ནང་མ་ཁང་དང་སློབ་གྲྭ་ཆེན་མོ་བ།(3)

མེ་ལྕེ།        2010-10-19


ནི་རང་ཉིད་བོད་རིགས་ཡིན་པ་བརྗེད་མི་ཉན་པ་དང་ཟ་མ་རྩམ་པ་ཡིན་པ་བརྗེད་མི་ཉན་པ།ཁོ་ཏོན་མ་ཎི་ཡིན་པ་བརྗེད་མི་ཉན་པ་བཅས་ཡིན་ཞེས་སྨྲ་བཞིན་ཡོད་སྐད།བལྟས་ཚོད་ལ་བླང་བྱ་འདི་མི་རིགས་ལ་སེམས་ཁོང་ནས་དགའ་ཞེན་ཆེ་བའི་ལེགས་བཤད་ལྟ་བུར་སྣང་ཡང་།དོན་དུ་གླེན་བཤད་འབའ་ཞིག་རེད།འདི་ནི་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་སློབ་ཆེན་ལ་འདོན་རྒྱུའི་བླང་བྱ་མ་ཡིན་པར།ཕ་ཡུལ་གྱི་ལོ་ལོན་རྒན་རྒོན་གྱིས་བྱིས་པ་རྣམས་ལ་འདོན་རྒྱུའི་བླང་བྱ་ཞིག་རེད།ཡང་གཅིག་བཤད་ན་བླང་བྱ་འདིའི་ཤུགས་བསྟན་དུ་རིག་གནས་གཞན་དག་དང་དཔལ་ཡོན་གཞན་དག་ཕྱིར་འབུད་བྱེད་པའི་རང་ལྟ་མཆོག་འཛིན་གྱི་ལྟ་བ་ཞིག་ཀྱང་མངོན་ཡོང་གི་འདུག གལ་ཏེ“བརྗེད་མི་ཉན་པ་གསུམ”གྱི་བླང་བྱ་འདོན་མཁན་གྱི་དགེ་རྒན་ཁོ་རང་བོད་རིགས་ཀྱི་བཟོ་རྩལ་དང་བོད་རིགས་ཀྱི་མཛེས་ཆོས་ཀྱིས་སྤྶས་པའི་ནང་མ་ཁང་དུ་ཡོང་སྟེ།མ་ཎི་ཡིག་དྲུག་གླུ་དབྱངས་སུ་ལེན་བཞིན་པའི་འཁྲབ་སྟོན་ལ་གཟིགས།ཁོ་བོ་ནི་ཁམས་པ་དང་ཁྱོད་རང་ནི་བོད་པ་རེད་ཟེར་བའི་དྲེགས་ཉམས་དེ་མཐོང་།ཆང་ཁ་ནས་མི་རིགས་ཀྱི་ལ་རྒྱ་བཤད་དེ་ཁུ་ཚར་བསྒྲེངས།ཨམ་གཙིགས་བསྡམས།བཟི་དྭགས་རྗེས་མི་རིགས་ཀྱི་དུངས་ཞེན་ནམ་མཁའི་འཇའ་ལྟར་ཡལ་ཅིང་བྱ་ལྟར་འཕུར་བའི་རྣམ་པ་འདི་དག་མཐོང་ཚེ་ཁོང་གི་དྲན་པའི་མེ་ལོང་ངོས་སུ་ཅི་ཞིག་འཆར་རམ།དེ་བས་ངས་བལྟས་ན་མི་རིགས་ལ་དགའ་ཞེན་ཡོད་མེད་དེ་ཕྱིའི་རྣམ་པའི་གོམས་སྲོལ་དང་ཟས་རིགས་ཀྱི་ཁྱད་ཆོས།ཞལ་འདོན་ཆོ་ག་ཙམ་གྱི་སྟེང་ནས་དབྱེ་རྒྱུ་མིན་པར་གཙོ་བོར་ཀུན་གཞི(བག་ཆགས)ཡི་སྟེང་ལ་འཇོག་རྒྱུ་ཞིག་རེད།ཁ་སྐད་ཀྱིས་བཤད་ན་མི་རིགས་ཞེས་པ་དེ་རུས་པའི་གཏིང་ལ་ཟུག་དགོས་པ་དང་རྩའི་སྦུབས་ལམ་ནས་རྒྱུ་དགོས་པ་ཞིག་ཡིན་པར་འདོད།རང་རེའི་སློབ་གྲྭ་ཆེན་མོའི་སློབ་གསོ་ཡི་ནོར་འཛོལ་ཡང་འདི་ན་འདུག་སྟེ།དགེ་རྒན་ཆེན་མོ་རྣམས་ཀྱིས་རྣམ་གྲངས་ཅན་གྱི“གདམས་ངག་”དང་“ལེགས་བཤད་”ཀྱི་ཤེས་བྱ་རྐྱང་པ་སྩོལ་བ་ལས།བསམ་གཞིག་གི་སྒོ་མོ་ཕྱེ་ནས་བསམ་བློའི་མཀའ་དབྱིངས་སུ་རང་དབང་གིས་ལྡིང་སྐོར་རྒྱག་པའི་ནུས་པ་དང་།འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་གྱི་ཉིང་བཅུད་དམ་གསུང་རྩོམ་གྲགས་ཆེན་དག་ལ་མཇལ་བའི་སྐལ་པ་སྦྱིན་གྱི་མེད་པས་ན།འུ་ཅག་གི་མི་རིགས་སློབ་གྲྭ་ཆེན་མོ་དག་ཏུ་ཤེས་ཡོན་ཅན་དང་འཇོན་ཐང་ཅན་ཤིན་ཏུ་འབྱོན་དཀའ་བའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད་པར་སྙམ།ཀྭ་ཡེ།སློབ་ཆེན་པ་རྣམས་ལགས།ཁྱེད་ཅག་གིས་དགེ་རྒན་ཆེན་མོ་རྣམས་ཀྱི“མཚང་”རྟོགས་རྗེས་སློབ་ཡོན་འབོར་ཆེན་སྤྲད་པར་ཕངས་སེམས་སྐྱེ་མི་ཡོང་ངམ།དེ་ཡང་ཀུ་རེ་ཡིན་མོད།འོན་ཀྱང་ཀུ་རེ་དེའི་རྒྱབ་ན་དངོས་ཡོད་ཀྱི་གནད་དོན་ཞིག་གླེང་བ་དང་བདེན་པའི་ལམ་ཞིག་འཚོལ་གྱིན་ཡོད་པས་ན།བསམ་གཞིགས་ལ་གོམས་པའི་ཀློག་པ་པོ་རྣམས་ཀྱིས་སློབ་ཆེན་གྱི་སློབ་གསོའི་འཇིགས་ཉེན་ཐད་ལ་མནོ་བསམ་གཏོང་བར་འཚལ།།
  • ལེ་ཚན་སྔོན་མ།:བོད་ ཀྱི་ ཨ་ མ་ ཚོའི་ ལས་ དབང༌།
  • ལེ་ཚན་རྗེས་མ།:གངས་ལྗོངས་གཞོན་ནུ་གསར་བ།