དམིགས་ཡུལ་ཡོད་པའི་སྒོ་ནས་སྔོན་བྱོན་མཁས་པའི་བསྟན་བཅོས་བཀླག།

        2026-04-14

དམིགས་ཡུལ་ཡོད་པའི་སྒོ་ནས་སྔོན་བྱོན་མཁས་པའི་བསྟན་བཅོས་བཀླག།

བཀྲ་བྷ།





   དེང་སྐབས། བོད་ལ་ཡིག་ཐོག་གི་སྐད་ཆ་རིགས་མི་འདྲ་བ་གཉིས་བྱུང་ཡོད་ལ། དེ་གཉིས་ལས་གཅིག་ནི་རྒྱ་ཡིག་ལས་བསྒྱུར་བའི་སློབ་དེབ་ལ་བརྟེན་ནས་བསླབས་པའི་འགྱུར་སྐད་ར་མིན་ལུག་མིན་དེ་ཡིན་པ་དང་། གཞན་ཞིག་ནི་ཡུལ་སྐད་བཙན་ཤུགས་ཀྱིས་ཡི་གེར་བཀོད་པའི་ལུང་སྐད་ར་མིན་ལུག་མིན་དེ་རེད། དེར་བརྟེན། དེང་གི་རིག་གནས་པ་རྣམས་ཀྱིས་བོད་པའི་བསྟན་བཅོས་ཀྱི་སྐད་ཆ་གཙང་མ་དེ་བརྗོད་པར་འདོད་ན། དཔེ་ཀློག་བརྒྱུད་ནས་སྔོན་བྱོན་མཁས་པའི་ཚིག་སྦྱོར་སྤེལ་ལུགས་དེ་སྦྱང་དགོས་འདུག།

   སྔོན་བྱོན་མཁས་པའི་ཕྱག་རྩོམ་བཀླགས་ཏེ་ཚིག་སྦྱོར་སྤེལ་ལུགས་སྦྱོང་སྐབས། ཀློག་པ་པོ་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་དགོས་ཏེ། གལ་སྲིད་ཁྱོད་ཀྱིས་ཚིག་ཐུང་ཞིང་དོན་གསལ་བར་མ་ཟད། ཚིག་གི་ཡིག་འབྲུ་རེ་རེ་བརྗོད་དོན་ལེགས་པར་སྟོན་པའི་གྲོགས་སུ་བཀུག་སྟེ། བརྗོད་པར་འདོད་པ་གང་ཞིག་ཡི་གེར་སྤེལ་གྲབས་ཡོད་ན། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་ཕྱག་རྩོམ་ལ་ལྟོས་དང་། ཁྱོད་ཀྱི་འདུན་མ་དེ་དུས་ཡུན་ཐུང་ངུའི་ཡུན་ལ་མངོན་པར་འགྱུར་ངེས་ཡིན། གལ་ཏེ་ཁྱོད་རང་ནི་ཡུལ་སྐད་ཡི་གེར་འགོད་པའི་རྩོམ་པ་པོ་ཞིག་ཡིན་ན། རྡོ་གྲུབ་བསྟན་པའི་ཉི་མའི་ཕྱག་རྩོམ་ལ་ལྟོས་དང་། ཁོང་ཉིད་ཀྱི་ལས་ཚིག་བསྟན་བཅོས་སུ་འདྲེན་ལུགས་ཀྱིས་ཁྱོད་ལ་ལམ་སྟོན་གནང་ངེས་ཡིན། གལ་སྲིད་ཁྱོད་ནི་བཙན་སྒྱུར་ལ་གོམས་པའི་གསར་འགྱུར་སྡེ་ཁག་གི་ལོ་ཙཱ་བ་ཞིག་ཡིན་ན།རྡོ་རིང་པཎྜི་ཏའི་རྣམ་ཐརལ་ལྟོས་དང་། ཁྱོད་ཀྱི་འགྱུར་སྐད་ར་མིན་ལུག་མིན་དེ་ལ་འགྱུར་ལྡོག་ཅུང་ཟད་འབྱུང་ངེས་ཡིན། གལ་སྲིད་ཁྱོད་ནི་བོད་པའི་བསྟན་བཅོས་ཀྱི་ཚིག་ལ་ཆ་རྒྱུས་མེད་པའི་ཞིབ་འཇུག་པ་ཞིག་ཡིན་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་རྩོམ་ལ་ལྟོས་དང་། ཁྱོད་ཀྱི་རྗོད་བྱེད་ནི་རྒྱན་གྱིས་བཅིངས་མི་སྲིད། གཏན་ཚིགས་དང་གྱེས་མི་སྲིད། ལུང་སྐད་ཀྱིས་སྒྲིབ་མི་སྲིད། གལ་སྲིད་ཁྱོད་རང་ནི་ཚིག་རྩུབ་ལ་གོམས་པའི་དྲ་འབུ་ཞིག་ཡིན་ན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་ཕྱག་རྩོམ་ལ་ལྟོས་དང་། རྗེས་སུ་ཁྱོད་ཀྱིས་གཞན་ལུགས་འགོག་ན་ཆོག རང་ལུགས་འཇོག་ན་རུང་། རྗོད་བྱེད་ཚིག་ལ་འཇིགས་སྐུལ་རིང་ལུགས་པའི་ཉམས་དེ་ཡོད་མི་སྲིད། གལ་སྲིད་ཁྱོད་ཉིད་གནད་ཟབ་མོ་ཞིག་ལ་འཇུག་གྲབས་ཡོད་ན།ཀུན་བཟང་བླ་མའི་ཞལ་ལུངལ་ལྟོས་དང་། རྟོགས་དཀའ་བ་ཐམས་ཅད་གོ་སླ་བའི་ངང་ནས་བརྗོད་ཐུབ་ངེས།གལ་སྲིད་ཁྱོད་ཀྱིས་བོད་པའི་བསྟན་བཅོས་ཀྱི་སྐད་དེ་བོད་ཀྱི་མཛེས་དཔྱོད་ལྟ་བ་དང་བསྟུན་ནས་བརྗོད་གྲབས་ཡོད་ན།གེ་སར་རྒྱལ་པོའི་སྒྲུངལ་ལྟོས་དང་། མེས་པོའི་ཚིག་སྲོལ་དེ་ནས་རྟོགས་ཡོང་།

   གལ་སྲིད་བདག་ཅག་གིས་འདི་ལྟར་དམིགས་ཡུལ་ཡོད་པའི་སྒོ་ནས་སྔོན་བྱོན་མཁས་པའི་བསྟན་བཅོས་བཀླག་ན། ཚིག་སྦྱོར་སྤེལ་ལུགས་ནི་བོད་པའི་སྐད་ཀྱི་ངེས་སྲོལ་དང་གཏན་ནས་གྱེས་མི་སྲིད་སྙམ་མོ།།





རྩོམ་སྒྲིག་པ། མགར་རྒྱལ་སྲས།

རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:རྡོ་དགོན་གསང་བདག་རྡོ་རྗེའི《མཛའ་གཅུགས་ཀྱི་མི་ཚེ》བཀླགས་བྱང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།