གངས་ལྗོངས་གཞོན་ནུ་གསར་བ།(2)

ཀུན་ཐར་རྒྱལ།        2010-10-19


གཅིག་ཁག་གཉིས་སུ་སོང་བར་བགྲང་སྲིད་མོད།ཁག་གཉིས་སུ་འགྲོ་བ་གསར་རྙིང་གི་འགལ་འདུའི་ཆོས་ཉིད་ཡིན་ལ།འགྲན་རྩོད་ཀྱི་དོ་རར་ཡང་ཚུད་པ་ཡིན་པས་ད་གཟོད་རིག་གནས་གསར་རྙིང་གི་སྟོབས་ཤུགས་གསལ་འོང་ལ་རྒྱལ་ཕམ་ཡང་དབྱེ་ཆོག
རིག་གནས་རྙིང་བ་སྲོག་ཏུ་གྱུར་པའི་འུད་ཤོད་པ་ཁ་ཅིག་གིས་དེང་རབས་བཟོ་ལས་ཀྱི་གནམ་གྲུ་སོགས་ཀྱང་བཀའ་བསྟན་གྱི་གཞུང་ན་ཚུལ་ཇི་ལྟར་བཟོ་བ་ལྷུན་ཆགས་སུ་ཡོད་ཅེས་ཨུ་ཚུགས་བྱེད་ལ།མེད་པར་སྨྲས་ན་མ་ཤེསཔའི་རྟགས་སོ་ཞེས་བརྗོད་པ་དག་ནི་རིག་གནས་རྙིང་བར་འཁྲུལ་བའི་བརྩི་འཇོག་པར་གྱུར་ལ་རྙིང་ནག་མཁྲེགས་འཛིན་པར་གསོལ་འོས་སོ།།
གངས་ལྗོངས་གཞོན་གསར་ནི་སྐྱོན་ཀུན་བྲལ་བའི་ཡོན་ཏན་ཀུན་ལྡན་མིན།གངས་ལྗོངས་གཞོན་གསར་ནི་སྣང་བཞིན་སྟོང་ཞིང་སྟོང་བཞིན་སྣང་བའི་དབུ་མ་མིན།གངས་ལྗོངས་གཞོན་གསར་ནི་མ་བརྟག་དཔྱད་པས་ཡོད་ཚད་སྐྱབས་སུ་མཆི་མཁན་མིན།གངས་ལྗོངས་གཞོན་གསར་གྱིས་ཡང་མེས་ཀྱི་ཚེ་སྲོག་གིས་བྲིས་པའི་ལོ་རྒྱུས་ལ་བསྲིངས་ཐིག་འབྲི་ཐུབ།གངས་ལྗོངས་གཞོན་གསར་གྱིས་ཕང་ཕུང་ལྗན་ལྗིན་གྱི་རྫོབ་པའི་ཁོར་ཡུག་ལ་གཙང་འདོན་བྱ་ཐུབ།གངས་ལྗོངས་གཞོན་གསར་གྱིས་མིའི་རིགས་སྤྱི་མཐུན་ལ་བསམ་གཞིག་དེ་བས་ཀྱང་བྱེད་ཐུབ།
གངས་ལྗོངས་གཞོན་གསར་གྱི་མདུན་དུ་བསླུ་བྲིད་ཀྱི་མེ་སྒོར་སྤུངས་ཀྱང་ས་རྡོར་རྩི།གངས་ལྗོངས་གཞོན་གསར་ལ་དགྲ་བོའི་མདུན་ནས་ལྕགས་ཀྱི་སྲོག་ཡོད།གངས་ལྗོངས་གཞོན་གསར་ལ་བརྩེ་བའི་འོག་ནས་བལ་གྱིས་བྱམས་ཡོད།གངས་ལྗོངས་གཞོན་གསར་གྱི་ཤེས་རབ་དང་སྤོབས་པ།ལ་རྒྱ་དང་སྟོབས་ཤུགས་ལ་སུས་ཀྱང་དཔེར་མཚོན་བྱ་ཐུབ་མེད།
གངས་ལྗོངས་གཞོན་གསར་གྱི་འོས་འགན་ནི་རིག་གནས་རྙིང་བར་བབརྩི་མཐོང་གིས་རིག་གནས་གསར་པར་དགག་རྒྱག་ཚོའི་ཁ་གཏད་མིན།གངས་ལྗོངས་གཞོན་གསར་གྱི་དམིགས་ཡུལ་ནི་ཡབ་མེས་བླ་སྲོག་གིས་བསྐྲུན་པའི་ཤེས་རིག་གི་གཤེད་པོ་མིན།གངས་ལྗོངས་གཞོན་གསར་གྱི་བྱ་བཞག་ནི་ལོ་བཅུའི་གོད་ཆགས་ལ་བདོ་བའི་འགོང་འདྲེ་ཡི་རྗེས་འཇུག་མིན།གངས་ལྗོངས་གཞོན་གསར་གྱི་འོས་འགན་ནི་བོད་ཀྱོ་དོན་དངོས་རྗེས་ལུས་ཀྱི་ངོ་གདོང་བསྒྱུར་ཏེ་རང་རིགས་ཀྱི་རྡོག་ཁ་སྔོན་སྐ྄ོད་ཀྱི་ལམ་དུ་ཞུགས་རྒྱུ་དེ་ཡིན།གངས་ལྗོངས་གཞོན་གསར་གྱི་དམིགས་ཡུལ་ནི་རིག་གསར་གྱི་བླ་བཀུག་ནས་བསམ་བློ་གསར་པའི་རྨང་བཏིང་སྟེ་གསར་གཏོད་ཀྱི་སྙིང་བླུ་རྒྱུ་དེ་ཡིན།གངས་ལྗོངས་གཞོན་གསར་གྱི་བྱ་གཞག་ནི་ཐོག་མའི་ལད་མོ་བརྒྱུད་ནས་རིག་གནས་གསར་པས་འཕེལ་རྒྱས་ཀྱི་གདོང་བསུ་རྒྱུ་དེ་ཡིན།
གངས་ལྗོངས་གཞོན་གསར་གྱི་ཁྲོད་ན“མི་མིན་པའི་མི”མེད།གངས་ལྗོངས་གཞོན་གསར་གྱི་ཕ་ཡུལ་སའི་གོ་ལ་ཡིན་ལ་གངས་ལྗོངས་གཞོན་གསར་གྱི་ཁྱིམ་གཞི་གངས་རིའི་ར་བ་ཡིན།
  • ལེ་ཚན་སྔོན་མ།:ནང་མ་ཁང་དང་སློབ་གྲྭ་ཆེན་མོ་བ།
  • ལེ་ཚན་རྗེས་མ།: མ་ཡུམ་གངས་ལྗོངས་ཀྱི་ཕྱི་ནང་གསང་གསུམ།