2026-04-14
ཉེ་ཆར། དར་མདོ་གྲོང་ཁྱེར་ཁྲོམ་གཞུང་ཤར་མའི་སློབ་ཆུང་གི་ལུས་རྩལ་ཐང་དུ་སློབ་མ་ཡོངས་ཀྱིས་སློབ་གོས་ཆ་འགྲིག་གྱོན་ནས་སྐད་གདངས་ཆེན་པོས་ཁྱད་ཆོས་ལྡན་པའི་དྲག་རྩལ་སློབ་གསེང་ལུས་སྦྱོང་བྱེད་བཞིན་འདུག། 《སློབ་མའི་བསླབ་བྱ》ཞེས་པའི་དྲག་རྩལ་ལུས་སྦྱོང་རོལ་དབྱངས་དང་འགྲོགས་ནས་གྲལ་བསྟར་འགྲིག་པོ་དང་བདེ་ལྕག་འཁྱུག་པོས་དྲག་རྩལ་ལུས་སྦྱོང་གི་ཐུན་མོང་མ་ཡིན་པའི་སྙིང་སྟོབས་དང་ངར་ཤུགས་རབ་ཏུ་མངོན།
ཁྲོམ་གཞུང་ཤར་མའི་སློབ་གྲྭའི་སློབ་སྤྱི་ཞུས་ཆིང་ཡན་གྱིས“ཉིས་འཕྲི”སྲིད་ཇུས་འོག་སློབ་མའི་ཁུར་པོ་ཡང་དུ་གཏང་དགོས་པར་མ་ཟད། སློབ་གསེང་གི་འཚོ་བར་སྔར་བས་ཕུན་སུམ་ཚོགས་པར་བྱ་དགོས། དྲག་རྩལ་ལུས་སྦྱོང་ནི་ཁྲོམ་ལམ་ཤར་མའི་སློབ་ཆུང་གིས་འཚོལ་ཞིབ་བྱེད་པའི་ཐབས་ལམ་གསར་པ་ཞིག་ཡིན། ང་ཚོས་དྲག་རྩལ་དང་ལུས་སྦྱོང་ལུས་རྩལ་ལ་བརྟེན་ནས་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏང་བ་དང་། ཉི་འོད་ལུས་རྩལ་དོན་ལ་འཁྱོལ་བར་བྱས་ཏེ་སློབ་གྲྭའི་བྱིས་པ་རྣམས་ལུས་རྩལ་ཁྲོད་གཟུགས་པོ་བདེ་ཐང་དང་། གུས་སྲོལ་ཤེས་པ། རིག་གནས་བརྒྱུད་སྤེལ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2026ལོར། དཀར་མཛེས་ཁུལ་གྱིས་སློབ་གསོ་དང་ལུས་རྩལ་མཉམ་འདྲེས་ཡོང་བར་བྱས་ནས“གཞོན་ནུའི་སྦྱོང་བརྡར་དམ་འཛིན་དང་། འགྲན་སྡུར་གཉེར་བ། འཕེལ་རྒྱས་ལ་སྐུལ་བ”བཅས་ཀྱི་དམིགས་ཚད་ལ་དམིགས་ནས“བདེ་ཐང་གཙིགས་སུ་འཛིན་པའི”སློབ་གསོའི་འདུ་ཤེས་བརྟན་པོར་བཅངས། ད་ལོའི་ཟླ6པའི་ཟླ་དཀྱིལ་དུ་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་སྐབས་བདུན་པ་སྤེལ་རྩིས་ཡོད་པས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཉམས་འགྱུར་ངོམས་སའི་སྟེགས་བུ་ཞིག་བསྐྲུན་རྒྱུ་རེད། དེ་དང་ཆབས་ཅིག2026ལོ་ནས་བཟུང་དཀར་མཛེས་ཁུལ་གྱིས་མཛེས་དཔྱོད་དང་ལུས་རྩལ་སློབ་གསོའི་ཁྱད་ཆོས་སློབ་གྲྭ་གཏོད་རྒྱུའི་འཆར་གཞི་ལག་ལེན་བསྟར་བ་དང་ལོ་གསུམ་ཙམ་འཛུགས་སྐྲུན་བྱས་པར་བརྒྱུད་ཁུལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དང་དམའ་རིམ་སློབ་འབྲིང་། སློབ་ཆུང(འབྲིང་རིམ་ལས་རིགས་སློབ་གྲྭ)བཅས་ཀྱི་ཁྲོད་ཁུལ་རིམ་པའི་ཁྱད་ཆོས་སློབ་གྲྭ་ཁག་གཅིག་ཁག་བགོས་ནས་གསོ་སྐྱོང་དང་གཏན་ཕབ་ནས“སློབ་གྲྭ་ཀུན་ལ་རྣམ་གྲངས་ཡོད་པ་དང་། འཛིན་གྲྭ་ཀུན་ལ་བྱེད་སྒོ་ཡོད་པ། མི་ཚང་མར་ཁྱད་ཆོས་ཡོད་པའི”མི་སྣ་གསོ་སྐྱོང་གི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱ་རྒྱུ་རེད།
དཀར་མཛེས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་འགྲན་སྦྱོང་དང་ན་གཞོན་ལུས་རྩལ་འཕྲོད་བསྟེན་སྒྱུ་རྩལ་ཁོའོ་ཡི་མགོ་གཙོ་ཞུས་ཧོན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། རང་ཁུལ་གྱིས་ལུས་རྩལ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་། མཛེས་དཔྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་། དམིགས་བསལ་ལ་བརྟེན་ནས་སློབ་གྲྭ་འཛུགས་པ། བརྩེ་སེམས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བཅས་མཐའ་འཁྱོངས་ཏེ་ལུས་རྩལ་མཛེས་དཔྱོད་སློབ་གསོའི་སློབ་ཚན་ཚད་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་དང་། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་མཛེས་དཔྱོད་སློབ་ཁྲིད་ཕུན་སུམ་ཚོགས་སུ་གཏང་བ། སློབ་གྲྭའི་འགྲན་སྡུར་དང་ཚོགས་པའི་མ་ལག་འཐུས་ཚང་དུ་གཏང་བ། ལས་ཞོར་ལུས་རྩལ་སློབ་གྲྭ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱ་རྒྱུ་ཡིན། མ་འོངས་པར་དཀར་མཛེས་ཁུལ་གྱིས་ཁུལ་དང་རྫོང་། སློབ་གྲྭ་བཅས་རིམ་པ་གསུམ་གྱི་སེམས་ཁམས་བདེ་ཐང་འགོག་སྲུང་དྲ་བ་བཙུགས་ནས་ཤུགས་ཡོད་རྒུས་ལུས་རྩལ་ཁྱད་ཆོས་སློབ་གྲྭ་གསར་དུ་བཏོད་ནས་སློབ་མ་ཚང་མར་ཁྱད་ཆོས་ལྡན་པ་དང་མི་ཚང་མ་བདེ་ཐང་ཡོང་བར་བྱས་ཏེ་དཀར་མཛེས་སློབ་གསོའི་སྤུས་ཚད་མཐོ་རུ་གཏང་བ་དང་ཕན་འབྲས་ཆེ་རུ་གཏང་བ། བདེ་ཐང་གཙིགས་སུ་འཛིན་པ་བཅས་དོན་དུ་འཁྱོལ་ནས་ཕན་འབྲས་ཐོན་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།།
གསར་འགོད་པ། རྟ་མགྲིན་རྡོ་རྗེ།
རྩོམ་སྒྲིག་པ། རྟ་མེ།
རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།
རྩོམ་གསར། 10