མཇུག་མཐའི་ཐུག་འཕྲད

འཇིགས་སྐྱོབས་སྒྲོལ་མས།        2011-05-17

སྟོན་ཟླ་བརྒྱད་པ་སླེབས་བྱུང་།ས་གཞི་ཡོངས་རྫོགས་གསེར་མདོག་གྱུར་བ་དང་།བསིལ་རླུང་ཞིག་དལ་བུར་ལྡང་ནས་ལྗོན་ཤིང་གི་ལོ་མ་ས་ལ་འཐོར་སོང་།ཞིང་ནང་གི་ལོ་ཏོག་གི་སྙེ་མ་ལྡེམ་ལྡེམ་བྱེད་བཞིན་འདུགདྲིན་ཆེན་ཕ་མ་གཉིས་ཀྱིས་དཀའ་ཚེགས་ལ་མི་འཛེམ་བར་ང་རང་སློབ་གྲྭར་བསྐྱལ།
     ང་རང་སློབ་གྲྭར་ཞུགས་ཏེ་ཟླ་གཉིས་ཙམ་འགོར་རྗེས་ཀྱི་ཉིན་ཞིག་ལ།ཨ་ཕ་ང་རང་བསུ་རུ་སླེབས་སོང་།ངའི་སེམས་སུ་ཁྱིམ་མི་ཞིག་ལ་ན་ཚ་བྱུང་བ་ཡིན་ནམ་སྙམ་ནས་ཐེ་ཚོམ་གྱིས་ཨ་ཕ་ལ་ཅི་བྱུང་བ་ཡིན་ཞེས་དྲིས་ཚེ།ཨ་ཕ་འབྲེལ་ཚུལ་གྱི་ངང་ནས་ད་མང་པོ་མ་བཤད་མགྱོགས་པོར་འཕྲུལ་རྟ་ལ་བཞོན་ཟེར།འཕྲུལ་རྟ་ལ་བཞོན་ནས་འགྲོ་བའི་ལམ་བར་དུ་ཨ་ཕས་ང་ལ་ཁ་ཡ་མི་བྱེད་ཅིང་མྱུར་མོར་ཕ་ཡུལ་ཕྱོགས་སུ་བསྐྱོད།ངེད་ཚང་གི་ཁྱིམ་དུ་སླེབས་ལ་ཉེ་དུས།ཨ་ཕས་འཕྲུལ་རྟའི་ཁ་ཕྱོགས་བསྒྱུར་ཏེ་སྨན་ཁང་གི་ཕྱོགས་སུ་བསྐྱོད་པ་དང་།ཡུད་་ཙམ་འགོར་རྗེས་སྨན་ཁང་གི་སྒོ་འགྲམ་དུ་སླེབས།ང་མྱུར་དུ་མར་བབས་ཏེ་སེམས་ལ་འཇིགས་སྐྲག་ཆེན་པོ་ཞིག་སྐྱེས་ཏེ་ཨ་ཕ་དང་མཉམ་དུ་སྨན་ཁང་དུ་འཛུལ།སྨན་ཁང་གི་ཁང་རྩེགས་གཉིས་པའི་སྒོ་རྟགས(B)ནང་དུ་འཛུལ་བ་ན།ཨ་མ་དང་ཨ་ཁུ་སོགས་ཀྱིས་དྲ་མའི་འགྲམ་གྱི་མལ་ཁྲིའི་སྟེང་དུ་ཉལ་ཡོད་པའི་མི་དེ་ལ་ཐོན་བྱུང་ཐོན་བྱུངཞེས་བཤད་བཞིན་དུ་ང་རང་མྱུར་མར་མལ་ཁྲིའི་གམ་དུ་ཁྲིད།མལ་ཁྲིའི་ཐོག་ཏུ་ཉལ་ཡོད་པ་དེ་་ནི་དབུ་སྐྲ་དུང་ལྟར་དཀར་ཞིང་གཉེར་མས་ཁེངས་པའི་ཞལ་གདོང་ཡོངས་སུ་སེར་པོར་གྱུར་བ་དང་།མིག་ཟུང་ལྐོག་ཏུ་ལྷུང་སོང་བའི་བདག་གི་ཨ་མེས་རེད།ངས་ཨ་མེས་ལ་ཁྱེད་ལ་ཅི་བྱུང་སོང་ཞེས་དྲིས་པར།ཨ་མེས་ལག་ཟུང་གཉིས་དལ་གྱིས་ངའི་ལག་པར་འཇུས་ནས་ཨ་མེས་གཅེས་ཕྲུགད་ནི་ང་རང་ལོ་ཚོད་མཐོ་བའི་རྐྱེན་གྱིས་ནད་ཡང་ལྕི་མོ་ཞིག་བྱུང་འདུག་པས་ཨ་མེས་ལུས་པོས་ལྕོག་རྒྱུ་མ་རེད་ཅེས་བཤད་པ་ན་ཨ་མེས་བཤད་མཚམས་བཞག་ཏེ་ཡུད་ཙམ་ལ་ངལ་གསོ་བྱས།ངའི་སྙིང་གི་འཕར་ཚད་ཇེ་མགྱོགས་དུ་གྱུར་ལ།མིག་མཐའ་ནས་མཆིལ་མས་བསྐོར་བའི་སྐབས་དེར་ཨ་ཕས་ང་ལ་མིག་ཞགས་ཞིག་འཕངས།དེ་ནི་ངུ་མི་རུང་ཅེས་བཤད་པ་དང་མཚུངས་བས་ངས་བཟོད་བསྲན་བྱས།ཨ་མེས་ཀྱིས་སླར་ཡང་གཅེས་ཕྲུག་ཁྱོད་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་སློབ་སྦྱོང་ལ་བརྩོན་པ་བྱོས།ཨ་མེས་ཁྱོད་ཀྱི་མ་འོངས་པར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་སྨོན་ལམ་འདེབས་རྒྱུ་ཡིན་ཞེས་བཤད་པ་དང་ལྷན་དུ་མི་ཟུང་གཉིས་དལ་གྱིས་བཙུམ་སོང་།ངའི་མིག་ཆུ་དབང་མེད་དུ་བཞུར་ཏེ་ཨ་མེས་ཞེས་ཐེངས་ཅི་ཙམ་བོས་ཀྱང་ཨ་མེས་ཕྱིར་སད་རྒྱུ་གཏན་ནས་མ་བྱུང་།ངའི་དམར་ཆུང་སེམས་པ་ཆུ་བཤེར་གྱི་བརླན་ནས་ངུ་འབོད་བྱས་པས་ཁང་ཆུང་དེ་ངུ་སྒྲས་ཁེངས་སོང་།ཨ་ཕས་དེ་འདྲ་མ་བྱེད་ངུ་ནས་ཅི་ཡང་ཕན་མི་ཐོགས།ཁྱོད་ཀྱིས་ཨ་མེས་ཆེད་དུ་ཆོས་བསྒྲུབ་ན་འགྲིག་ཟེར།
     ང་རང་ཆུང་དུས་ཨ་མེས་ཀྱིས་རྒྱབ་ཏུ་ཁུར་ནས་རྩྭ་ཐང་དུ་རྩེ་རུ་འགྲོ་བཞིན་པ་ཡིད་ལ་ཡང་ཡང་འཆརབ་དང་།རང་ལ་ཁོམ་པ་ཅུང་ཙམ་བྱུང་ཚེ་ངེད་ཚང་གི་མཆོད་ཁང་དུ་སོང་ནས་མཆོད་མེ་བསྒྲོན་ཏེ་ཨ་མེས་ཆེད་དུ་ཡིག་དྲུག་ངག་ལ་གྱེར་བཞིན་ཡོད།དུས་དེ་ནས་བཟུང་ང་རང་དྲིན་ཆེན་གྱི་ཨ་མེས་དང་མཇལ་ཐབས་བྲལ་ལ།ནམ་ཡང་ཨ་མེས་ཀྱི་འཛུམ་མདངས་དང་གཟུགས་བརྙན་མཐོང་མི་ཐུབ།ཨ་མེས་ལགས།འཇིག་རྟེན་ནས་མཇལ་ཐབས་མེད་ན་ཡང་།དོ་དགོང་གི་ལྷིང་འཇགས་ཀྱི་རྨི་ལམ་ནས་འཇལཐུབ་པར་སྨོན་འདུན་ཞུས།
  • ལེ་ཚན་སྔོན་མ།:བྱེའུ་སྐད་ཉན་པ།
  • ལེ་ཚན་རྗེས་མ།: ང་ནི་ལྗང་མདོག་གི་ལོ་མ་ཞིག་བྱས་ན་འདོད།