པཎ་ཆེན་རིན་པོ་ཆེའི་གསུང་བཤད།4

        2011-03-24

ངོ་མ་ཅི་ཞིག་རེད་ཟེར་ན།སྡིག་པའི་ལས་མི་བྱེད་རྒྱུ།དགེ་བའི་ལས་བྱེད་རྒྱུ།རང་གི་སེམས་མ་རུངས་པ་འདུལ་རྒྱུ།དེ་སངས་རྒྱས་ཀྱི་བསྟན་པ་རེད།སྐྱ་སེར་ཚང་མས་རང་རང་གིས་སྡིག་པའི་ལས་སྤོངས།དགེ་བའི་ལས་ཚང་མས་སྒྲུབས།དེ་ནས་རང་གི་མ་རུངས་པ་འདུལ་ནས་དེ་ཆོས་ལ་ཆོས་ངོ་མ་དེ་རེད།དེ་མ་གཏོགས་རང་རང་གི་ཁ་ཏོན་དགེ་སྦྱོར་ལ་སོགས་པ།རང་རང་གིས་ཅི་ཞིག་ལ་འབད་ཐུབ་པ་ཡོད་ན།ང་ཚོ་ཚང་མས་འབོད་ལ།རང་རང་གིས་ཐུབ་པའི་བསྟན་སྐྱོང་དེ་ཡང་དོན་འཁྱོལ་བཅའ་དགོས་ནི་རེད།ཕྱོགས་གཅིག་ནས།དེ་ནས་ཚང་མས་རང་རང་གི་ཕ་མ་རེད།དེ་ལ་བདག་བཟང་བོ་བྱོས།ཞབས་ཞུ་བཟང་བོ་བྱོས།གུས་ཞབས་བཟང་བོ་བྱོས།དེ་ཆོས་རེད།ལོ་ལོན་ཚོ་ལ་གུས་ཞབས་བྱོས།ལོ་ལོན་ཚོའི་ཁ་ཉོན་ལ།ཚང་མས་བཟང་བོ་བྱོས།རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལ་དེ་ཚང་མ་མགོ་མཇུག་བཟློག་པ་བྱུང་བ་རེད།སྤྱི་ཚོགས་ཀྱི་ཀུན་སྤྱོད་བཟང་བོ་དེ་ཚང་མ་མགོ་མཇུག་བཟློག་སོང་།དེ་དུས་ལོ་ལོན་གྲལ་མགོ་ན་འདུག་གི་ཡོད།ད་ལོ་ལོན་ཚོ་གྲལ་རྔ་ནས་འདུག་གི་ཡོད།དེ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རེད།དེ་ཚང་མ་མ་འགྲིག་ནི་རེད།མི་ཞིག་ཡིན་ན་མགོ་མཇུག་ཅུང་ཙམ་ཡོད་ན་བཟང་།མགོར་འདུག་དགོས་པ་མགོ་ནས་འདུག་གི་ཞོག མི་སུ་དང་སུ་ཡིན་ན་ཡང་།ད་ལྟ་རང་རང་ལོ་ཆུང་ཡིན་ན།ལོ་ཅུང་ཙམ་མི་འགོར་བར་རང་རང་ཡང་ལོ་ལོན་རྒྱུ་རེད།ལོ་ལོན་ན་བཟང་བོ་བྱེད་རྒྱུའི་གོམས་གཤིས་དེ་ཡོད་དགོས་པ་རེད།རྗེས་ནས་རང་རང་ལ་ཡང་དེ་ལོངས་སུ་སྤྱོད་རྒྱུ་ཡོང་རྒྱུ་རེད།རང་གི་ཕ་མ་ལ་གུས་ཞབས་བྱོས།ལོ་ལོན་ལ་གུས་ཞབས་བྱོས།དེ་ནས་གསར་བུ་ཚོ་ཡིན་ན་ཡང་ནང་ནས་གཅིག་གཅིག་ལ་མཐུན་པོ་བྱོས།རྡུང་རེས་རྒྱག་རྒྱུ་དེ་དཔའ་བོའི་བྱ་བ་མ་རེད།ཅུང་ཙམ་མ་འགྲིག་ན་གྲི་གཙགས་བྱེད་རྒྱུ།རྡུང་རེས་བྱེད་རྒྱུ་འདི་འདྲའི་གོམས་གཤིས་ངན་པ་ཡོད།དེ་འདྲ་མ་བྱེད།ཚང་མས་རྡུང་རེས་མ་རྒྱག རང་འདོད་ལྟར་མི་བསད་ན་རྒྱུ་མཚན་ཡོད་པ་མ་རེད།དེ་སྡིག་པའི་ལས་རེད།དེ་ཆོས་ལ་ཡང་མི་འགྲིག སུ་ལ་ཡང་མི་འགྲིག མི་གསོད་པ།རྐུ་བྱེད་པ།དེ་འདྲའི་བྱ་བ་མི་ལེགས་པ་མི་བྱེད་གལ།དེའི་དོན་ལ་རང་རང་གི་བྱིས་པ་ཚོ་ལ་གཅེས་དགོས་ནི་རེད།གཅེས་ན་གཅེས་ཚུལ་མང་བོ་ཡོད་ནི་རེད།ངས་བལྟས་ན་གཅེས་ཚུལ་མི་འདྲ་བོ།རང་རང་གི་བྱིས་པ་ཚོ་ལ་སློབ་སྦྱོང་བཟང་བོ་བྱེད་དུ་བཅུག་ནས།ལོ་ཆུང་དུས་ཡོན་ཏན་སྦྱོང་དུ་བཅུག་ནས་ཡི་གེ་སློབ་པར་ཆུགས།ང་ཚོ་མི་རིགས་ཆུང་བ་ལ་ཡོན་ཏན་མེད་པས་གྱོང་ཧ་ཅང་ཆེན་པོ་རེག་གི་ཡོད་ནི་རེད།རང་གི་མི་རིགས་རང་སྐྱོང་བཅོས་ཟེར་ནས་དབང་ཆ་བྱིན་པ་ན།རང་ལ་ཡོན་ཏན་མེད་ན།རང་གིས་རང་སྐྱོང་བྱེད་མི་ཐུབ་པར་འདུག དེའི་རྐྱེན་གྱིས།ཡི་གེ་ལ་ཡོན་ཏན་བཟང་བོ་སྦྱོངས།ཕ་མ་ཚོས་རང་རང་གི་བྱིས་པ་ཚོ་སློབ་གྲྭར་འགྲོ་རུ་ཆུགས།དང་པོ་ལ་བོད་ཡིག་སློབ་དགོས།བོད་ཡིན་ན་བོད་ཡིག་སློབ་དགོས།མི་རིགས་གཞན་པ་ལ་ཡི་གེ་ཡོད་ན་རང་རང་གི་ཡེ་གེ་སྦྱོངས།དེའི་རྗེས་ནས་རྒྱ་ཡིག་སྦྱང་དགོས།མི་རིགས་གཞན་པ་ལ་ཡི་གེ་ཡོད་ན་རང་རང་གི་ཡི་གེ་སྦྱོངས།དེའི་རྗེས་ནས་རྒྱ་ཡིག་སྦྱང་དགོས།དེ་ནི་ཚན་རིག་རེད།ཆབ་སྲིད་རེད།ལོ་རྒྱུས་རེད།དེ་དག་ལ་སོགས་པ་ཡོན་ཏན་གྱི་རིགས་རྣམ་པ་སྣ་ཚོགས་ཡོད།ཡོན་ཏན་ཚང་མ་སྦྱོངས།དེ་ལྟར་ཡོན་ཏན་ཡོད་ན།ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཡིན་ན་ཡང་བླང་དོར་གྱི་གནས་ཚང་མ་ཤེས་པ་ཡིན་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།དེ་ཚང་མས་སེམས་ལ་ཞོག དེ་ཡིན།ད་མདོར་གཅིག་ཏུ་བསྡུས་ནས་བཤད་ན།ཆོས་བྱེད་ཀྱི་མི་སྣ་ཚང་མས་རྒྱལ་ཁབ་ལ་ཤ་ཚ་དགོས།རྒྱལ་ཁབ་ལ་དགའ་དགོས།རང་གི་ཆོས་ལུགས་ལ་ཡང་དགའ་དགོས་ནི་རེད།ཆོས་བྱེད་མི་སྣ་ལ་དམ་བཅའ་གཉིས་ཡོད་ནི་རེད།རྒྱལ་གཅེས་ཀྱི་དམ་བཅའ་གཅིག རང་གི་ཆོས་ལ་གཅེས་པའི་དམ་བཅའ་དེ་གཉིས་རེད།དེ་ཚོ་ཚང་མས་མཉམ་ཞོག མདོར་ན་སྐྱ་སེར་ཕོ་མོ་ཚང་མས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་བྱེད་དགོས།གུང་ཁྲན་ཏང་གི་ཁ་ལ་ཉན་དགོས།ཏང་ལ་ཡིད་ཆེས་བྱེད་དགོས།མེས་རྒྱལ་ལ་དགའ་ཞེན་བྱེད་དགོས།ཐོན་སྐྱེད་བཟང་བོ་བྱོས།དེང་རབས་ཅན་བཞི་མངོན་འགྱུར་བྱེད་ཆེད་རང་རང་གི་ལེགས་སྐྱེས་འབུལ་དགོས་པ་དེ་རེད།འདི་ཚང་མ་ཁྱོད་ཚོ་ཚང་མས་སེམས་ལ་ཟུངས།ད་བར་དུ་རྨ་ལྷོ་ཁུལ་ལ་ཏང་གི་སྲིད་ཇུས་དོན་འཁྱོལ་བརྒྱབ་པ་བཟང་བོ་མ་རེད།དེང་ཕྱིན་ཆད་དོན་འཁྱོལ་བཟང་བོ་བྱེད་རྒྱུ་རེད།ཚང་མས་སེམས་བདེ་མོ་བྱོས།ཕྱིན་ཆད་ཀྱི་གནས་ཚུལ་ཇེ་བཟང་ཇེ་ལེགས་སུ་འགྲོ་རྒྱུ་མ་གཏོགས་ད་སྲིད་ཇུས་ལ་འགྱུར་བ་མེད།ཡང་རེ་གཉིས་ལོའི་དེ་འདྲ་བྱེད་ན།ལོ་འགའ་ཞིག་ལ་བཟང་ཡང་།ཡང་དེ་འདྲ་ཞིག་བྱས་ན་དོན་དག་ཅིག་མི་ཡོང་ངམ་མ་འདོད།དེ་འདྲ་མི་ཡོང་།སྐྲག་མི་དགོས།ཚང་མས་སེམས་བདེ་མོ་བྱོས།རང་རང་གི་ཐོན་སྐྱེད་བཟང་བོ་བྱོས།སློབ་སྦྱོང་བྱེད་མཁན་ཚང་མས་སློབ་སྦྱོང་བཟང་བོ་བྱོས།ཆོས་བྱེད་མཁན་ཚང་མས་རང་རང་གི་ཆོས་བཟང་བོ་བྱོས།ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་བཟང་བོ་བྱོས།ཏང་གི་ཁ་ལ་ཉོན་ལ་ཚང་མ་འགྲིག་མཐུན་བྱོས།ལས་བྱེད་པ་དང་མང་ཚོགས་ཡིན་ན་ཡང་འགྲིག་པོ་བྱོས།ལས་བྱེད་པ་ཡིན་ན་ཡང་མང་ཚོགས་ལ་གཅེས།མང་ཚོགས་ཡིན་ན་ཡང་ལས་བྱེད་པ་ལ་བརྩི་བཀུར་བྱོས།དེ་འདྲ་བྱས་ནས་ས་ཆ་ལ་བདེ་སྐྱིད་ལྡན་པ་ཞིག་བྱེད་རྒྱུ་ཚང་མས་སེམས་ལ་ཞོག་སྲིད་གཞུང་གིས་སྔོན་ནས་ཡིན་ན་ཡང་ཐུགས་ཁུར་ཆེན་པོ་བཞེས་ཀྱི་ཡོད།མཚོ་སྔོན་ཧྲིན་ཨུས་ཐུགས་ཁུར་ཆེན་པོ་གནང་གི་ཡོད།ཕྱིན་ཆད་གནས་ཚུལ་ཇེ་བཟང་ཇེ་ཡག་ལ་འགྲོ་རྒྱུ་རེད།ཚང་མས་སེམས་བདེ་མོ་བྱོས།ཁ་བརྡ་ན་གེ་ནོག་གེ གསར་བརྗེ་ངོ་ལོག་གི་སྒྲོག་གཏམ་འདྲ་བ་དེ་ལྟ་བུ་ལ་མ་ཉན།གཅིག་གཅིག་ལ་མི་འགྲིག་པའི་བྱ་བ་མ་བཅའ།ངས་བཤད་པ་དེ་ཡིན།དེ་ཁྱོད་ཚོ་ཚང་མས་སེམས་ལ་ཞོག དེ ་བྱོས།ད་ཐེངས་ངས་ཁྱོད་ཚོ་ཚང་མའི་ཕུང་བོ་བདེ་མོ་དང་།བདེ་སྐྱིད་ཡོང་བར་རྒྱལ་ཁབ་ཀྱི་ཆབ་སྲིད་སྟེང་ནས་བཤད་ན་སྨོན་ཚིག་ཡིན།ཆོས་ལུགས་ཀྱི་སྟེང་ནས་བཤད་ན།ངས་དཀོན་མཆོག་ལ་སྨོན་ལམ་རྒྱག་རྒྱུ་དེ་ཡིན།ངས་བཤད་ཚར་སོང་།
 
  • ལེ་ཚན་སྔོན་མ།:པཎ་ཆེན་རིན་པོ་ཆེའི་གསུང་བཤད།3
  • ལེ་ཚན་རྗེས་མ།:ངས་ཁྱོད་ལ་ཉམ་ཐག་པའི་སྙིམ་པ་ཡང་ཡང་བཟེད།