀར་རྟེའུ་ལོ་སྟག་གི་ལོག་ཞིང་། ནགས་རྒྱ་རྫོང་ཁྭ་ཏ་ཁྱུང་གི་ལོག་ཡོད་ཡ-ཨ་མ་མགོན་མོ།
ངས་དེ་རིང་ཁྱོད་ཀྱི་མདུན་ནས་པུས་མོ་སླ་ང་ས་རུ་བཙུགས་ཏེ། ཤིང་ཡར་སྐྱེས་ནང་གི་སྲ་སྐྱེས། མི་ཡར་སྐྱེས་ནང་གི་དྲང་མོ་བྱས་ཏེ་མི་ཡར་སྐྱེས་ཀྱི་རྫི་མི་གསོད་ཅིང་། ཤིང་ཡར་སྐྱེས་ཀྱི་རྩེ་མི་གཅོད་པའི་དམ་བཅའ་འཇོག
རང་གནས་སུ་བསྡད་དེ་བྱ་བ་ཆུང་ཆུང་རེ་སྒྲུབ་ནས་མགོ་བོ་སྒུར་ཏེ་ཚགས་པར་བལྟ་བའི་ལས་གྲོགས་དེ་ཚོ། སྡུག་ཆུའི་མངར་ཁ་མྱངས་བཞིན་ཉི་མ་འཁྱོལ་ཐབས་བྱེད་པ་དྲན་ན། དུས་དེང་སང་། བཀོལ་མ་ཤེས་ཡོན་ཏན་མགོ་སྟོང་། འདེབས་མ་ཤེས་ས་ཞིང་ས་སྟོང་རེད་ཡ-ཨ་མ་མགོན་མོ།
ངས་དེ་རིང་ཁྱོད་ཀྱི་མདུན་ནས་པུས་མོ་སླ་ང་ས་རུ་བཙུགས་ཏེ། སེང་གེ་དཀར་མོ་སྐོམ་རུང་རྙོག་ཆུ་མི་འཐུང་ཞིང་རི་སྤྱང་སྔོན་མོ་ལྟོགས་རུང་རུལ་རྩ་མི་ཟ་བར་མིག་བཙུམས་ནས་ཕྱི་མ་མཁྱེན་ཁུལ་དང་སྐེ་བསྲིངས་ནས་དབུས་གཙང་མཐོང་ཁུལ་མི་བྱེད་པའི་དམ་བཅའ་འཇོག
ཇ་ཁ་ཆང་ཁ་མྱུལ་རུང་ནམ་ཡང་རིག་པའི་གད་རྒྱངས་སྒྲོག་པའི་སློབ་གྲོགས་དེ་ཚོའི་ཁྲག་རྩ་ན་དྲག་ཏུ་འཁོལ་བའི་བཞུར་རྒྱུན་ཞིག་འཕྱོ་བ་དང་མི་རིགས་ཤིག་གི་རེ་བའི་ཆུ་མིག་ཅིག་བརྡོལ་བཞིན་པ་དྲན་ན་དུས་དེང་སང་། བྱ་རོག་ནག་པོའི་སྡིག་སྒྲིབ་ཀྱིས་ངང་བ་སེར་པོ་འདམ་ལ་ཟུག་ཡོད་ཡ-ཨ་མ་མགོན་མོ།
ངས་དེ་རིང་ཁྱོད་ཀྱི་མདུན་ནས་པུས་མོ་སླ་ང་ས་རུ་བཙུགས་ཏེ། ཟས་ཁམ་གང་ཡོད་ན་མཉམ་ཟ་དང་གོས་ཐོ་གང་ཡོད་ན་མཉམ་གོན་བྱས་ཏེ་རྟ་ད་རྒྱུགས་ཟེར་ན་དཔུང་ཤ་མི་འདར་ཞིང་། གཏམ་ད་ཤོད་ཟེར་ན་མིད་པ་མི་འགག་པའི་དམ་བཅའ་འཇོག །