ང་ནི་ལྗང་མདོག་གི་ལོ་མ་ཞིག་བྱས་ན་འདོད།

སྐལ་བཟང་དོན་གྲུབ་ཀྱིས།        2011-05-17

ང་ནི་ནམ་ཡང་ལྗང་མདོག་གི་ལོ་མ་ལ་དུངས་ཤིང་སྔོ་ལྗང་གི་གཡུ་ལོ་ཞིག་བྱས་ན་འདོད།
     གནམ་སྔོན་པོའི་འོག་ཏུ་སྔོ་ལྗང་གི་སྐྱེ་དངོས་གྲངས་ལས་འདས་པ་ཞིག་མཆིས་ཀྱང་།གསེར་མདོག་གི་ཉི་མས་དྲོད་ཀྱིས་བསྐྱངས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལོ་མ་ནི་ལྗིད་ཏིག་ཏིག་གི་འབྲས་བུ་མངར་མོའི་འདེགས་རྟེན་རེད།གལ་ཏེ་འཇིག་རྟེན་འདི་ན་ལྗང་མདོག་གི་ལོ་མ་མེད་ན།ཕ་གཞིས་དྲོན་མོ་འདི་ཡང་སྐྱ་ཐིང་ཐིང་གི་མྱ་ངམ་ཐང་དུ་འགྱུར་ངེས།
     ལྗང་མདོག་གི་ལོ་མ་ནི་འབྲས་བུ་ཅི་རིགས་ཀྱི་འབྱུང་རྐྱེན་ཡིན་པས།ལོ་མར་སྐྱེ་སྟོབས་མེད་ན་རྩ་བར་གསོན་ཤུགས་དང་བྲལ་བས་ཞིམ་མངར་གྱི་འབྲས་བུ་ཇི་ལྟར་སྨིན།ལོ་མ་ལགས།ཁྱེད་ཀྱིས་ཕུན་སུམ་ཚོགས་པའི་འབྲས་བུ་དེའི་ཆེད་དུ་རང་ཉིད་ཡོད་ཚད་ཕངས་མེད་དུ་ཕུལ།
     གསོན་ཤུགས་རྒྱས་པའི་ལོ་མ་ཞིག་ལས་རེ་བ་ཁྲི་ཕྲག་གི་ཕུགས་གཞི་མངོན་ཐུབ་ལ།འབྲས་བུ་སྟོང་གི་འཛུམ་མདངས་ལས་ལོ་མ་རེ་རེའི་བྱས་འབྲས་ཤེས་ཐུབ།
     ལོ་མ་ལགས།ཁྱེད་ཡོད་པས་འཇིག་རྟེན་ལ་གསོན་ཤུགས་རྒྱས་པར་མ་ཟད།མེ་ཏོག་ལ་མཚར་སྡུག་ལྡན་ཞིང་འབྲས་བུ་ལ་བཅུད་ཀྱིས་གཏམས།
     ལོ་མ་ལགས།ཁྱེད་ནི་ཚེ་སྲོག་གི་ཕོ་ཉ་ཡིན་ལ་འཇིག་རྟེན་འདིའི་རེ་བའང་རེད།ཁྱེད་ཀྱིས་གོ་ལ་ཟླུམ་པོའི་ཁྱོན་འདི་ལྗང་མདོག་གི་འཇིག་རྟེན་ཞིག་ཏུ་བསྒྱུར་ནས་ས་གཞི་སྔོ་ལྗང་ལྗང་དང་འབྲས་བུ་ལྗིག་ཏིག་ཏིག་ཅིག་བྱེད་པར་འབད་བཞིན་འདུག
     དེ་བས།ང་ནི་ལྗང་མདོག་གི་ལོ་མ་ལ་དུངས་ཤིང་དེ་ཡི་གཤིས་རྒྱུད་འཛིན་པའི་དགེ་རྒན་ལ་དེ་བས་ཀྱང་དགའ་འོ།
  • ལེ་ཚན་སྔོན་མ།:མཇུག་མཐའི་ཐུག་འཕྲད
  • ལེ་ཚན་རྗེས་མ།:ང་ཚོའི་འོས་འགན།