2026-04-14
《མི་ལ་རས་པའི་རྣམ་མགུར》བཀླགས་པའི་ཟིན་ཐོ།
ཕ་བོང་།
སྔོན་ཆད་བོད་ཀྱི་དགེ་བཤེས་རྣམ་པས་སྤོས་ཀྱི་འོད་ལ་བརྟེན་ནས་དཔེ་གཟིགས་མཛད་པའི་གཏམ་རྒྱུད་ནི་ངོ་མཚར་ཞིང་དཀའ་སྡུག་གིས་སྤུད་པ་ཞིག་ཡིན་ལ། ད་སྐབས་དེ་ཡིད་ལ་འཁོར་དཀའ་བ་ཞིག་ཀྱང་རེད། གང་ལྟར་མི་རྣམས་ཀྱིས་དཔེ་ཀློག་གི་རྒྱུན་ནི་ཐབས་མི་འདྲ་བའི་སྒོ་ནས་མུ་ནས་མུ་རུ་མཐུད་ཀྱིན་ཡོད། རང་ཉིད་ཀྱང་དཔེ་ཆ་བ་ཞིག་ཡིན་པའི་ཆ་ནས་དུས་རྒྱུན་འཚོ་བའི་ཁྲོད་དུ་ཟས་ཀྱི་སྡོར་ལྟར་མེད་ཐབས་མེད་པ་ནི་དཔེ་ཆ་ཡིན་ལ་དེ་དག་ལས་ང་རང་ཆེས་དགའ་བའི་དཔེ་ཆ་ནི《མི་ལ་རས་པའི་རྣམ་མགུར》ཡིན། བོད་ཀྱི་དཔེ་ཆ་བ་ཞིག་ཡིན་ན《མི་ལ་རས་པའི་རྣམ་མགུར》ལ་ཞིབ་མོ་ཞིག་མ་བལྟས་ཚེ་དོན་སྙིང་ཅི་ཡང་མེད་ལ་བོད་རྩོམ་གྱི་རོ་མཆོག་ངོ་མ་དེ་མྱོང་མི་ཐུབ་ཅེས་བརྗོད་ཀྱང་ཆོག།
ངས་ད་ལྟའི་བར་དུ《མི་ལ་རས་པའི་རྣམ་མགུར》ལ་ནན་ཏན་གྱིས་ཐེངས་གཉིས་ལ་བལྟས་ཤིང་། མཚམས་མཚམས་སུ་རང་འདོད་དུ་བཀླགས་པའི་གྲངས་ནི་མཛུབ་མོ་ནང་འགུག་གིས་བགྲང་ཐབས་མེད་པའི་ཚོད་ཡིན། དེ་བས། འཛམ་གླིང་དཔེ་ཀློག་གི་ཉིན་མོར་ངས་སྔར་བཞིན་ཁྱེད་ཅག་ལ་མགྲོན་གྱི་གཙོ་བོ་ཨ་བོ་མཐུ་ཆེན་གྱི་དཔེ་ལྟར་མི་ལ་རས་པའི་རྣམ་མགུར་འོས་སྦྱོར་བྱ་འདོད་དོ།།
《མི་ལ་རས་པའི་རྣམ་མགུར》དུ་ཐོག་མར་མི་ལ་རས་པའི་རུས་ཁྱུང་བོ་དང་རིགས་ཇོ་སྲས་ཡིན་པ་དང་། འཁྲུངས་ས་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩ་ཡིན་པ་དང་། སྤྱི་ལོ1040ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས་ནས་གཅེས་མིང་ལ་ཐོས་པ་དགའ་ཞེས་བཏགས་ཤིང་། ཁོང་ལོ་བཞི་ཡིན་དུས་ཡུམ་ལ་སྲིང་མོ་པེ་ཏ་མགོན་སྐྱིད་སྐྱེས་པ་རེད། སྐབས་དེར་ཁོང་མིང་སྲིང་གཉིས་ནི་གསེར་རལ་དང་གཡུ་རལ་ཉི་ལེ་བར་འདུག་པ་དང་། ཕ་འདས་རྗེས་དབུལ་པོར་གྱུར་ཚུལ། དེ་ནས་དཀའ་བ་སྤྱད་ཚུལ། བུ་སློབ་བསྐྱངས་པ། མཇུག་ཏུ་སངས་རྒྱས་པའི་གོ་རིམ་སོགས་རྩོམ་པ་པོས་འུད་ཆེན་པོས་མ་བརྗོད་པར་ཐབས་མཁས་ཀྱི་སྒོ་ནས་བྲིས་པ་ནི་ཀློག་པ་པོར་བདེན་སྣང་སྟེར་འདོད་པ་དང་། མི་སྣ་གཙོ་བོར་གུས་པ་བྱས་པ། རྩོམ་གྱི་མཇུག་མུ་མཐུད་དེ་བསྐྱང་བར་མཐའ་ཡས་པའི་སྒྱུ་རྩལ་གྱི་འཇའ་རིས་ཤིག་བསྲིངས་པ་རེད།《མི་ལ་རས་པའི་རྣམ་མགུར》གྱི་རྩོམ་སྟངས་ནི་དྲི་བ་དྲིས་ལན་གྱི་ཚུལ་གྱིས་བརྩམས་ཡོད་ཅིང་ལྷུག་པ་དང་མགུར་མ་གང་ལ་མཚོན་ཡང་ཚད་མཐོ་བའི་སྒྱུ་རྩལ་གྱིས་ཀུན་ནས་ཕྱུག་ཡོད་པ་སྟེ། འདིར་དེའི་ནང་གི་ཚན་པ་ཞིག་ལྕེ་སྟེང་དུ་བུ་རམ་བཞག་པ་ལྟར་རོལ་མྱོང་ཞིག་བྱས་ན། “……ཧ་ལས་ཏེ། སྐམ་པ་གཡས་སུ་བོར། ཡོས་དཀྲུགས་གཡོན་དུ་བོར། ཡོས་རྔོད་འཕྲོ་འཚིག་ཏུ་བཅུག། ལག་པ་གཡས་སུ་ཡོག་པ་ཞིག་ཁྱེར། གཡོན་དུ་ཐལ་བ་སྤར་གང་ཁྱེར། སྐས་རིང་ལས་བབས། ཐུང་བ་ལས་མཆོངས་ནས་ཕྱིར་ཐོན་བྱུང་སྟེ། ཐལ་བ་དེ་གདོང་ལ་བཏབ། ཡོག་པ་དེ་མགོ་ལ་ལན་འགའ་བརྒྱབ་ནས……”ཞེས་བྲིས་པ་འདི་ནི་ཡུམ་མྱང་ཚ་དཀར་རྒྱན་གྱི་ནང་སེམས་ཀྱི་སྡུག་བསྔལ་དེ་ཕྱི་རུ་མངོན་དུ་བཅུག་པའི་ཐབས་ཁྱད་པར་ཅན་དེ་ཡིན་ལ་ཀློག་པ་པོར་མཚོན་ན་རྒྱན་ཆའི་ཕྲ་ལྟ་བུའི་བསླུ་བྲིད་ཀྱི་ནུས་པ་ཆེན་པོ་ཞིག་ལྡན།
ང་ཚོས་ཕྱིའི་རྣམ་པའི་ཆ་ནས་བལྟས་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་གཟིགས་བཞིན་ཡོད་ཀྱང་དོན་དམ་དུ་ཨ་ཁུ་དང་ཨ་ནེ་ལྟ་བུའི་མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན་པའི་སྐབས་དེའི་བཤུ་གཞོག་པའི་བྱ་སྤྱོད་ངན་པར་ཐེར་འདོན་དང་དགག་རྒྱག། སུན་འབྱིན་བྱས་ནས་དེའི་རིགས་ལ་ཅིས་ཀྱང་རྒོལ་ལན་ཡ་མེད་སྤྲོད་དགོས་པ་དང་། མགོན་མེད་སྐྱབས་མེད་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཡ་ང་ཉམ་ཐག་གི་འཚོ་བར་གདུང་སེམས་ཆེན་པོ་བཏོན་པ་དང་། ཡུམ་མྱང་ཚ་དཀར་རྒྱན་ལྟ་བུའི་བོད་རིགས་བུད་མེད་མཛངས་མ་དག་གི་བློ་གྲོས་ལ་རྗེས་སུ་ཡི་རང་དང་མོ་རང་ཚོའི་ཐབས་ཟད་འུ་ཐུག་གི་མཇུག་འབྲས་ལ་སྙིང་རྗེ་སྐྱེས་པ། བ་རི་ལོ་ཙཱ་པ་དང་དགེ་བཤེས་རྩག་ཕུ་པ་སོགས་ཆོས་པ་རྫུན་མ་དག་གི་བྱ་སྤྱོད་ལ་ཟུར་ཟ། ཤི་ཡང་གཞན་དུ་མི་བྱེད་པའི་མི་ལ་རས་པ་དང་མར་པ་ལོ་ཙཱ་པ་ལྟ་བུའི་ཆོས་པ་རྣམ་དག་གི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ཡོད།།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10