དུངས་སེམས་ཀྱི་མིག་ཆུ་བཞི་ཤད་མ།(2)
ཆོསབཞིན། (ཏྲེ་ཧོར།) 2011-03-31
༤
ཁྱོད་རང་། འཕུར་བསྐྱོད་ཐེངས་ཤིག་གམ། ཡང་ན་མིག་ཟུང་བཙུམ་རྡེབ་ཙམ་གྱི་དུས་ཡུན་བརྒྱུད་དེ་ཉོའུ་ཡོག་གྲོང་ཁྱེར་གྱི་མཛེས་སྡུག་རྣམས། སོམ་ཉི་དང་དོགས་སྣང་མེད་པར་སྙིང་སྟོབས་ཀྱིས་རྔམ་ཟ་བྱེད་འགོ་ཚུགས་སོང་། དྲང་མོ་བཤད་ན། འུ་གཉིས་འབྲེལ་གཏུག་བྱེད་པའི་བརྡ་རྟགས་ན་ཨང་གྲངས་ཐིག་དང་གཅིག་མ་གཏོགས་མེད་མོད། ཨང་གྲངས་དེ་གཉིས་པོ་དེ་ངས་ནམ་རྒྱུན་ཁྱོད་ང་ལ་མེད་ཐབས་མེད་ཅེས་པའི་དོན་ལ་རྨོངས་དད་བྱེད་ཀྱིན་ཡོད། དེའི་རྐྱེན་པས། ང་རང་དེའུ་འབུར་ཞིག་གི་མགོ་ཐོག་ནས་ལངས་ཏེ་ནམ་རྒྱུན་ལྟར་ཁྱོད་ལ་ཁ་པར་གཏོང་རྩིས་བྱེད་དུས། མ་བགྲོས་རང་མཐུན་གྱིས་ཁྱོད་ཀྱི་ཁ་པར་ཨང་གྲངས་ཏག་ཏག་ངའི་ཁ་པར་གྱི་འཆར་ཆས་བརྒྱུད་ནས། རོལ་དབྱངས་གཉོམ་པོ་ཞིག་དང་ལྷན་དུ་ཨུ་ཚུགས་ཀྱིས་ཤར་བྱུང་། འུ་གཉིས་ལ་བགོས་པའི་ཉིན་མཚན་དུས་མི་གཅིག་ཀྱང་། འུ་གཉིས་ལ་ཐོབ་པའི་མཛེས་སྡུག་གི་དུས་ཚོད་ནམ་ཡང་དྲང་ཐིག་གཅིག་གི་ཕྱོགས་གཉིས་ན་ཁ་གཏད་དུ་ལངས་ཡོད། དེ་བས་སྙིང་ཚིམ་པའི་བགྲོ་གླེང་ཞིག་གི་མཇུག་བྱང་ན། ཆེས་ཡིད་དུ་འོང་བའི་སྙིང་གཏམ་ཞིག་གིས་བདེ་མོས་འཇོག་གྲབས་ཡོད་ཀྱང་། ང་རང་སྐྱོ་སྡུག་གི་མིག་ཆུའི་ཁྲོད་ན་བདེ་འཇམ་གྱི་གཞུང་ལམ་ཡང་མི་མཐོང་བར་ངལ་དུབ་ཀྱིས་ལམ་ལ་ཆས་ཀྱིན་ཡོད་ཟེར། སྐད་ཆ་དེ་འུ་གཉིས་ལྷན་འཛོམས་ཀྱི་ཉིན་དང་པོའི་ཕུག་རྡིག་ཡིན་པས་ངས་ཀྱང་ཤུགས་རིང་ཞིག་མི་འཐེན་ག་མེད་རེད། སྐྱོ་དབྱངས་འགྱུར་ཁུག་དེ་དང་འགྲོགས་པའི་ཁྱོད་ཀྱི་གཉོམ་དུང་དུང་གི་སྐད་ཆ་འགའ། འགྱུར་མི་སྲིད་པའི་དན་རྟགས་ཀྱི་མིག་ཆུ་བཞི་པ་དང་ལྷན་དུ་ཡིད་འོང་གི་མཁུར་འགྲམ་བརྒྱུད་དེ་ཞི་བདེ་རྒྱ་མཚོའི་རུམ་ཁ་རུ་ལྷུང་།
མཇུག་གི་གཏམ།
རི་ཆུ་སྟོང་ཕྲག་གི་ཕ་རོལ་ན་ཁྱོད་ཀྱི་སེམས་འདུན་གྱི་བདེན་པ་དང་ཡིད་འོང་གི་ལང་ཚོ་ཡོད། ལྷ་མཛེས་མ། རི་ཆུ་སྟོང་ཕྲག་གི་ཕ་རོལ་ན་ཁྱོད་ཀྱི་སེམས་འདུན་གྱི་བདེན་པ་དང་ཡིད་འོང་གི་ལང་ཚོ་ཡོད། ལྷ་མཛེས་མ། འུ་གཉིས་སའི་གོ་ལའི་གཡས་གཡོན་ནས་ལངས་ཏེ། ཉི་མ་དང་ཟླ་བ་གཉིས་རེས་མོས་ལོངས་སུ་སྤྱོད་ཀྱིན་གཟུགས་མེད་ཀྱི་རླབས་བརྒྱུད་ནས་ཡིད་ཚིམ་པའི་ཁ་བརྡ་བྱེད་བཞིན་ཡོད། ངས་བསམ་ན། ཁ་བརྡ་འདི་དག་ནི་སྤྱིར་བཏང་གི་ཁ་བརྡ་ཞིག་གང་ནས་ཡིན། ངེད་ཚང་གི་མ་འོངས་པར་བསམ་པའི་སེམས་དྲོན་མོའི་ཁ་བརྡ་རེ་རེ་ལོས་ཡིན།
ཡང་གཅིག་བཤད་ན། དུངས་སེམས་དང་དྲང་བདེན་ནི་ཁྱོད་དང་འུ་གཉིས་ཁོ་ནར་དབང་བ་ཡིན་རུང་། ཞི་བདེ་དང་ལྷིང་འཇགས་ནི་འགྲོ་བ་སྤྱི་ཐོག་ཏུ་ཡོད་དགོས་པའི་གཞུང་དངོས་རེད། དེ་བས་མིག་ཆུའི་ཐིགས་པ་རེ་རེའི་ནང་ན་ཁྱོད་དང་འུ་གཉིས་ཀྱི་བརྩེ་སེམས་ཡོད་ལ། འགྲོ་བའི་བདེ་སྡུག་ཀྱང་རང་ཤུགས་ཀྱིས་གསོན་ཡོད། ལྷ་མཛེས་མ། སྙན་ངག་འདི་ཁྱོད་ཀྱི་ཆེད་དུ་བཞེངས་པ་ཡིན་ལ། ང་རང་ཉིད་ཀྱི་ཆེད་དུའང་ཡིན།