ཨ་མྱེས་གནའ་གཏམ་ནི་ཁ་སང་གི་གཏམ་རྒྱུད་ཡིན།
བྲག་འགོ(ཏྲེ་ཧོར་ཉི་ཆུང་།) 2010-11-22
དབྱར་ཀའི་ཉིན་མོ་ཞིག་གི་ཞོགས་པ་ནི་མཁའ་དབུགས་གཙང་ཞིང་རྩྭ་རྩེའི་ངོས་སུ་ཟིལ་བའི་མུ་ཏིག་གི་དོ་ཤལ་གཞོན་ནུ་མའི་མགུལ་རྒྱན་བཞིན་བསྟར་ལ། བསེར་རླུང་ཁྲོད་ཀྱི་དྲི་ཞིམ་ནི་སྣའི་དཔལ་དུ་སིམ་པར་སྦྱིན། རྒྱང་རིང་གི་རྫ་རིའི་དབུ་ཞྭ་ནི་སྔོ་མདངས་འཕྲོ་བའི་སྨུག་པས་བཀབ་མོད། འོན་ཀྱང་དམར་སེར་མཛེས་ཞལ་ངོམ་པའི་ཉི་གཞོན་ནི་ཤར་རིའི་ཕྲག་ནས་རིམ་གྱིས་འཆར་བར་རྩོམ། དེ་མཚུངས་སློབ་གྲྭའི་ར་སྐོར་ནང་དུའང་སློབ་མ་རྣམས་ཀྱིས་ཡི་གེའི་དབྱངས་རྟ་མཐོན་པོར་གྱེས་བཞིན་པ་དང་། ལྗོན་ཤིང་རྩེའི་བྱེའུ་སྐྱུང་ཀ་དང་དཔྱིད་ཀྱི་རྒྱལ་མོས་ཀྱང་དེ་དག་ལ་རོལ་ཆའི་རམ་འདེགས་བརྩོན་བཞིན་འདུག
ཨེ་མ། དབྱར་དུས་ཀྱི་སློབ་ར་འདི་ནི་ཡིད་དུ་འོང་བའི་ཞིང་ཁམས་ཤིག་རེད་དམ་སྙམ་གྱིན་ཡིད་སྤྲོ་བས་སྐུལ་ནས་མིག་འབྲས་ཟུང་ནི་ཕྱི་རོལ་གྱི་ཁོར་ཡུག་ཕྱོགས་སུ་གཡེང་། སྐབས་དེར་སྙན་ལ་གསལ་བའི་དྲིལ་བུའི་སྒྲ་སིལ་སིལ་གྲགས་བྱུང་བས་ངའི་སེམས་སུའང་རང་དབང་མེད་པར་བྲེལ་བ་ཞིག་སྦྱིན་པ་དང་། སློབ་གྲྭའི་ར་སྐོར་ནང་གི་དགེ་སློབ་རྣམས་ནི་རླུབ་འཚུབ་དབུས་ཀྱི་ཤོག་སྐྱ་བཞིན་བྲེལ་བ་ལངས་ནས་སློབ་ཁང་གི་ཕྱོགས་སུ་སྐྱོད། དུས་དེར་དགེ་རྒན་ཉི་མ་ཡང་བྲེལ་བས་མྱོས་ནས་སའི་གོ་ལའི་དཔེ་དབྱིབས་ཆུང་ངུ་ཞིག་དང་། ལྗང་མདོག་འཕྲོས་པའི་ས་ཁམས་སློབ་དེབ་ཅིག་ཁྱེར་ཏེ་བདུན་གཅིག་འཛིན་གྲྭའི་སློབ་ཁང་དུ་རེངས་སྟབས་ཀྱིས་འཛུལ། ཡིན་ནའང་དགེ་སློབ་ཚང་མས་འཚམས་འདྲི་བྱ་རྗེས་ཅ་ཅོའི་སྒྲ་ཡིས་དབེན་པའི་ཁུ་སིམ་པོ་གྱུར། ང་ཡི་སེམས་ཁོང་ནས་འཆོར་བའི་ཡིད་ཀྱི་རྣམ་ཤེས་དེ་ཡང་བསྐྱར་དགེ་སློབ་དེ་དག་གི་ཕྱོགས་སུ་འདྲེན་པ་ནི། དུད་ཁུང་ནས་འཕྱུར་བའི་དུ་བ་བཞིན་མཉམ་གཅིག་ཏུ་སྒེའུ་ཁུང་གི་དྲ་མའི་ནང་དུ་བཞེད། མིག་ཟུང་གི་མདའ་མོ་དེ་དགེ་སློབ་གཉིས་ཀྱི་ཕྱོགས་སུ་ནན་གྱིས་བསྣུན་ནས་བལྟས་ཚེ། སློབ་མ་རྣམས་ནི་འགུལ་མེད་ཀྱི་འདམ་བཪྙན་བཞིན་མིག་ཅེ་རེས་ནག་པང་སྟེང་གི་དགེ་རྒན་ཉི་མས་སྒོང་དབྱིབས་ལྟ་བུའི་སའི་གོ་ལའི་རི་མོ་ཞིག་ཕབ་པར་བལྟས་འདུག དགེ་རྒན་ཉི་མས་སའི་གོ་ལའི་རི་མོའི་སྟེང་ནུབ་ནས་ཤར་དུ་འཁོར་ཅེས་པའི་མཆན་འགྲེལ་ཐུང་ངུ་དང་སྦྲགས་མདའ་རྟགས་ཤིག་གིས་གཡས་ནས་གཡོན་དུ་སྐོར་བའི་རི་མོ་སྟབས་བདེ་ཞིག་ཀྱང་བྲིས་ཏེ། ཁོང་གི་ང་ལ་ཆེས་སྤྲོ་བའི་ཉམས་ཤིག་དང་། མིག་མདངས་ལས་ས་ཁམས་སློབ་ཚན་འདི་མ་ཡིན་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་རྩ་ཆེན་ཞིག་ཀྱང་ཡོད་པ་ཤིན་ཏུ་གསལ་བར་བསྟན་ནོ།།
དེ་ནས་དགེ་རྒན་ཉི་མས་སྨྲ་བརྗོད་དག་པའི་ཚིག་གི་དབྱངས་རྟ་དེ་དེང་གི་ས་ཁམས་དང་འབྲེལ་བའི་གནའ་རབས་མེས་པོའི་ལོ་རྒྱུས་དང་ཆོས་གཞུང་གི་འཁྲབ་ཚན་དུ་འདྲེན་མགོ་རྩོམ། ཁོང་གི་ངག་ནས“སློབ་གྲོགས་ཚོ། གནའ་རབས་ཀྱི་ལོ་རྒྱུས་དང་ཆོས་གཞུང་ནི་མི་ཡི་རིགས་ལ་དཔྱོད་ཞིབ་དང་བསྡུ་ལེན་བྱ་བའི་མེ་ཏོག་ནང་གི་ཟེའུ་བཅུད་བཞིན་ལ་ལ་ནི་ཡ་མཚན་པའི་དོན་སྙིང་ལྡན་ལ། ལ་ལ་ནི་སྒྲོ་བཏགས་དང་རྨོངས་གཏམ་ཀྱང་ཅི་རིགས་མཆིས་མོད། འོན་ཀྱང་ས་ཁམས་འདི་དང་འབྲེལ་བའི་ལོ་རྒྱུས་ཡ་མཚན་ཞིག་ནི། མཁས་དབང་ནམ་མཁའ་ནོར་བུས་སའི་གོ་ལའི་དཔེ་ལ་སྲིད་པ་ཀློང་གི་སྒོ་ང་ཞེས་ཟླུམ་གཟུགས་ཅན་གྱི་སྒོ་ངའི་དཔེར་འཇོག་པ་འདི་ནི་ང་ཚོའི་གདོད་མའི་མེས་པོ་རྣམས་ཀྱིས་ཤེས་ཟིན་པའི་སའི་གོ་ལའི་དཔེ་དབྱིབས་ཤིག་ཡིན་པ་དང་། དེ་བཞིན་བོན་གྱི་ཆོས་སྲོལ་ལས་གནས་རི་དང་། རྟེན་སོགས་མཇལ་སྐོར་ཞུ་དུས་གཡོན་དུ་རྒྱུ་ནས་བསྐོར་བ་ན། དེ་ཡང་སའི་གོ་ལའི་འཁོར་འགྲོས་དང་གཅིག་ཏུ་གྱུར། འདི་དག་ནི་དེང་རབས་ལ་མཚོན་ན་ཆེས་ཡ་མཚན་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་དང་ཡིད་ཆེས་ཀྱི་ཆོས་གཞུང་མ་ཡིན་ནམ”ཞེས་སྤོབས་པ་ཆེན་པོས་དྲི་བ་འདོན། སྐབས་དེར“ཨ་མྱེས་ཀྱི་གནའ་གཏམ་ནི་ཁ་སང་གི་གཏམ་རྒྱུད་ཡིན”ཞེས་ངའི་གློ་ནས་ལག་ཁྱེར་ཁ་པར་ཀྱང་སྐད་ཤུགས་ཆེན་པོས་དྲིས་ལན་དུ་འདེབས་བྱུང་ངོ་།།