མ་ཡུམ་གངས་ལྗོངས་ཀྱི་ཕྱི་ནང་གསང་གསུམ།(2)

(སྐལ་བཟང་ཐུབ་བསྟན།)        2010-11-15


བྱམས་དང་སྙིང་རྗེས་ཕྱུག་ལ།   དགེ་སྒྲུབ་སྡིག་སྤང་མཁས་ཤིང་།བཟོད་པ་དང་གཏོང་ཕོད་ཆེ་བའི་རང་བྱུང་ལྷན་གྱིས་སྐྱེས་པའི་གཤིས་ལུགས་ཤིག་ཀྱང་གྲུབ་ཡོད།  དེར་བརྟེན།  ང་ཚོ་ནི་རྒྱུ་ནོར་དུང་ཕྱུར་དུ་མ་ཡོད་ཀྱང་ཡིད་སེམས་སྟོང་སྐྱུར་སྐྱུར་གྱིས་གང་ཞིང་བཅོས་མའི་སྦྱིན་གཏོང་ཙམ་གྱིས་ཡིད་སེམས་གསོ་བའི་ཐབས་ལམ་ཙམ་ལ་བརྟེན་པའི་གྲགས་ཅན་འབྱོར་ལྡན་རྣམས་དང་ཡེ་ནས་མི་འདྲ་ལ།   རྒྱུ་འབྲས་ལ་རྩི་སྲུང་ཁབ་རྩེ་ཙམ་ཡང་མེད་པའི་གདོལ་སྤྱོད་ཀྱི་སྐྱེ་བོ་ཐ་ཤལ་ཅན་རྣམས་དང་སྐལ་བ་མཉམ་ཐབས་ཀྱང་ནམ་ཡང་མེད།   དེ་མིན་མི་ཚེའི་རིན་ཐང་རྒྱུ་དབང་ཁོ་ན་ལ་གཞལ་བའི་འདོད་རྔམ་ཅན་ཚོ་དང་གྲལ་བསྟར་གཅིག་ཏུའང་མི་ཚུད་དོ།།
གངས་ལྗོངས་མ་ཡུམ་གྱི་དྲིན་ལས་རང་ཚོ་ནི་ལས་ངན་ཡིན་དུ་ཆུག་ཀྱང་ལས་ངན་ནང་གི་ལས་བཟང་ཞིག་ཅིས་ཀྱང་མིན་ཏེ།  མ་མཐའ་ཡང་ང་ཚོ་ལ་ཅི་ཡང་མེད་དུ་སྲིད་ཀྱང་དུས་ནམ་ཡང་ཡིད་སེམས་བདེ་ཡོལ་ལེ་བར་གནས་ཤིང་འཚོ་བཞིན་མཆིས་ན་དེ་ནི་འགྱུར་མེད་ཀྱི་བདེ་སྐྱིད་ཅིག་ཡིན་ལ་མཐར་ཐུག་གི་བདེ་བ་ཞིག་ཀྱང་མ་ཡིན་ནམ། 
  • ལེ་ཚན་སྔོན་མ།:གངས་ལྗོངས་གཞོན་ནུ་གསར་བ།
  • ལེ་ཚན་རྗེས་མ།:ཨ་མྱེས་གནའ་གཏམ་ནི་ཁ་སང་གི་གཏམ་རྒྱུད་ཡིན།