གསོམ་སྡོང་གི་སྨྲེང་གླུ།

ཁྱུང་བཟང་གིས།        2011-04-07

 
     གཅིག
     ངའི་ཚེ་སྲོག་གི་ས་བོན་རྡོ་གསེབ་ལ་ཐོར་རྗེས་གནམ་སྔོན་པོས་ང་ལ་ནུ་ཞོ་བླུད་ཅིང་ས་དོག་མོས་ང་ལ་དྲོད་ཁོལ་གླན།
     ད་དུང་ཁུ་བྱུག་དང་འཇོལ་མོས་ཀྱང་ང་ལ་གཉིད་འགུག་གླུ་སྒྲ་སྒྲོག་བཞིན།སྤྲིན་དཀར་གྱི་མལ་ཐུལ་གཡོགས་བྱུང་།
     ཨ-རང་བྱུང་ཁམས་ཆེན་པོ་འདི་ཇི་འདྲའི་སྐྱིད་ལ།ལྷིང་འཇགས་ཀྱི་རྨི་ལམ་འཇའ་ཚོན་བཞིན།ཇི་འདྲའི་སྙིང་དུ་སྡུགདྭངས་གཙང་གི་མཁའ་དབུགས་རྔུབ་འདོད་དུས་རང་དབང་དང་སྤྲོ་སྣང་གི་གི་རླངས་པ་གཏོང་འདོད་དུས་ཀྱང་རང་དབང་རེད།འདི་ལྟར།ངའི་སྙིང་ཆུང་དུས་ཚོད་ཀྱི་ཀློང་ནས་ཡུན་རིང་འགུལ།
     ད་ལྟ།ངའི་མགོ་བོ་ཁོ་ན་ལྗང་མདོག་གིས་བཀྱགས་ཡོད།འབྲུག་སྒྲ་དེའི་རྗེས་ནས་ང་ཚང་མ་དང་མཉམ་དུ་འབུས་ཤིང་།ངས་རང་ཉིད་ཀྱི་ངོ་གདོང་ཆར་པས་བཀྲུས་ཏེ་མིག་ཟུང་རྒྱང་ལ་ཅེར།རྒྱང་རིང་དེ་ཉེ་ས་ལས་ཇི་འདྲའི་ཡངས་ཤིང་རྒྱང་རིང་དེ་མཐའ་འཁོར་ལས་ཇི་འདྲའི་ངོ་མཚར་ལྡན།དེ་ན་རི་དྭངས་ཚོས་སྤུ་མདངས་བརྗེས་ཏེ།འཛུམ་མདངས།དྲོད་སྐྱིད།ལྷིང་འཇགས།ཞི་བདེ་དང་བཅས་པའི་རྩྭ་ཆུ་ཞིག་རོལ་གྱིན་འདུག
     གློ་བུར་དུ།ངའི་སྨོན་པ་གླག་རྒོད་བཞིན་སྤྲིན་དཀར་གྱི་ལ་ཐོད་བཅིངས་པའི་ནགས་མའི་རྔམ་བརྗིད་ལ་འཁོར་བྱུང་།ཁོ་ཚོས་ཅིས་ཀྱང་ལོངས་སྤྱོད་མང་པོ་ཞིག་ཉམས་སུ་མྱོང་ཐུབ་སྟེ་ཁོ་ཚོས་ཕུག་རོན་དང་འཇམ་རླུང་གི་སྙིང་གཏམ་ཐོས་སྲིད་པར་མ་ཟད།ཆེས་ཕྲ་བའི་མེ་ཏོག་གི་དྲི་བསུང་སྣོམ་ཐུབ་ལ།དངུལ་དཀར་གྱི་ཁྲབ་རྨོག་དང་བཅས་པའི་གཙང་ཆུའི་མགོ་ཁུངས་དང་དེའི་དགེ་ལེགས་ཀྱི་སྣང་བ་ཡང་མཐོང་སྲིད།
     ངོ་མ།ང་དྭངས་གཙང་ཡང་གཙང་གི་རི་རྒྱུད་འདིའམ་ཉིན་སྲིབ་དབྱེར་མེད་ཀྱི་ས་སྒང་འདི་ནས་སྐྱེས་པ་ཇི་འདྲའི་ལས་སྐལ་བཟང་ཨང་།
     རྒྱང་རིང་གི་ཤར་རིའི་རྩེ་ནས།དུང་དཀར་གྱི་འབོད་པ་ཞིག་མཚམས་སྤྲིན་དང་བསྡེབས་ནས་གྲག་འོངས།དེའི་རྗེས་ནས་ལྗགས་གླིང་གི་འགྱུར་ཁུགས་ཤིག་ཀྱང་ཉི་འོད་དང་ལྷན་དུ་མཆེད་ཡོང་།འཇམ་དབྱངས་དེས་ཨ་སྔོན་དང་དབྱིག་འཛིན་མའི་གདོང་ལ་བག་ཡངས་ཀྱི་མངའ་ཐང་བསྐྲུན་ཅིང་།རི་མཐོན་པོ་དང་ཆུ་གཙང་བོར་ཡང་དགེ་མཚན་གྱི་ཕག་རྒྱས་བཏབ།ཡིན་ནའང་ཉི་མ་ཆོས་ཉིད་ཀྱིས་ནུབ་རན་པའི་དུས་དེར།སྟག་ཤིང་གི་ལོ་མ་རྣམས་མངོན་ཆུང་གིས་ཤག་ཤག་ལྷུང་ཞིང་།ཅི་ཡིན་གྱི་ཧ་མ་གོ་བར་ངས་མིག་ཟུང་སྐར་ཆེན་བཞིན་བགྲད་ནའང་།གདོད་མའི་ནགས་ཀླུང་གི་ང་ལ་གདོད་མའི་མཆན་འགྲེལ་གྱི་རྣམ་པས་ཤུགས་རིང་ཞིག་འཐེན་ལ།ཅང་མ་འགོར་བར་རླུང་འཚུབ་ཅིག་ཀྱང་ས་རྡུལ་གད་སྙིགས་དང་བཅས་ཏེ་ལྡང་བྱུང་།
     ཕྱི་ཉིན་གྱི་དགུན་ཟླ་སྨྱོན་པ་དེའི་ཁ་བའི་ཁྲོད་ཀྱི་ངའི་འཁྱག་ཚུལ་ནི་རི་ལུང་འདིའི་ཐོག་མའི་འཁྱག་ཚུལ་ཡིན་ལ།ནགས་ཀླུང་གི་འཁྱག་ཚུལ་ནི་ཆུ་ཀླུང་གི་རྩ་བའི་འཁྱག་ཚུལ་དང་རི་སྐྱེས་དག་གི་རྨང་གཞིའི་འཁྱག་ཚུལ་ཏེ།ཁུ་བྱུག་དང་འཇོལ་མོའི་གླུ་སྐད་ཐོས་འདོད་པ་ནི་རྨི་ལམ་ཁོ་ན་ཡིན།
     གཉིས།
     འབྲོང་གཡག་ཅི་ཙམ་འདས་ཚུལ།ཐ་ན་སྡོང་རྒན་ག་ཙམ་འགྱེལ་ཚུལ་དང་ལོ་ཟླ་ག་ཚོད་འདས་ཚུལ་ཀྱང་ངས་མི་ཤེས་ཏེ།ཅི་ཡང་མཐོང་མི་འདོད་པའི་ངའི་མིག་ཟུང་སྒོར་མོ་མུན་ནག་གི་ཀློང་ནས་ཕྱེས་དུས།རུས་ཀོག་དང་གྲམ་གཞུང་།དུ་སྤྲིན།མདོར་ན་དམར་རྗེན་ཡང་རྗེན་དུ་ཕུད་པའི་རྒྱབ་ཕྱོགས་ཀྱི་ནགས་ཤུལ་ཁོ་ན།རྡོ་ལོག་བཞིན།ངའི་དྲན་པའི་མཚོ་ལ་སྨྲེང་བས་ལྷུང་ཞིང་།ཚེར་མ་བཞིན་ངའི་མིག་གི་རྒྱལ་མོར་སྐྱོ་བས་ཟུགརིག་མི་འདོད་པ་མཐའ་དག་འདི་ལྟར་ངས་ཅིས་ཀྱང་མཐོང་དགོས་པ་ལྟད་མོ་རུ་གྱུར་འདུག
     ད་ལྟ་ངས་ཅི་ཡང་མཐོང་བྱུང་སྟེ།ངའི་ཆུང་འདྲིས་ལྟ་བུའི་ཤྭ་གཉན་དགོ་གསུམ།ངའི་སྐུ་སྲུང་ལྟ་བུའི་སྟག་གཟིག་དོམ་དྲེད།ངའི་སྒོ་ཟོག་ལྟ་བུའི་ཨ་སྲེ་འཕྱི་གསུམ།ད་དུང་ངའི་ཕ་ནོར་ལྟ་བུའི་རྫ་ཆུ་བསིལ་མ་དང་ངའི་ཕོ་ཉ་ལྟ་བུའི་ཁུ་བྱུག་སྔོན་མོ།ཡོད་ཚད་ཀྱི་ཡོད་ཚད།འདི་ལྟར་གྱེས་ཕག་གམ་ཡང་ན་ཁ་ཆེམས་ཤིག་གི་ཁོམ་ལོང་ཡང་མེད་པར།མིག་ཆུའི་བགྲོད་ལམ་ཞིག་དེད་ནས་བུད་སོང་བའི་ངང་ཚུལ་མཐའ་དག་ངས་སྐྱོ་གདུང་དང་ན་ཟུག་གིས་མཐོང་བྱུང་།ཡིན་ནའང་ང་ད་དུང་རང་ཉིད་ལ་ཡིད་མ་ཆེས།འདི་ནི་རྨི་ལམ་ཁོ་ནར་རྨིས་ཆོག་པའི་རང་བྱུང་གི་མནར་གཅོད་ལས་མངོན་སུམ་ཞིག་ཡིན་མི་སྲིད་སྙམ་ཞིང་།ད་དུང་ཁོ་ཚོ་ནམ་ཞིག་རང་གི་མིག་ལམ་དུ་མཛེས་སྡུག་དང་སྤྲོ་སྣང་གིས་མངོན་སྲིད་སྙམ།
     ཕྱོགས་གང་ལ་བལྟས་ཀྱང་མིག་ལམ་དུ་སྣང་བ་ནི་སྡོམ་རྒྱ་ལྟ་བུའི་སྣུམ་ཤིག་ཤིག་གི་བགྲོད་ལམ་རེད།ལུང་མཐིལ་དང་རི་རྐེད་བདེ་ཐང་གང་དུ་ཡང་།རི་ལུང་གི་འཇོན་ཐང་འདྲེན་པའི་རླངས་འཁོར་རྣམས་ཕོ་བ་ལྟེམས་ལྟེམས་ཀྱིས་རང་ཡུལ་འགྲིམ་པའི་ངང་ཚུལ་གྲོགས་རྡང་འདྲ།འདིའི་བར་ནས་ང་དང་ངའི་སྤུན་ཟླ་ཚོ་མི་ལོ་ག་ཚོད་ལ་གསོན་ཐུབ།འདྲེ་སྲིན་གྱི་མཆེ་བ་ལྟ་བུའི་སོག་ལེ་ནི།ང་ཚོའི་རྣམ་ཤེས་ཀྱི་བུ་ཆུང་སེར་སྣ་མེད་པར་གཏུབ་པའི་གཤིན་གྲི་རེད།
     ངོ་མ།ངས་ཡུན་རིང་ཞིག་ལ་འདི་ལྟར་བསམ་བློ་བཏང་།མིའི་རིགས་བློ་རྒོད་ཡིན་ནའང་མི་རྣམས་དབང་ཤེད་ཆེ་ནའང་།རང་བྱུང་ཁམས་ཆེན་པོ་འདི་མི་གཅིག་པུའི་ཁྱིམ་གཞི་དང་གར་སྟེགས་ག་ལ་ཡིན།ཐམས་ཅད་ལ་ཧམ་སེམས་ཀྱི་ཉ་རྒྱ་འགྲེམ་པ་ནི་རང་ཉིད་ཀྱི་ནོར་བུ་གཞན་ལག་ཏུ་འཆོར་བའི་ཉེ་རྒྱུ།ཡང་ན་ཡོད་ཚད་ཀྱི་མགོ་ལ་རང་འཁོར་རྒྱག་ངེས་པའི་ཆག་སྒོ་དང་གྱོང་གུད་ཡིན་སྲིད།འདི་ལྟར་ངས་སེམས་ངོ་ཅི་ཞིག་བསྟན་ནའང་ནམ་རྒྱུན་ང་ལ་བདེན་ཁ་སྟེར་མཁན་ནི་མཆི་མ་མཁུར་མགོར་ལྷུང་བའི་ཡུ་མོ་རེ་གཉིས་དང་།གད་སྙིགས་ཀྱིས་མནར་བའི་སྤང་ཐང་ཟད་པོ་རེད།
     ཇི་ལྟར་བཤད་ཀྱང་།འཇིག་འགྲོ་བ་འདི་མཐའ་མའི་འབྲས་བུ་ཡིན་ལ།འབྲས་བུ་དེ་མི་འདོད་བཞིན་ཕྲག་ཏུ་འཁུར་ནས།ང་ཚོའི་ཕྱི་གཙང་ནང་གཙང་གི་འབྱུང་བཞིའི་ཁམས་ལ་མི་འགྲོ་བར་གང་ལ་འགྲོ།དུས་དེར་མི་ཚོགས་ལའང་སྡོད་ས་ལག་མཐིལ་ཙམ་ཡང་ཡོད་མི་སྲིད་ལ།དེ་ནི་རང་བྱུང་ཁམས་ཆེན་པོས་མིའི་རིགས་ལ་བཏང་བའི་ཡ་ལན་ནམ་ང་ཚོར་གནང་བའི་དབུགས་དབྱུང་དང་གུ་ཡངས་ཡིན།འདི་ལྟར་ངས་རང་སེམས་རང་གིས་གསོས་ནའང་།རི་བོང་རྩྭ་གཟན་དང་སྤྱང་ཀི་ཤ་གཟན།གཡང་དཀར་ལུག་ཁྱུ་དང་ཐུལ་དཀར་འབྲི་མོ།ཐ་ན་དཀར་ལམ་ལམ་གྱི་རི་ལུང་འདིའི་ངུ་ཤུབ་རེ་རེས་ཀྱང་།ངའི་སེམས་པ་འཁྱག་རོམ་གྱི་དོང་ཞབས་ལ་གཡུགས་བྱུང་།ང་ཚོ་ད་དུང་འདི་ལྟར་འདུག་རུང་ངམ།ངའི་རི་ལུང་ཐང་གསུམ་ཡ……
     གསུམ།
     འདི་ནི་ངས་ནམ་ཡང་བརྗེད་མི་སྲིད་ལ་ཅིས་ཀྱང་བརྗེད་མི་རུང་བའི་ཉིན་མོ་ཞིག་ཡིན་ལ།ཉིན་མོ་དེ་ནི་དུ་དུང་དགུན་གཞུང་གི་རྣམ་པ་མ་ཞུ་བའི་དུས་ཚིགས་ཤིག་རེད།ཉིན་དེར་སྨ་ར་སྟུག་པོར་སྐྱེས་པའི་རྒན་པོ་ཞིག་དང་ལག་ཁྱེར་ཁ་པར་བཟུང་བའི་སྐྱེས་པ་ཞིག་གིས་རྒྱང་རིང་ན་ཕག་བརྡ་གཏོང་གིན་འདུགམགུལ་འཆིང་དམར་ཁྲས་བརྒྱན་པའི་ལྟད་མོ་བའམ་ལྗོངས་རྒྱུ་བ་ལྟ་བུའི་སྐྱེས་པ་འགས།གློ་བུར་དུ་ང་དང་ངའི་གྲོགས་པོ་ཚོའི་སྐེ་ལ་ཡང་ཆུ་སྲིན་མཆེ་བ་ལྟ་བུའི་སོག་ལེ་རེ་གཡོ་སྒྱུས་བཙུགས་བྱུང་།དུས་དེར་ངས་ད་གཟོད་རང་ཉིད་ཀྱང་འཚར་ལོངས་བྱུང་ཟིན་པ་རྟོགས་ཤིང་།འདང་རྒྱག་མེད་པར་མིག་ཟུང་རྒྱང་ལ་ཅེར་ཏེ།ནམ་ཞིག་ཁ་བས་གཡོགས་པའི་རི་རྩེ་ལ་ཉི་འོད་འཁོར་ཞིང་།ཁུ་བྱུག་གི་གསུང་སྙན་ཁ་ཤས་ཀྱང་དལ་བུར་གྲགས་པའི་སྨོན་ལམ་ཞིག་རླུང་ལ་བསྐུར།
     ཅང་མ་འགོར་བར།དབྱངས་ཅན་མའི་པི་ཝང་ལྟ་བུའི་གླུ་ཚིག་ཅིག་བརྩེ་ཞེན་གྱིས་འཁུར་ཡོང་།
     “རི་དྭངས་རྔོན་མི་ཆོགནགས་ཚལ་བརླག་མི་ཆོགདེ་དག་ནི་རང་བྱུང་ཁམས་དབུགས་སྙོམས་པའི་ལྷ་རྗེ་དང་།གོ་ལའི་ཚེ་སྲོག་སྲུང་བའི་སྐར་མ་ཡིན།ཡང་གཅིག་བཤད་ན་རྩྭ་འདོད་པས་རྩྭ་ཟ་བ་དང་ཆུ་འདོད་པས་ཆུ་འཐུང་བ་ནི་ད་གཟོད་རང་དབང་དང་ཞི་བདེ་ཡིན་ལ།ཕ་རོལ་ལ་གནོད་འཚེ་གཏོང་བ་ནི་རང་ཕྱོགས་ཚར་བའི་སྟ་གོན་ཏེ།དེ་སྤོང་བ་ནི་འཛུམ་མདངས་དང་སྤྲོ་སྐྱིད་ཀྱི་ས་བོན་འདེབས་པ་ཉག་གཅིག་ཡིན་པས།སུ་ཞིག་བཀའ་དང་འགལ་ན་དྲག་ཆད་གཅོད”གླུ་ཚིག་འདིས་ངའི་ནགས་ཚལ།ངའི་རི་ལུང་།ངའི་བར་སྣང་དང་སྤང་ཐང་།གཙང་བོ་སོགས་ལ་དབུགས་དབྱུང་ཞིག་ངང་གིས་བསྩལ།
     རྨི་ལམ་ལས་སད་ནའང་འཇིགས་སྣང་རེ་གཉིས་ད་དུང་སེམས་ངོར་འབྱར་འདུག་པ་བཞིན།དགའ་བ་ཞིག་དང་དོགས་པ་རེ་ཡང་སྨུག་མ་བཞིན་ཡ་ཁོག་ནས་འབུས་ཡོང་ལ།ཕུག་རོན་གྱི་གསེར་ཁྲི་ལྟ་བུའི་གདོད་མའི་ནགས་ཚལ་དང་།མེ་ཏོག་གི་ས་གདན་ལྟ་བུའི་སྤང་ཐང་གི་འཕྱོར་སྒེགདྭངས་གཙང་གི་ཆུ་ཤེལ་ལྟ་བུའི་རི་ཆུའི་འབབ་རྒྱུན།ད་དུང་རི་ཟོམ་ན་བག་ཕེབས་སུ་འཚོ་བའི་རི་སྐྱེས་མ་བུ་སྟེ།ཡོད་ཚད་ཀྱི་ཡོད་ཚད་ག་ལེར་དྲན་ཞིང་།བསྐལ་བ་སྟེ་རང་བྱུང་ལྷུན་གྲུབ་ཀྱི་བསྐལ་བ་དེ་ཇི་ལྟར་བཅོས་ཀྱང་ཕྱིར་འོངས་མེད་པའི་ཁ་ཚོན་བཅད།
     ཇི་ལྟར་བཤད་ཀྱང་ལྟ་ས་རྒྱང་རིང་དང་བསམ་ས་འབྱུང་འགྱུར་ཡིན་ན།ངས་འདས་སོང་ལ་སྡུག་ཡུས་བསྐུར་ནས་ཅི་ཞིག་བྱེད།དེ་རིང་ནི་ཁ་སང་གི་ཐོབ་ནོར་དང་སང་ཉིན་གྱི་སྟ་གོན་ཡིན་ན།འགོ་རྩོམ་པའི་དུས་ཚིགས་ནི་ཏག་ཏག་དེ་རིང་གི་དཔྱིད་མགོ་རེད།ས་བོན་མེད་ན་འབྲས་བུ་ག་ལ་ཡོད།
     “ད་ལྟ་ང་ཚོ་གང་དུ་འགྲོ་ཡང་ང་ཚོས་ཅི་ཞིག་བྱེད།”འདི་དག་ཚང་མ་ནི་ཁ་སང་གི་ནོར་འཁྲུལ་ལས་རྟོགས་དགོས་ལ་དེ་རིང་གི་ནམ་ཟླ་ལས་ཀྱང་ཚོར་དགོས།
     བསམ་གྱིན་བསམ་གྱིན་ངས་རང་ཉིད་མི་ཞིག་ཡིན་ཚེ་བཀོད་པ་གོར་གོར་ཞིག་འདུག་སྙམ་བྱུང་།ཡིན་ནའང་ང་ནི་གནས་སྐབས་ཙམ་ལ་གཤིན་རྗེའི་ཁ་བར་ནས་ཐར་བའི་ཉམ་ཐག་གི་གསོམ་སྡོང་ཞིག་ཡིན་པས།ནམ་འཚོའི་བར་དུ་ལྗང་མདོག་གིས་འགྲེང་རྒྱུ་ནི་ངའི་འོས་འགན་ཡིན་ལ།དངོས་གནས་བཤད་ནའང་ལྗང་མདོག་ཁོ་ནས་དགུན་གསུམ་ལ་ཡ་ལན་ཞིག་སྤྱོད་ཐུབ་པའམ་མི་ཡུལ་ལ་མཚར་སྡུག་ཅིག་སྣོན་ཐུབ་ན་དེས་མཆོག་པ་ཅི་ཞིག་ཡོད།
     ཨ་ཨ།དེ་རིང་གི་ཉི་མས་སྤྱི་གཙུག་གི་སྐྲ་ལོ་ལྟ་བུའི་འདབ་མ་ཡང་གཞོབ་པར་བྱེད་མོད།སང་ཉིན།ཡང་ན་གཞེས་ཉིན་གྱི་དུས་དེར་ཁ་བ་མི་འབབ་པའི་ངེས་པ་ག་ལ་ཡོད།གནམ་སྔོན་པོར་དབང་ཆེ་ན་ས་དོག་མོ་བརྔོ་ལ་ཁད་དང་བརྫི་ལ་ཁད་བྱེད།ད་དུང་ངོ་འཛུམ་འཛུམ་གྱིས་ལག་པ་སྲིང་ཡོང་བའི་སྤྱང་ཀི་ལྟ་བུའི་མི་ཚོགས་དེ་ཚོ་ཇི་འདྲའི་གདུག་རྩུབ་ཆེ།
     ངོ་མ་སྐྱོ་དགོས་པ་རང་བྱུང་གི་བཀོད་པ་དང་།ཕམ་དགོས་པ་ནི་གདོད་མའི་ནགས་ཚལ་དང་དེའི་མངའ་ཐང་རེད།ཇི་ལྟར་བཤད་ཀྱང་ང་ནི་གསོམ་སྡོང་ཞིག་ཡིན་ལ།ང་ནི་ལྗང་མདོག་ལམ་ལམ་གྱི་ཚེ་སྲོག་ཅིག་ཀྱང་ཡིན་པས།ཅིས་ཀྱང་ས་གཞིའི་སྤྱི་གཙུག་ནས་ཡུན་རིང་དུ་གསོན་དགོས།
     འདི་ནི་ངའི་རྩ་བ་རྫ་ལ་ཟུག་པའི་དོན་སྒོ་དང་ངའི་འདབ་མ་མཁར་རུ་བརྐྱངས་པའི་ཡོང་སྒོ་ཡིན་སྲིད།
   
  • ལེ་ཚན་སྔོན་མ།:དུངས་སེམས་ཀྱི་མིག་ཆུ་བཞི་ཤད་མ།
  • ལེ་ཚན་རྗེས་མ།:ཚངས་དབྱངས་རྒྱ་མཚོའི་གསང་རྣམ།