བྱེའུ་སྐད་ཉན་པ།

སྐལ་བཟང་ཐུབ་བསྟན་གྱིས།        2011-05-16

རྒྱ་ཟླ་བཞི་པའི་མར་ངོ་བོད་ཟླ་གསུམ་པའི་ཟླ་གཞུང་གི་ཉིན་ཞིག་གི་སྔ་དྲོར།  གསེར་ཉི་མ་གཞོན་ནུ་དྲོ་འཇམ་ལེར་གླིང་བཞི་བུ་མོའི་སེམས་རྟེན་དུ་ཤར་རིའི་རྩེ་ནས་འཛུམ་བྱུང་།  ནམ་རྒྱུན་ལྟར་ཁོ་བོའི་བྱམས་བརྩེའི་འཛུམ་མདངས་ནམ་ཡང་བྱིན་ཆགས་ཀྱི་ཞལ་རས་སྨུག་པོར་མི་ཡལ་བའི་དྲིན་ལྡན་གྱི་མ་ཡུམ་ཕྱག་གཡོན་དུ་ཤེལ་དཀར་གྱི་ཕྲེང་བ་འཛིན་ཞིང་ཕྱག་གཡས་སུ་ཟངས་ལས་བྱས་པའི་ལག་འཁོར་སྟབས་བདེ་མ་དེ་ཁྱེར་ནས་སྒོ་ར་ནང་དུ་མ་ཎི་འདོན་ཞོར་ཉི་མ་ལྡེ་རུ་ཕྱིན་སོང་།  ཁོ་བོས་གླིང་སྒྲུང་ལྷ་གླིང་གབ་ཙེ་དགུ་སྐོར་གྱི་ཡིག་ཁ་ཕྱེས་ནས་ལྡེབ་གྲངས་ཁ་ཤས་ལས་ལྟ་ཁོམ་མ་བྱུང་བར་གློ་བུར་དུ་བུ་ལོ་ལོ།  མགྱོགས་པར་ཕྱིར་རྒྱུག་ཤོག   ཕྱིར་རྒྱུག་ཤོག་ཅེས་ཨ་མས་ང་འབོད་པའི་སྐད་སྒྲ་ཚོར་བྱུང་།  ཨ་ཙི་སྐུ་དལ་ལེ་གླང་ཆེན་འགྱིང་འགྲོས།  གསུང་དལ་ལེ་ཆུ་ཆེན་ཀླུང་སྒྲ།  ཐུགས་དལ་ལེ་དཔྱིད་ཀའི་ཉི་མ་འདྲ་བའི་ཨ་མས་ད་ནངས་ར་རྒན་འབའ་འབའ།  ཁྱི་རྒན་ཟུག་ཟུག་བྱས་ནས་ང་འབོད་དོན་ཅི་ཡིན་ནམ།   དུས་རྒྱུན་ཁྲག་ཤེད་མཐོ་མོ་ཡིན་པའི་ཨ་མ་ཁོང་མགོ་ཡུ་འདྲ་འཁོར་བ་མིན་ནམ་སྙམ་ཏེ་ཨོ་ལགས་ཨོ་ལགས།  ཟེར་ཞོར་དཔེ་ཆ་ཡང་བཞག་ལོང་མ་བྱུང་བར་བྱ་འཕུར་བ་ལྟར་སྒོ་རའི་ཕྱོགས་ཀྱི་ཨ་མའི་གམ་དུ་རྒྱུག་ནས་ཨ་མ་ལགས།  ཅི་བྱུང་སོང་།  ཅི་བྱུང་སོང་ཞེས་དྲིས་ཞོར་ཨ་མའི་མགོ་ནས་མཇུག་བར་ཞིབ་ལྟ་ཞིག་བྱས་ཏེ་སྐྱོན་འདྲ་ཤོར་ཨེ་འདུག་བལྟས་པ་ཡིན།  ཨ་མས་ཨ་ཁ་བུ་ཁྱོད་ཅུང་ཟད་ཕྱིས་སོང་།  ད་བྱེའུ་གྲག་གི་མི་འདུག་ཅེས་ཡིད་བྱམས་པོ་དང་བློ་ཕམ་པོའི་ངང་ནས་དེ་ལྟར་བཤད།  ཨོ།  དེ་ནས་སྙིང་ཁར་མནན་པའི་རྡོ་ཕ་བོང་དེ་མར་ལྷུང་པ་ལྟར་སོང་ཞིང་སྙིང་གི་འཕར་ཚད་ཀྱང་ཇེ་ཉུང་དུ་ཕྱིན་ནས་དབུགས་ཁ་ཡོངས་སུ་ལྷོད་ནས་ཞིབ་ཏུ་དྲིས་པའི་ཚེ།  མ་གཞི་ད་ནང་སྔ་དྲོར་ཨ་མ་སྒོ་རའི་འདུག་སྟེགས་སུ་བསྡད་དེ་མ་ཎི་ཕྲེང་སྐོར་གཅིག་ཚར་བ་དང་བྱེའུ་ཡང་ཏག་ཏག་གྲག་བྱུང་བས་རྟེན་འབྲེལ་ཧ་ཅང་བཟང་པོ་བརྩིས་ནས་རང་གི་བུ་ལ་ཡང་བྱེའུ་སྐད་ཚོར་དུ་འཇུག་བསམ་ནས་ང་རང་བོས་པ་ཡིན་འདུག
རང་རེའི་བོད་རིགས་ས་ཁུལ་མང་པོ་རུ་ལོ་གཅིག་གི་བྱེའུ་ཐི་བ་དང་བྱ་ཁུ་བྱུག་གྲག་ཡོང་བའི་ཚེ་ཚོར་ཐེངས་དང་པོའི་དུས་སུ་རང་གི་བྱ་བ་ཅི་ཞིག་བསྒྲུབ་པ་དང་ཏག་ཏག་འཁེལ་ཚེ་རྟེན་འབྲེལ་གྱི་ལ་ཉེ་མང་པོ་ཞིག་བརྩི་སྲོལ་ཡོད་པ་རེད།   བྱེའུ་ཐི་བ་ནི་སྦོ་དཀར་ལ་རྒྱབ་སྨྱུག་ཁྲ་ཅན་མཇུག་སྒྲོ་ཅུང་རིང་བ་ཆེ་ཆུང་ཧ་ལམ་ཁང་བྱེའུ་མཆིལ་པའི་ལྡབ་གསུམ་ཙམ་ཡོད་ཅིང་བྱེའུ་འཇོལ་མོ་ལས་ཅུང་ཟད་ཆུང་ལ།  སྐད་སྒྲ་གྲོག་གྲོག་ཅེས་སྒྲོག་པའི་བྱེའུ་ཞིག་ཡིན་པ་དང་།   དགོན་གཡོལ་བྱས་ནས་ས་གཞི་དྲོད་གཤེར་འབར་བའི་སྐབས་སུ་གཞི་ནས་ཕྱི་རོལ་དུ་འཕུར་ཡོང་བ་འདོད་པ་རེད།   དམངས་ཁྲོད་དུ་དགའ་སྐྱིད་འཛོམས་དུས་དང་ཆོས་བསྒྲུབ་དུས་ཟས་ཟ་སྐྱིད་ཉལ་བྱེད་པའི་དུས་སུ་བྱེའུ་སྐད་ཐོག་མ་ཚོར་ན་གྲོག་རག་གྲོག་རག  མཆོད་མཆོད་བྱེའུ་བཟང་བྱེའུ་བཟང་།   ང་ད་ལོ་ཡང་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་ངེས་རེད་ཅེས་སྨོན་ལམ་འདེབས་ནས་གཏོང་རག་བྱེད་སྲོལ་ཡོད།   གལ་ཏེ་སྡུག་བསྔལ་མྱོང་དུས་དང་གཅིན་སྐྱག་གཏོང་བའི་དུས།  ཁོང་ཁྲོ་ཞེ་སྡང་གི་བྱ་བ་འཕྲད་པའི་ཚེ་བྱེའུ་སྐད་ཐོག་མར་ཚོར་བ་ཡིན་ན་ཨོ་་ཕོ་ཕོ།  བྱེའུ་ངན་ནོ་བྱེའུ་ངན་ནོ།  ད་ལོ་ནད་ན་ཚ་དང་རྐྱེན་བར་ཆད་ཡོད་ཐག་ཆོད་རེད་ཅེས་བྱེའུ་ལ་མཆིལ་མ་ཕོས་ནས་སྨད་ར་བྱེད་ཀྱི་ཡོད་པ་མ་ཚད་མོ་བཏབ་རྩིས་རྒྱག་བྱས་ནས་རིམ་གྲོ་སྒྲུབ་ཀྱི་ཡོད་པ་རེད།   ཡང་བྱེའུ་དང་པོ་མཐོང་དུས་སྦོ་རིག་ན་ཟས་ནོར་འཛོམས་པ་དང་རྒྱབ་མཐོང་ན་ཤི་ཆད་ཡོང་བ་དང་།   གཡས་ཟུར་གཡོན་ཟུར་མཐོང་ན་བྱད་ཁ་ཕུར་ཁ་ཡོང་བ་བཅས་ཀྱི་བཤད་སྲོལ་ཡོད་པ་རེད།   འདི་ལ་བདེན་པའི་ཁུངས་དང་ལུང་རིགས་ཚད་མས་དཔྱད་བཟོད་པ་ནི་གང་ཡང་མ་མཆིས་མོད། 

  • ལེ་ཚན་སྔོན་མ།:ཁམས་པར་ཕྱིར་མིག་ཅིག་བལྟས་པ།
  • ལེ་ཚན་རྗེས་མ།:མཇུག་མཐའི་ཐུག་འཕྲད