2026-04-14
ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས་ལས་ཞུགས་ཕན་ཡོད་སྲིད་ཇུས་ཤིག་བཏོན་ནས་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་པའི་བྱ་ཐབས་བརྒྱུད། ལས་ཤོར་འགན་བཅོལ་དངུལ་ལེན་མཁན་སྟབས་བསྟུན་ལས་ཞུགས་བྱ་རྒྱུར་སྐུལ་བ་དང་སྤྱི་ཚོགས་འགན་བཅོལ་ནང་ཞུགས་བཅུག་པ་རེད།
ཉེ་ཆར། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་བཀྲམ་པའི《མི་ཤུགས་མ་འཇོག་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས་འགའ་ཞིག(ལས་ཞུགས་ཐད)གི་ལས་སྒྲུབ་ཞིབ་སྲོལ》གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ད་ལོའི་ཟླ་བ་དང་པོའི་ཚེས1ནས་ཟླ་བ12པའི་ཚེས31ཉིན་བར་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣར་ངོས་འཛིན་བྱས་པའི་ལས་ཤོར་འགན་བཅོལ་དངུལ་ལེན་མཁན་གྱིས་གལ་སྲིད་སྟབས་བསྟུན་ལས་ཞུགས་བྱས་པར་མ་ཟད། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་སྤྲད་རྒྱུ་ཡིན་ཞིང་། ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་དངོས་ཡོད་གྲོན་དངུལ་འཇལ་བའི་གསུམ་ཆ་གཉིས་ལས་མི་བརྒལ་རྒྱུ་ཡིན་པ་རེད།
གལ་ཏེ་ཁྱེད་ནི་ལས་ཤོར་འགན་བཅོལ་དངུལ་ལེན་པའི་མི་སྣ་ཞིག་ཡིན་ཞིང་སྲིད་ཇུས་འདི་ལོངས་སྤྱོད་འདོད་ན། སྔོན་ལ་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་ཀྱི་ཚོམས་ཆེན་དུ་བསྐྱོད་པའམ་སི་ཁྲོན་མི་ཤུགས་སྤྱི་ཚོགས་འགན་སྲུང་གིAppལ་ཐོ་འགོད་བྱས་ཏེ་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་ངོས་འཛིན་བྱ་རྒྱུ་དང་། སྟབས་བསྟུན་ལས་ཞུགས་བྱས་རྗེས་དུས་ཐོག་ཏུ་སྟབས་བསྟུན་ལས་ཞུགས་ཐོ་འགོད་བྱ་རྒྱུ་མ་བརྗེད། དུས་མཚུངས་སུ་ད་དུང་མི་སྒེར་གྱི་ཐོབ་ཐང་ཐོག་ནས་སྤྱི་ཚོགས་འགན་བཅོལ་དངུལ་འབབ་འཇལ་སྤྲོད་བྱ་དགོས། གལ་ཏེ་ཆ་རྐྱེན་དེ་དག་ཚང་མ་འཛོམས་ཚེ2027ལོའི་ཟླ་བ3པའི་ཚེས31ཉིན་གྱི་གོང་དུ་ཁྱེད་རང་རྒྱུན་སྡོད་བྱེད་སའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་པར་བསྐྱོད་ཆོག་པ་དང་གོང་གསལ་གྱི་དྲྭ་ཐོག་ཐབས་ལམ་བརྒྱུད་ནས་རེ་ཞུ་བྱ་ཆོག།
དོ་སྣང་བྱ་དགོས་པ་ཞིག་ནི། སྲིད་ཇུས་འདིའི་ནང་གཏན་འབེབས་བྱས་པའི་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་ཐད"སྔོན་འཇལ་རྗེས་གསབ"ཀྱི་རྩ་དོན་ལག་བསྟར་བྱ་དགོས་པར་བརྟེན་ཆ་རྐྱེན་འཛོམས་པའི་སྟབས་བསྟུན་ལས་ཞུགས་མི་སྣས་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་གྲོན་དངོས་སུ་འཇལ་རྗེས་རྒྱུན་སྡོད་བྱ་ཡུལ་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིར་རེ་ཞུ་བྱ་དགོས།།
ལོ་ཙཱ། ཡེ་ཤེས།
རྩོམ་སྒྲིག་པ། ཡེ་ཤེས།
རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10