ཀྭ་ཡེ། བདག་གི་ཁྱོད་ལ་ཇི་སྲིད་བར་དུ་མིག་ཆུ་མང་པོའི་སྙན་ངག་འབྲི།
མི་ཚེའི་སྲང་ལམ་ནས་མནར་གཅོད་དང་མེད་མུག་གི་སྡུག་ཡུས་བཞུར་དུས། ཁོར་ཡུག་གི་སྡོང་ལོ་འཐུ་བའི་བསིལ་རླུང་འཁྱམ་པོ་དེ་ཁྱོད་ཀྱིས་དང་ལེན་མཛད་པའི་ཕོ་ཉ་ཨེ་ཡིན། ཞོགས་པའི་ཉི་གཞོན་དང་དགོང་ཁའི་མཚམས་སྤྲིན་འདི་ཡང་ཡིད་སེམས་ལ་དྲན་ཤིང་བསྐྱེད་པའི་དུས་སྐབས་ཤིག་རེད། འདབ་ཆགས། ཡང་བསྐྱར་ཐག་རིང་གི་གནམ་མཐར་འཕུར་སོང་། བརྩེ་ཞེན་གྱིས་སྦར་བའི་སྐྱོ་སྣང་གི་མཆོད་མེ་བྲང་ཁོག་ན་ལྷིང་འཇགས་སེར་བདག་གིས་དྲན་བྱུང་། ཁྱོད་ཀྱི་འཛུམ་བག་གི་གསང་ཚིག་དང་འཇོ་སྒེག་གི་ཉམས་འགྱུར་དྲན་བྱུང་། ཁྱོད་ཀྱི་སྐྲ་ནག་ལན་བུའམ་རྒྱུས་ཡོད་ཀྱི་དགོད་སྒྲ་དྲན་བྱུང་། དྲན་ཐེངས་རེ་རེར། བདག་གི་མིག་འབྲས་རང་ལ་དབང་བའི་འཇིག་རྟེན་འདིའི་གྲུ་ག་རུ་འགྲེང་སྟེ་ཁྱོད་ཀྱི་ཚུར་འོང་ལ་རྒྱང་ལྟ་ཡང་ཡང་བྱས། དྲན་ཐེངས་རེ་རེར། ང་རང་ཆེས་ཟབ་པའི་ཡིད་སེམས་ཀྱི་གཏིང་མཐར་འཛུལ་ཏེ་ཁྱོད་ཀྱི་ལས་དབང་ལ་མིག་ཆུ་གང་མང་གཏོར། དྲན་ཐེངས་རེ་རེར། ང་རང་སྐྱིད་སྡུག་གི་འཚོ་བའི་ངོགས་སུ་པུས་ཚུགས་སུ་བསྡད་དེ་ཁྱོད་ལ་ཉམ་ཐག་གི་སྙིམ་པ་ཡང་ཡང་བཟེད།
རྒྱུ་སྐར་གྱི་འོག་ཏུ། བདག་གིས་རང་ཉིད་ཀྱི་སྐྱོ་བའི་གྲིབ་གཟུགས་མོག་པོ་མཐོང་། ཁེར་རྐྱང་གི་དུས་སུ། བདག་གིས་རང་གི་ཁུ་སིམ་པའི་འཇིག་རྟེན་གྱི་ཕ་རོལ་ལ་ཉན། འགྲུལ་བཞུད་ཀྱི་ལམ་དུ། བདག་གིས་རང་གི་རྐང་པའི་འདེགས་འཇོག་གི་ཡང་ལྕི་ཚོར།
བརྩེ་དུངས་ཀྱི་མདུན་དུ། བདག་གིས་རང་གི་དམར་ཆུང་གི་སེམས་པ་མཐོང་བྱུང་། ཨ། དེ་ནི་ཇི་འདྲའི་ཉམ་ཐག་ཅིག ཇི་འདྲའི་སྙིང་རྗེ་ཞིག ཇི་འདྲའི་སླད་མེད་པའི་དྭངས་གཙང་ཞིག ཇི་འདྲའི……།
ཁྱོད་རང་ཡོད་པས་གཙང་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་ཅིང་ལྗོན་ཤིང་གི་ཡལ་གའང་སྔར་ལས་ལྗང་ལྡེམ་མེར་ཕྱོགས་ཕྱོགས་སུ་བརྐྱངས། ཁྱོད་རང་ཡོད་པས་ནམ་མཁའ་སྔོ་ཞིང་རྒྱ་ཆེ་ལ་ཉི་འོད་ཀྱང་ལམ་ལམ་འབར་བའི་མེ་ལྕེ་ལས་ཚ། ཁྱོད་རང་ཡོད་པས་འཇིག་རྟེན་ནི་ཇི་འདྲའི་སྤྱད་ན་རྫོགས་མཐའ་བྲལ་བའི་མཛེས་སྡུག་གི་ལོངས་སྤྱོད་ཅིག ཁྱོད་རང་ཡོད་པས་ན་ངས་ད་གཟོད་ཐོབ་ཤོར་དང་ཕམ་ཉེས་ཀྱི་བར་ཐག་ཚོར་ཞིང་སྐྱོ་གདུང་དང་དགོད་སྒྲའི་ཁ་དོག་མཐོང་། ཁྱོད་རང་ཡོད་པས་ན་ང་ལ་བསླུ་བྲིད་ཀྱི་སྐོམ་པ་སྔར་ལས་ཆེ་ཞིང་གནམ་འོག་འདིའི་སྙན་འཇེབས་ལྡན་པའི་གླུ་སྐད་ཡོད་ཚད་རང་ལ་དབང་སྲིད་སྙམ། གང་ལྟར་ཁྱོད་རང་ཡོད་ན། ང་ལ་ཅི་ཡང་དགོས་དོན་མེད། ཁྱོད་ཀྱི་བྱམས་བརྩེ་ནི་སྦྲང་ཆར་བསིལ་མ་ཇི་བཞིན་བདག་སེམས་ཀྱི་སྐྱེད་ཚལ་དུ་སིམ་སིམ་ངང་བབས་ཤིང་ས་གཞི་ཧྲིལ་པོ་བརླན་གྱིས་བཟུང་། ཁྱོད་ཀྱི་ལང་ཚོ་ཡང་འཕུར་གྱིན་པའི་བྱེའུ་ཞིག་དང་འདྲ་བར་བདག་གི་ཡུལ་ལྗོངས་ཀྱི་མཁའ་དབྱིངས་སུ་ཅི་དགར་བསྐྱོད། ནམ་ཞིག་གི་ཚེ་ན་ཁྱོད་རང་དགུང་གི་སྐར་མདའ་ཇི་བཞིན། མཚོ་ཁའི་སྨུག་སྤྲིན་ཇི་བཞིན། རྩྭ་མགོའི་ཟིལ་བ་ཇི་བཞིན། སྐད་ཅིག་ཏུ་མི་མངོན་པར་གྱུར་དུས་བདག་ལ་དྲན་གདུང་གི་རྨ་ཁ་རེ་འཇོག་རོགས། ཁྱོད་ལ་དུང་བའི་དབང་གིས། ངས་སྐྱེ་དངོས་སྣ་ཚོགས་ལས་ལྷོག་ལྷོག་འཕྱུར་བའི་བརྩེ་བ་བཏུས་ཤིང་དུས་ཚིགས་བཞི་པོ་ལས་རང་ཉིད་དགའ་བའི་སྟོན་ཁ་འདེམས།
ཁྱོད་ལ་དུང་བའི་དབང་གིས། ངས་བཅོས་མའི་གཡོ་སྒྱུ་མཐའ་དག་ལ་མཆིལ་ཞགས་བཏབ་ཅིང་མཛའ་བརྩེ་དང་དྲང་བདེན་གྱི་གླུ་དབྱངས་ཁ་ཤས་སྙིང་ཁར་སྦྱར།
ཁྱོད་ལ་དུང་བའི་དབང་གིས། ངས་འདས་ཟིན་པའི་ལོ་རྒྱུས་ཀྱི་རྐང་རྗེས་ཡོད་ཚད་སླར་ཡང་བཙལ་ཞིང་མ་འོངས་པའི་དུས་རབས་གསར་པའི་ཉི་གཞོན་ཡང་བསུ་བར་འདོད།
ཁྱོད་ལ་དུང་བའི་དབང་གིས།
ཀྱེ། སྒྱུ་རྩལ་དང་བརྩེ་དུང་གི་བདག་མོ། ང་ལ་མནར་གཅོད་དང་སྡུག་བསྔལ་མང་དུ་སྟེར་རོགས་མཛོད།