ཆོས་འཛིན་གྱིས་བསྒྱུར། 2017-11-20
དང་པོ། སངས་རྒྱས་ཀྱིས་མེ་ཏོག་ཐོགས་པ།
འདི་ན་ཁོ་ལ་རྣམ་རྒྱལ་ཚེ་རིང་བུ་ཁྲིད་ཟེར་བ། དེ་ནི་ཁོ་མོའི་བརྩམས་ཆོས་ལ་བརྩི་མཐོང་བྱེད་པ་ཡིན་ལ་ཁོ་མོའི་གངས་ལྗོངས་ཁྱིམ་ཚང་ལ་གོང་བཀུར་ཞུ་བ་ཡིན།
དེ་ནི་ཧ་ལམ་ཉིན་རྟག་པར་སྙན་རྩོམ་ཁང་ལ་རྒྱ་ཡུལ་དང་བོད་ཁུལ་ནས་སྐུར་ཡོང་བའི་དུས་དེབ་དང་དཔེ་ཆ་འབྱོར་གྱི་ཡོད། ངོ་མ་བཤད་ན། ངས་ཞིབ་ཆ་ལྟ་འདོད་ཡོད་པ་དེ་ཧ་ལམ་ཉུང་ཉུང་རེད། དེ་ནི་ངས་ལྟ་འདོད་མེད་པ་མ་ཡིན། ཁྱོད་ཀྱིས་ཤེས་གསལ་རེད། ལོ་ཟླ་ད་སང་གི་བརྩམས་ཆོས་ནང་དངོས་གནས་མིང་དོན་མཚུངས་པའི་བརྩམས་ཆོས་ག་ཚོད་ཡོད་དམ། དམིགས་བསལ་དུ་ཡོད་པ་ནི། ཚེ་རིང་གི་དཔེ་དེབ་དེ་གང་བྱུང་གིས་ཤོག་ལྷེ་གང་ལ་བལྟས་ན། ངའི་མིག་མདུན་དུ་དེ་དུས་ཤ་མདོག་འབྲི་ཆུ་ལྷོ་མའི་བུ་མོ་མཛེས་བཟང་འདྲ་ལ་སེམས་སྐྱོ་ཚད་མེད་མྱོང་བའི་བོད་རིགས་སྒྲོལ་མའི་རྣམ་པ་ཞིག་སླར་ཡང་ཤར་གྱི་འདུག
ངས་ཤེས་པའི་ནང་ཐོག་མཐའ་བར་གསུམ་དུ་གླང་མདུན་དཔལ་འབྱོར་གྱི《གཡུ།》ཞེས་པ་དང་རྒྱལ་ཐང་དབྱངས་ཅན་ལྷ་མོའི་བརྩམས་སྒྲུང་གཉིས་ཡག་ཤོས་དང་སྙན་གྲགས་ལགས་ཀྱི་སྣུམ་ཚོན་རི་མོ་ཡག་ཤོས། བློ་རྒྱལ་པད་མའི་སྙན་རྩོམ་ཡག་ཤོས་རེད་བསམ་གྱི་ཡོད། འདི་ནི་ཕྲན་རང་གི་ལྟ་ཚུལ་ཕྲན་བུ་ཞིག་ཡིན་པ་ནི་བཤད་མ་དགོས་པ་རེད། པད་མ་ལྷ་སྒྲོལ་གྱི་བརྩམས་ཆོས་ལ་དགའ་མོད། འོན་ཀྱང《བོད་ལྗོངས་ཀྱི་ཟླ་འོད།》ཀྱི་མཐའ་མའི་ཁག་དེར་ལེགས་ཆ་སྡུག་མཐུད་ཀྱིས་བརྗོད་བྱ་གཙོ་བོ་དང་བྲལ་བའི་བྱ་བ་རིང་ཞིང་མང་པོ་ཞིག་བཀོད་ཡོད་པས། ང་རེ་ཐག་ཆེན་པོ་ཆད་སོང་། དེ་ནས་བོད་ཡུལ་གྱི་རྩོམ་རིག་ཀྱང་རྒྱུ་ལ་རྔམ་པའི་གྲུབ་ཆ་དང་བྲལ་ཐབས་མེད་པའི་ཚོར་སྣང་ཡོད་པ། དེ་བས་ཁུངས་མེད་ལུང་མེད་ནི་རྒྱ་ཡུལ་ནས་ལྷ་སར་གསེར་ཆུ་བྱུག་པར་ཡོང་མཁན་རྒྱ་ཡུལ་གྱི་རྩོམ་པ་པོ་ཟེར་བ་མང་པོ་ཞིག་གིས་བྲིས་པའི་མི་ལ་སེམས་ན་ཞིང་སྐྱུག་བྲོ་བའི་རྩོམ་འབོར་ཆེན་ཞིག་ཡོད། གནད་དོན་ནི་བསམ་ཡུལ་ལས་འདས་པ་རྩོམ་དེ་དག་རྒྱ་ཡུལ་དུ་དར་ཁྱབ་ཆེ་བས། ཁོ་ཚོས་དེབ་གཅིག་གི་རྗེས་ལ་གཅིག་བྲིས་ཏེ་མཐར་མཐུད་ནས་རང་གི་ངོ་ལ་གསེར་ཆུ་བྱུག་བཞིན་ཡོད།
《རྒྱང་རིང་གི་ནས་སྙེ།》ཞེས་པ་དེའི་ལེའུ་འགའ་བཀླགས་རྗེས། ངས་རང་གི་སྔོན་ཆད་ནོར་འཛོལ་གྱི་ལྟ་ཚུལ་ཤེས་པ་འདྲ།(ཉེ་བའི་ལོ་ཤས་རིང་། བོད་ཁུལ་གྱི་སྦས་གསང་སྙན་ངག་པར་རོགས་བྱས་ཏེ་རྒྱ་ཡུལ་གྱི་རྩོམ་རིག་དུས་དེབ་ཆེ་གྲས་ཐོག་སྙན་ཚིག་གི་བརྩམས་ཆོས་གྲངས་མེད་པ་ཞིག་བཀོད་ཡོད།)དེ་ནས་ཚེ་རིང་གི་སྔོན་མའི་སྙན་ཚིག་བརྩམས་ཆོས་འགའ་ཞིག་བསྐྱར་ཀློག་བྱས་ཏེ་གསར་དུ་རྩོམ་སྐུལ་བྱེད་དུས་སོམ་ཉི་གཏན་ནས་མེད་པར་ཚེ་རིང་གི་སྙན་ཚིག་དེ་དང་པོར་བཞག་པ་ཡིན།
སངས་རྒྱས་ཀྱིས་མེ་ཏོག་ཐོགས་པ་ཞེས་པའི་ཚིག་ཀློག་དུས། ཉི་མ་འགར་ཡིད་མུག་པའི་ངས་པར་ཆས་ཁུར་ནས་ན་ལོར་བྲིས་པའི་སངས་རྒྱས་ཕྱག་ལག་གི་བརྩམས་ཆོས་ལ་པར་རྒྱག་པས་ན། བསམ་ཡུལ་ལས་འདས་པ་ནི་ཚང་མ་མེ་ཏོག་ཐོགས་པའི་ཚུལ་ཡིན་པས་ངས་རང་དབང་མེད་པར་དགོད་ཤོར་སོང་།
གཉིས་པ། རྒྱང་རིང་གི་ནས་སྙེ།
སྣང་འཆར་དང་པོ་ནི་ཚེ་རིང་གིས《རྒྱང་རིང་གི་ནས་སྙེ།》ཞེས་པ་དེས་དེབ་ཀྱི་མིང་བྱས་པ་དེ་ཅུང་སྤྱིར་བཏང་ཡིན་མོད། འོན་ཀྱང་འོག་གི་དཔེ་རིགས་ཀྱི་ཚིག་སྤྱོད་ལུགས་དེས་ང་ལ་ནས་དང་ནས་བར་གྱི་མུ་འབྲེལ་གྱི་རྒྱུད་པ་འཚོལ་ཏུ་འཇུག
རྣམ་ཤེས་ཕྱིར་འགྲོ་དུས། མ་ཡུམ་དང་ཁ་གྱེས་པ། མ་ཡོམ་ལ་མར་མེ་མེད་པས། དེ་ནས་རང་ཉིད་ཀྱི་རུས་པ་བརྡུངས་ནས་རུས་སྣུམ་བཟོས་ཏེ་མུན་མ་རུབ་སྔོན་ལ་དཀར་མེ་ཞིག་གཏོང་བ་དང་ནམ་མ་གསལ་གོང་ལ་འབར་ཚར་བ་བྱེད་པ་ཞེས་པ།
དེའི་སྔོན་ལ། རྩོམ་པ་པོ་ཆུང་དུས་བསྐྱར་དུ་མནའ་མ་འགྲོ་བའི་ཨ་མ་ལྟ་སར་འགྲོ་བ་ན། རྒྱང་རིང་གི་ནས་ཞིང་ཞིག་གི་ནང་ནས་རྔ་བཞིན་པའི་ཨ་མའི་གཟུགས་ལ་རྒྱང་ལྟ་བྱེད་དུས། གློ་བུར་དུ་རང་ཉིད་ནི་རྒྱང་རིང་གི་ནས་སྙེ་དེ་ཡིན་ཞིང་ཁ་འཐོར་ཕྱེ་རུང་རྒྱུད་པ་འབྲེལ་བའི་ནས་འབྲུ་སྲབ་ཞན་དེ་ཡིན་པའི་དྲན་ཤེས་ཤིག་རྙེད་བྱུང་།
སེམས་ཕམ་ཡིད་སྐྱོ་བའི་ཚིག་ཁ་དེ་དག་ཀློག་དུས། ནམ་ཡིན་ཡང་ངུ་བསམས་ཀྱང་མཆི་མ་མེད་པའི་མྱོང་ཚོར་ཞིག་ཡོད་འདུག བོད་རིགས་ཀྱི་བུ་མོ་ཞིག་གིས་ཧ་ཅང་ཞིབ་ཚགས་པོའི་འབྲི་རྩལ་གྱིས་རང་ཉིད་དང་ལུས་འགྲམ་གྱི་འཇིག་རྟེན་འཁོར་བའི་དགའ་སྐྱོ་སྡུག་བྲལ་གྱི་བརྩེ་སེམས་ལ་འགྲེལ་བཤད་རྒྱག་པ་ཁོ་ནར།ཁྱོད་ཀྱིས་བརྩི་འཇོག་གི་བསམ་ཚུལ་ཞིག་ཁུར་ནས་ཁོ་མོའི་རྩོམ་ཀློག་པ་དང་དེར་གོ་བ་མི་ལེན་ཀ་མེད་རེད།
འོ་ན། བོད་ཁུལ་གྱི་ལོ་དགུའི་རིང་།《རྒྱང་རིང་གི་ནས་སྙེ།》ཞེས་པ་དེ་ནི་ངས་ཀློག་པའི་ཚིག་ལྷུག་ཕྱོགས་བསྒྲིགས་ཆེས་ཡག་ཤོས་ཤིག་རེད་ཅེས་འདི་ནར་བཤད་ཆོག་གི་རེད། འདི་འདྲའི་ཤེས་ཚོར་ཡོད་པར་ང་ལ་སྤྲོ་བ་ཏོག་ཙམ་ཡོད་འདུག
གསུམ་པ། དར་ལྕོག་གང་སྒྲོན་པའི་ཟམ་པ།
བོད་དུ་བསྡད་པའི་ལོ་དགུའི་རིང་། རྒྱ་ཡུལ་སྣང་མེད་དུ་ཤོར་བ་དང་ཕ་ཡུལ་བློ་རྒྱང་དུ་སོང་བའི་སེམས་ནད་ཀྱི་རྐྱེན་གྱིས། ནམ་རྒྱུན་དུས་ཆེན་ནང་ང་ཁེར་རྐྱང་སྡོད་དུས་སེམས་ན་ནས་བཟོད་ཐབས་བྲལ་བའི་མྱོང་ཚོར་ཞིག་ཡོད། གང་ལྟར་བརྩམས་ཆོས་རིང་པོ་ཡིན་ནའང་འདྲ། ཐོལ་བྱུང་གི་རྩོམ་ཡིན་ནའང་འདྲ། ཡང་ན་སྙན་རྩོམ་ཡིན་ནའང་འདྲ། རི་མོ་ཡིན་ནའང་འདྲ། རྩོམ་རེ་དང་ཚིག་རེས་མཚོན་པར་བྱེད་པའི་ཚང་མ་ནི་ཡུལ་གཞན་གྱི་རྣམ་པ་ཡིན་པ་དང་བསྟོད་བསྔགས་བྱེད་ཡུལ་ཚང་མ་ནི་ཡུལ་གཞན་གྱི་རྒྱུད་མཚོན་རི་མོ་ཡིན། ངས་ནམ་རྟག་པར་མཐོ་སྒང་གི་ས་དེར་མཉམ་འདྲེས་བྱ་རྒྱུ་འཕྲུལ་བསམ་བྱས་ཏེ་ཐ་ན་དུས་ཡུན་རིང་པོར་གནས་མཆོག་ལྷ་ས་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བས་དེ་ནས་ཕ་ཡུལ་ལ་འཆང་བའི་སྤྲོ་སེམས་དེ་བོད་ལྗོངས་འཁྱགས་རུམ་གྱི་མཐའ་མཚམས་ལ་འཇོག་དགོས་ཐུག་སོང་།
ཀློག་ཁོམ་བྱུང་མ་མྱོང་བ་དང་། ས་བོན་གཅིག་ཀྱང་འདེབས་མི་དགོས་པར་དུས་ཚིགས་ནང་ཚེ་ཚེ་རབས་རབས་དར་རྒྱས་ཡོང་བའི་ས་ནག ཡི་གེ་འགའ་ཡང་མི་ཤེས་རུང་། རང་ཉིད་ཀྱི་ལག་བདེ་རྐང་ཡང་ལ་བརྟེན་ནས་ང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་གསོ་སྐྱོང་གནང་མཁན་སྐྲ་ལོ་དུང་ལྟར་དཀར་བའི་ཨ་མ་དང་ལོ་ན་དར་བའི་དུས་སུ་ཤི་ཞིང་ནམ་ཡང་ཚེ་གང་ལ་ལག་གདང་སྦྲེལ་ཐབས་མེད་པའི་ཞལ་རས་ལྷ་མོ་ལྟ་བུའི་བཟའ་ཟླ་བཅས།
ད་སང་། ང་ཡ་མཚན་སྐྱེ་བ་ནི《རྒྱང་རིང་གི་ནས་སྙེ།》ཞེས་པ་དེའི་ནང་ངས་ཐེངས་མ་མང་པོ་ཕ་ཡུལ་སྐོར་གྱི་རྣམ་པ་མཚོན་ཡོད་པ་ཀློག་ཐུབ་བྱུང་།
བྱིས་པའི་དུས་སུ་ཐང་ལ་བསྡད་དེ་གློག་བརྙན་ལྟ་བ་དང་ཐ་ད་རུང་ང་འཚོ་སྐྱོང་གནང་བའི་སྡོང་བུ་མངར་བའི་ཁྲེ་རྒོད་འབྲུ་གུ། ཡི་གེ་གཅིག་ཀྱང་མི་ཤེས་རུང་གླིང་བུ་སྤྲིན་ཆུ་རྒྱུག་རྒྱུག་གཏོང་ཤེས་པའི་ཨ་མེས་ཀྱི་ངའི་ངོ་ལ་ཟུག་པའི་ཁ་སྤུ། ནས་ཀྱི་ལྗང་བུ་ནང་བཞིན་ངའི་མདུན་དུ་སླར་ཡང་འཆར་བའི་རྣམ་པ་འདི་ལ་ལྟ་བ་ན། ལྷ་སའི་དཔྱིད་འགོའི་དྲོད་དེ་གཏན་ནས་མར་ཆག་མེད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།
བོད་ཁུལ་དང་རྒྱ་ཡུལ། ཕ་ཡུལ་དང་གཞན་ཡུལ། དབྱེ་བ་འདི་དངོས་གནས་རབ་རིབ་ཏུ་འགྱུར་སོང་། རྒྱ་ཡི་གོམས་སྲོལ་དུ་འགྱུར་བའི་ཚེ་རིང་ལ་ཚེ་སྔོན་མར་རྒྱ་ཡུལ་ལ་གཉེན་མཐུན་གྱི་ལས་འབྲེལ་ཡོད་ཤས་ཆེ་བ་དང་། བོད་ལྗོངས་སུ་སྡོད་པའི་རྒྱ་ཕྲུག་ཕོ་གསར་ངས་གཉིད་ལམ་དུའང་གླུ་དབྱངས་འབུལ་འོས་པའི་བྱ་གཏོར་ཞིག་ཡོད་ན་ཅི་མ་རུང་བསམ་རེ་སྒུག་བྱེད་ཀྱི་ཡོད་པ་ངེས་གཏན་མེད།
ང་ཚོ་ནི་དར་ལྕོག་གང་སྒྲོན་པའི་ཟམ་པས་སྦྲེལ་སོང་།
བཞི་པ། དགའ་བ་དང་བྱམས་པའི་བྱ་སྤྱོད་སྤེལ་རིང་འཁོར་བ།
ད་དུང་ཚེ་སྲོག་གི་མར་མེ་ཟད་གྲབས་ཡོད་པའི་རྣམ་ཤེས་ཤིག་ལ་དཀར་མེ་གཏོང་བ་དང་བསང་མཆོད་གཏོང་བར་མི་འགྲོ་ནས་ཅི་བྱེད་པ་ཡིན་ཞེས་ཨ་མེས་རྣམ་རྒྱལ་ཨ་བུས་འདི་ལྟར་བཤད།
ཨ་ཕ་ཞེས་པར། རིག་འཛིན་ལྷ་མོས(ཨ་ཕྱི)ཨ་ཞེས་ལན་སློག་པ་དང་མཉམ་དུ་གཉིད་ལམ་ནང་ཡར་བསླངས་པ། དེའི་རྗེས་སུ་སྐད་སྒྲ་དེ་ཡང་བསྐྱར་ཐོས་རྒྱུ་མེད་པར་གྱུར། དེ་འདྲ་འཇམ་ཐིང་ཐིང་གིས་གཤེགས་སོང་བ་དང་འབྲེལ་ཐག་གཅོད་པ་དེ་འདྲ་མཐར་ཕྱིན་པ་ལུས་ཡིན།
གྲང་ངར་ལྡན་པའི་རླུང་ལྡང་བས་ན་སྐྱེ་དངོས་ཡོད་རྒུ་ཉིན་རེ་བཞིན་ཉུང་དུ་འགྲོ་བ་དང་སྐྱེ་སྟོབས་ཉམས་པར་འགྱུར་སོང་། ལམ་འགྲམ་གྱི་གད་སྙིགས་བླུག་སྣོད་དེ་སྔོ་སྐྱ་ཅན་ནས་འོ་མདོག་ཅན་དུ་བརྗེས་སོང་། སྔར་བཞིན་གྱི་མི་རྒན་འགའ་ཞིག་དེ་རེད། ཁོ་ཚོ་ཉི་མ་ལྡེ་སར་མི་འགྲོ་ལ། ཟླ་བ་ལྟ་བར་མི་འགྲོ་བར། སྔ་ཕྱི་དྲོར་ཁོ་ཚོས་སྒྲུག་དགོས་པའི་དངོས་པོར་རྣམ་འགྱུར་དེ་འདྲ་གཅིག་ཏུ་སྒྲིམ་བ་བྱེད་ཀྱི་ཡོད་པ་ངས་ནམ་དུས་མཐོང་གི་ཡོད། ཁོ་ཚོ་དེ་འདྲ་གནོང་མེད་ཡིད་བདེ་དང་འཛེམ་ཆ་གང་ཡང་མེད་པ་ཡིན་ཞིང་། འདི་འདྲ་ཡིན་དུས་ངའི་སེམས་ནང་ན་ཚ་ཤུ་ཚོར་ལ་མ་ཚོར་བ་ཞིག་ལངས་ཀྱི་འདུག དེ་ནས་ཐག་ཆོད་པོས་ལུས་ཐོག་གི་དངུལ་ཡོད་ཚད་ཁོ་ཚོར་སྤྲད་དེ་ང་ལ་ལྟོགས་པར་ལུས་པ་དང་དཀའ་ངལ་ཐུག་འཇུག་ན་ཅི་མ་རུང་བསམ་གྱི་ཡོད།《སྟོན་མཇུག་གི་དུས་བདེ་ཞོད་འཇགས།》ཞེས་པ་ལས་བསྡུས།
འདི་ནར་སླེབས་དུས། རྩོམ་ཐུང་དེ་མཇུག་བསྡུ་དགོས་པ་འདུག ངའི་སེམས་ནང་ཕངས་སེམས་སྐྱེ་དགོས་པ་ཉག་ཅིག་ཡོད་པ་ནི་ཚིག་ལྷུག་གཅིག་བསྒྲིགས་ཀྱི་མཇུག་གི་རྩོམ་འགའ་ཞིག་ནང་དགོས་དབང་ལ་བསྟུན་པ་མང་དྲགས་པ་འདྲ། སྣང་ཚུལ་དེ་རིགས་ཚེ་རིང་གི་ལུས་ཐོག་ལ་ཡོད་མི་རིགས་པ་ཞིག་རེད། དེ་དང་བསྟུན་ནས་སྐུལ་མ་གཏོང་བ་ཡིན། དགོངས་པ་མ་ཚོམས།
རྩོམ་གསར། 10