དུངས་སེམས་ཀྱི་མིག་ཆུ་བཞི་ཤད་མ།

ཆོསབཞིན། (ཏྲེ་ཧོར།)        2011-03-31

ས་ཆེན་པོའི་གོང་ཁ་ན་འགུལ་གྱིན་པའི་འོད་གོར་གོར་རྣམས། ཉིན་མཚན་གྱི་དབྱེ་བསལ་ལས་གྱེས་ཏེ་འདར་ལྡེམ་ལྡེམ་གྱི་དར་ཤིང་ལ།  ལྷིང་འཇགས་ཀྱི་དབུགས་དབྱུང་སྩོལ་ནུས་ན།   སྙིང་སྟོབས་ཀྱིས་བརྐོས་པའི་རྡོ་འབུམ་གསེབ་ཏུ་ཡོད་ཆོག་ཆོག་གི་རྣམ་ཤེས་གྲངས་མེད་ཅིག
ཡིག་དྲུག་གི་དབྱངས་རྟ་དང་འགྲོགས་ཏེ་བདེ་ལྡན་གྱི་ཞིང་ཁམས་སུ་བགྲོད་ཀྱིན་ཡོད།  དེ་བས་ཡིད་ཆེས་ཀྱིས་ལྕི་བའི་མིག་ཆུའི་ཐིགས་པ་རྣམས།  རེ་རེ་བཞིན་ལྗིད་ཏིག་ཏིག་གིས་ཐང་ཐོག་ཏུ་དལ་གྱིས་ལྷུང་།
                  ༡
སྦྲ་ནག་དང་རྩྭ་ཐང་ལས་གྱེས་ཏེ་རྒྱང་རིང་གི་རི་གྲོང་ཞིག་ལ།  སེམས་འདུན་གྱི་དམིགས་པ་གཏད་ཉིན་དེར།  ངས་དུངས་སེམས་མཚོན་པའི་ལག་རྟགས་ཁྱེར་ནས་སྡེ་འདབས་ཀྱི་གཞུང་ལམ་ཁར་ཐོན་དུས།  ཁྱོད་རང་གཉེན་ཉེ་དེ་དག་དང་ལྷན་དུ་མཛེས་སྡུག་གི་དགའ་སྟོན་ལ་རོལ་གྱིན་ཡོད།  རྒྱུ་མཚན་ནི།  གཉེན་ཉེ་དེ་དག་གི་ཤེས་མེད་ཚོར་མེད་ཀྱི་བར་ནས།  ཁྱོད་རང་རི་ཆུ་དང་བར་ཐག་གིས་ཆོད་པའི་ཞི་བདེ་ཡི་རི་གྲོང་དེར་འགྲོ་རྩིས་ཡོད་པས་རེད།
ས་སྲོད་དེར།  ཁྱོད་ཀྱིས་མཛེས་སྡུག་ཁུར་ནས་ངའི་དྲོད་ལམ་ལམ་གྱི་རུམ་ཁ་ནས་ལམ་ལ་ཆས་དགོས་ཀྱང་།  བདེན་དོན་དང་ཡིད་ཆེས་ཀྱིས་ཁེངས་བའི་ཁྱོད་དང་ང་།  བརྗེད་ཐབས་མེད་པའི་འོ་དྲོན་མོ་ཞིག་གི་དན་རྟགས་བཞག་སྟེ།  རང་རང་གི་ལམ་ལ་འཇུག་རྩིས་ཡོད་དུས།  ཁྱོད་ཀྱི་ཕྱི་མིག་གི་ངོ་གདོང་ན་ཆེས་ཐོག་མའི་དུངས་སེམས་ཀྱི་མིག་ཆུ་བཞུར་གྱིན་ཡོད།
                  ༢
ཁྱོད་རང་དྷེ་ལིར་འབྱོར་ནས་ཉིན་དེར། ཁ་པར་གྱི་རྒྱུད་སྐུད་བརྒྱུད་ནས་འགྲོ་ལམ་གྱི་དཀའ་སྡུག་དག་བཀའ་ཐང་སྡེ་ལྔའི་མགུར་རྟ་དྲངས་ནས། ཁ་བ་དང་རྨི་ལམ་བར་ན་གཉིད་མི་ཁུག་པའི་ངའི་སེམས་ཅན་དག་གི་མིག་ཆུའི་ཕྲེང་ཐག་ཏུ་གྱུར་ཡོད། སྐབས་དེར། ཁྱོད་ཀྱི་གོམས་གཤིས་ལས་གྱེས་པའི་ཚིག་སྒྲོས་ཤིག་གིས། ཧིན་དྷི་རྒྱ་མཚོའི་རླབས་འོག་ཏུ་དྲངས་བའི་ཚེ་སྲོག་གང་མང་ཞིག་མིག་ཆུ་དང་ངུ་ངག་ལ་འགྲོགས་ཏེ་སྐྱོ་སྡུག་གི་འཁྲབ་ཁྲིད་བྱེད་ཀྱིན་ཡོད་ཟེར། ལྷ་མཛེས་མ། དུངས་སེམས་དང་མིག་ཆུ་ངའི་ཐོབ་བྱ་ཡིན་ན། བར་ཐག་གིས་ཆོད་པའི་འུ་གཉིས་བར་ན། ཡིད་ཆེས་དང་བྱམས་སེམས་ཡོད་པ་སུས་མི་ཤེས། དེ་བས། ཁྱོད་ཀྱི་ལྷོད་ཆ་དོད་པའི་སྐད་གདངས་ལ་རེ་ལྟོས་ཀྱི་མིག་ཆུ་གཉིས་པ་འགྲོགས་ཏེ་ཧིན་དྷི་རྒྱ་མཚོའི་གཏིང་རིམ་དུ་འདྲེས་སོང་། །
                 ༣
སྙན་ངག་དང་བརྩེ་འཕྲིན་གྱི་ཁྱུ་ཚོགས། ཧི་མ་ལ་ཡི་རི་རྒྱུད་བརྒལ་ནས། བར་མི་ཆད་པར་འུ་གཉིས་ཀྱི་སྙིང་གསོན་པོ་ལ་ཁ་བརྡ་བྱེད་ཀྱིན་ཡོད། དུངས་སེམས་དང་མིག་ཆུས་བྲིས་པའི་སྙན་ངག་དེ་དག་རི་ཆུ་དང་ཁ་བའི་རྣམ་ཤས་མིན་རུང་། ང་དང་ལྷ་མཛེས་ཀྱི་ཡིད་སྟོན་བྱེད་སའི་མཛེས་སྡུག་གི་ཁ་ཕྱོགས་ཡིན་ཞེས་ནམ་ཡང་གྲོགས་པོ་དག་ལ་ཁ་བརྡ་བྱེད་ཀྱིན་ཡོད། ལྷ་མཛེས་མ། ཐེངས་ཤིག་ཁྱོད་རང་གང་གཱ་མའི་ཉེ་འགྲམ་གྱི་ལྕགས་དབྱུག་ལ་ཁེན་ནས། ཁ་བ་དང་གངས་རིའི་ལས་དབང་ལ་རྒྱང་འབོད་ལན་གསུམ་བྱས་རྗེས། ཞི་བདེ་དང་དྲང་བདེན་གྱིས་བརྩེངས་བའི་ཕུག་རོན་ཞིག་གིས། རང་ཉིད་དང་ཁྱིམ་མི་ཚོའི་ཆེད་དུ་ཞི་བདེ་རྒྱ་མཚོའི་ཕ་མཐའ་བརྒལ་ལ་དགོས་པའི་སློབ་སྟོན་གནང་བྱུང་ཟེར། ། སེམས་འཕྲིན་དེ་ཚོར་ཉིན་དེར་། ང་རང་དགའ་བ་དང་སྐྱོ་བས་བཟི་ནས། མདུན་ཕྱོགས་ན་འུ་གཉིས་ཀྱི་ཡིད་འོང་གི་ཕ་ས་ཡོད་ཅེས་ཁྱོད་ལ་སྐུལ་འདེད་ཀྱི་གླུ་ཆུང་བླངས་པ་ཡིན། འོན་ཀྱང་། ཁྱོད་རང་ཁྱོད་རང་གི་གོམས་སྲོལ་ནས་ལངས་ཏེ་བར་ཐག་ལ་ཧེ་བག་སོང་བའི་མཛའ་གཅུགས་ཀྱི་མིག་ཆུ་གསུམ་པ་ཇོ་མོ་གླིང་མའི་དབུ་རྩེ་ནས་ཐོན་པའི་ཐོར་རླུང་དང་འགྲོགས་ཏེ་ཐག་རིང་ཐག་རིང་གི་གནས་སུ་འཐོར། །
  • ལེ་ཚན་སྔོན་མ།:ངས་ཁྱོད་ལ་ཉམ་ཐག་པའི་སྙིམ་པ་ཡང་ཡང་བཟེད།
  • ལེ་ཚན་རྗེས་མ།:གསོམ་སྡོང་གི་སྨྲེང་གླུ།