བྱེའུ་སྐད་ཉན་པ།(2)

སྐལ་བཟང་ཐུབ་བསྟན་གྱིས།        2011-05-16


འོན་ཀྱང་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་ལྷག་པར་མི་བཟང་པོ་དྲུག་ཅུ་ལོ་ཡིས་ཐུབ་པའི་རྒས་རྒོན་རྣམས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག   ང་རང་གིས་བསམ་ན་བྱེའུ་ཐི་བ་གྲག་པ་དང་བྱ་ཁུ་བྱུག་གྲག་པའི་དུས་ཚོད་ནི་དཔྱིད་ཉི་རིང་པོའི་དུས་སུ་ཁེལ་ཡོད་པ་དང་།   སྔོན་དུས་སུ་འཚོ་བ་ལ་དཀའ་ངལ་ཆེན་པོ་ཡོད་པ་ང་ཚོས་ཁྱིམ་པ་སོ་སོས་བྱེའུ་སྒུག་དང་བྱ་སྒུག་ཅེས་མར་ཕྱུར་དང་ཤ་རིགས་ཉུང་ངུ་ཞིག་ཉར་ཚགས་བྱེད་ཨེ་ཐུབ་མི་ཐུབ་བལྟས་ནས་བྱ་བྱེའུ་གྲག་དུས་རྟེན་འབྲེལ་མཚོན་བྱེད་དང་ས་གཞིར་འདོད་ཡོན་འཛོམ་དུས་ཀྱི་དུས་ཆེན་ལ་བསུ་མ་བྱེད་བཞིན་ཡོད་པ་ལས་ཤེས་ཐུབ་ཅིང་།   བྱ་བྱེའུ་ཚོར་ཐེངས་དང་པོར་བཤད་སྒྲོས་མང་པོ་སྤེལ་བ་ཡང་གནས་ཚུལ་འདི་འདྲ་བའི་འོག་ནས་བྱུང་བ་ཡིན་པ་ཐེ་ཚོམ་མེད་སྙམ།  ང་རང་གིས་ཐད་ཀར་འདི་དག་ཐམས་ཅད་ནི་རྨོངས་དད་རང་རེད་ཅེས་མ་ཡུམ་ལ་སྨྲ་བའི་སྤོབས་པ་རྩ་ནས་མི་འདུག
 ར་རང་ཨ་མའི་གམ་དུ་ཅུང་ཟད་བསྡད་དེ་ནང་ལ་ལོག་རྩིས་བྱེད་དུས་ཨ་མས་བུ་ད་ཤིག་ཙམ་སྡོད་དང་ཡང་བྱེའུ་གྲག་གི་རེད།  དཔེ་ཆ་ཁ་ཕྱེས་ནས་ལྟོས་དང་བྱེའུ་གྲག་ན་རྟེན་འབྲེལ་བཟང་ཞེས་རེ་བའི་སྤྱན་ཟུང་གི་བདག་ལ་ཅེ་རེར་གཟིགས་ནས་དེ་ལྟར་གསུངས་བྱུང་།   ང་རང་གི་སེམས་ལ་མི་འདོད་པ་བརྒྱ་ཡིས་གང་ཡང་ཡིན་པའི་ཁུལ་བྱས་ནས་ཨ་མའི་ཟུར་དུ་བསྡད་དེ་དཔེ་ཆའི་ཁ་སླར་ཡང་ཕྱེ་འགོ་བརྩམ་པ་ཡིན།   དཔེ་ཆའི་ནང་དོན་ལ་མགོ་འཁོར་ནས་དུས་ཚོད་ག་ཚད་ཕྱིན་སོང་བ་ནི་མ་ཤེས་མོད་མགོ་བོ་བཀྱག་ནས་གནམ་ལ་ལྟ་དུས་ཉི་མ་གཞུང་ལ་བསླེབས་གྲབས་འདུག  འོན་ཀྱང་བྱེའུ་སྐད་མི་དགོས་འབུ་སྐད་ཞིག་ཀྱང་ཚོར་རྒྱུ་མི་འདུག   ང་རང་གིས་ཨ་མའི་ཕྱོགས་སུ་མིག་ཟུར་གྱིས་ལྟ་ཚེ་སྙིང་རྗེ་བའི་མ་ཡུམ་ཁོང་གིས་ལག་པའི་ཕྲེང་བ་དེད་མཚམས་དང་ལག་འཁོར་བསྐོར་མཚམས་བཞག་སྟེ་འགུལ་ཙམ་ཡང་བྱེད་མི་ཕོད་པར་ཁུ་སིམ་མེར་སྔ་དྲོར་བྱེའུ་སྐད་གྲག་སའི་ཕྱོགས་སུ་ཚོར་ནུས་ཞན་པའི་སྙན་གྱི་དར་ལུང་བསྲིངས་ནས་གསོན་གྱི་འདུག  ཁོང་གི་སྤྱན་ཟུང་ལས་ལྷག་བསམ་གསེར་མདངས་རིང་པོའི་འོད་རིས་ཤིག་གིས་ཡོངས་སུ་བསྐོར་ནས་བྱམས་བརྩེའི་དྲོད་རླངས་ལྷོག་ལྷོག་ཏུ་འཐུལ་བཞིན་མཆིས།  བརྗོད་དཀའ་བའི་བརྩེ་དུང་གི་རླབས་ཕྲེང་ཞིག་ཁོ་བོའི་གངས་དཀར་སེམས་མཁའ་རུ་འཕྱོ་བ་དང་དུས་མཚུངས་སུ་ཁྲ་ཆུང་མིག་རིལ་མཆི་མས་བརླན་པར་གྱུར།  ང་རང་དལ་བ་དལ་པོར་ཁྱིམ་དུ་སོང་ནས་སྲུབས་ཇ་ཞིམ་པོ་ཞིག་ཨ་མ་ལ་དྲངས་དགོས་སྙམ་པ་ལས་ཅི་ཡང་དྲན་རྒྱུ་མི་འདུག 
  • ལེ་ཚན་སྔོན་མ།:ཁམས་པར་ཕྱིར་མིག་ཅིག་བལྟས་པ།
  • ལེ་ཚན་རྗེས་མ།:མཇུག་མཐའི་ཐུག་འཕྲད