2026-04-14
སྤྱི་ཟླ4པའི་ཚེས11ཉིན། འཛམ་གླིང་ཐོག་སྐྲུན་བཞིན་པའི་རིགས་གཅིག་པའི་ངོས་མཐོ་ཤོས་ཀྱི་རྡོ་རགས་ཆུ་གློག་ས་ཚུགས་སྟེ་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ལྷག་བ་ཆུ་གློག་ས་ཚུགས་ཀྱི་འཕྲུལ་ཚན་འཁོར་གདན(ཨང4པ)ཐོག་མ་དེ་བདེ་བླག་ངང་དཔྱང་འདེགས་ལྷུ་སྒྲིག་ལེགས་གྲུབ་བྱུང་བ་དེས་འཕྲུལ་ཚན་གྱི་སྤྱིའི་སྒྲིག་སྦྱོར་གདོང་མཆོང་དུས་མཚམས་སུ་སླེབས་པ་མཚོན་པ་དང་དུས་བཀག་ལྟར་ཐོན་སྐྱེད་བྱེད་པ་དང་གློག་གཏོང་འགོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་བ་རེད།
ལྷག་བ་ཆུ་གློག་ས་ཚུགས་ཀྱི་འཕྲུལ་ཚན་འཁོར་གདན་ཐོག་མ་བདེ་བླག་ངང་དཔྱང་འདེགས་ལྷུ་སྒྲིག་ལེགས་གྲུབ་བྱུང་།
ལྷག་བ་ཆུ་གློག་ས་ཚུགས་ནི་དཀར་མཛེས་ཁུལ་འབའ་ཐང་རྫོང་དང་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་གི་འབྲེལ་མཚམས་སུ་གནས་པའི་འབྲི་ཆུའི་གཞུང་རྒྱུད་དུ་གནས་ཤིང་། དེ་ནི་རྒྱལ་ཁབ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ནང་གི་གཙོ་གནད་ཐོག་འཛུགས་སྐྲུན་བྱ་རྒྱུའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཡུལ་གཞི་གཅིག་ཅན་གྱི་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་ཤོང་ཚད་སྟོང་ཝད་ཁྲི200ལ་ཟིན་པ་རེད། ཐེངས་འདིའི་དཔྱང་འདེགས་ལྷུ་སྒྲིག་བྱས་པའི་འཕྲུལ་ཚན་འཁོར་གདན་དང་པོའི་ཚངས་ཐིག་ལ་སྨི13.43དང་མཐོ་ཚད་ལ་སྨི3.1ཡོད། བསྡོམས་པའི་ལྗིད་ཚད་ལ་ཏུན1007ཙམ་ཡོད་པ་རེད། དེ་ནི་ལྷག་བ་ཆུ་གློག་ས་ཚུགས་ཀྱི་ལྗིད་ཚད་ཆེ་ཤོས་ཀྱི་ལྷུ་ལག་ཡིན་པ་དང་། དཔྱང་འདེགས་ལྷུ་སྒྲིག་བདེ་བླག་ངང་ཡོང་ཆེད། ཨར་ལས་ཚོགས་པས“དཔྱང་འདེགས་གཅིག་ལ་ཐབས་ཇུས་གཅིག”གི་དོ་དམ་བྱ་ཐབས་བརྒྱུད་ཡུལ་དངོས་ནས་སྣོལ་སྡེབ་ལས་སྒྲུབ་རྒྱ་ཁྱོན་མང་བ་དང་ཉེན་མེད་དོ་དམ་ཚོད་འཛིན་གྱི་དཀའ་ཚེགས་ཆེ་བ་སོགས་ཀྱི་འགྲན་སློང་ཁྱད་དུ་བསད་ནས་སྤུས་ཚད་མཐོན་པོས་སྒྲོམ་སྟེགས་ལ་ཚ་ལ་རྒྱག་པ་དང་། རྒྱུས་བཟོས་བཟོ་སྣོན་སོགས་ཀྱི་ལས་རིམ་ལེགས་གྲུབ་བྱུང་བ་དང་གནོན་ཤུགས་ཚོད་ལྟ་ཐེངས་གཅིག་གིས་ལེགས་གྲུབ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷག་བ་ཆུ་གློག་ས་ཚུགས་ཀྱིས་ད་ལོའི་ཟླ་བ11པར་ཆུ་བསྒྱུར་ཕུག་ལམ་ལ་ཆུ་གཏོང་བ་དང་ལོ་མཇུག་ཏུ་འཕྲུལ་ཚན་ཚན་འབོར་དང་པོར་ཐོན་སྐྱེད་བྱས་ནས་གློག་གཏོང་འགོ་འཛུགས་པའི་འཆར་གཞི་ཡོད་པ་རེད། ཆུ་གློག་ས་ཚུགས་ཀྱི་ཤོང་ཚད་ཡོངས་རྫོགས་ཐོན་སྐྱེད་བྱེད་འགོ་བཙུགས་རྗེས་ལོ་མང་རིང་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝད་དུང་ཕྱུར90ལ་ཟིན་ནས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི277ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི741བསྙུངས་ཐུབ་ནས་རྒྱལ་ཁབ་ཀྱི་ཆུ་བོའི་འབབ་རྒྱུད་གཙོ་བོའི་ཆུ་ཡུལ་གཞི་གཅིག་ཅན་གྱི་སྔོན་སྐྱོད་རྟེན་གཞི་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་ཕྱིར་སྐྱེལ་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།།
ལོ་ཙཱ། རྟ་མགྲིན་རྡོ་རྗེ།
རྩོམ་སྒྲིག་པ། རྟ་མེ།
རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
རྩོམ་གསར། 10