སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར། 2018-01-15
ལེའུ་བདུན་པ། ཟླ་བ་བཞི་པ།
ལུས་རྩལ་སློབ་ཚན།
ཉིན་འདི་ཤས་རིང་གི་གནམ་གཤིས་ཧ་ཅང་ཡག་པོ་རེད། ང་ཚོའི་ལུས་རྩལ་སློབ་ཚན་ཁང་པའི་ནང་ནས་ཕྱི་རྒྱབ་ལ་སྤོ་ཐུབ་པ་བྱུང་། ལའེ་ལིའི་ཨ་མ་སློབ་གཙོའི་གཞུང་ལས་ཁང་དུ་སོང་ནས་ཁོས་ལུས་རྩལ་སློབ་ཚན་ཚོགས་མི་དགོས་པའི་རེ་ཞུ་བྱས་པ་རེད།
ང་ལ་ངོ་སྤྲོད་ཅིག་བྱེད་བཅུག་རོགས། ལའེ་ལི་ནི་ལུས་ཞན་ཞིང་རིད་ལ་ངོ་གདོང་དཀར་ཐལ་ཐལ་ཡིན་པའི་བུ་ཆུང་རྒུ་རུ་དེ་རེད། ཁོའི་སྦྱངས་འབྲས་ཧ་ཅང་ཡག་ཅིང་ལུས་པོར་སྐྱོན་ཡོད་པའི་རྐྱེན་གྱིས་མི་ཁ་ཤས་ཀྱིས་ཟུར་དགོད་བྱ་ཡུལ་དུ་གྱུར་པ་དང་། ཁ་ལུང་ནི་ནམ་ཡང་ཁོའི་ཆེས་གཞུང་དྲང་གི་སྲུང་སྐྱོང་བ་ཡིན།
མིན། ངས་ལུས་རྩལ་སློབ་ཚན་འཚོག་རྒྱུ་ཡིན། ང་ཁ་ལུང་དང་མཉམ་དུ་བསྡད་ཀྱིན་ཡིན། ལའེ་ལིས་མཐའ་གཅིག་ཏུ་བཙན་བཙུགས་པས་ཨ་མའི་བློར་བབ་པ་རེད།
དེ་རིང་གི་སྦྱོང་བརྡའི་རྣམ་གྲངས་ནི་གཞུང་ཤིང་གི་ཐོག་ལ་འཛེགས་རྗེས་སྙོམས་སྟེགས་ཀྱི་སྟེང་དུ་དྲང་པོར་ལངས་དགོས་པ་དེ་རེད། ཏའེ་ལའོ་ཞི་དང་ཁའོ་ལེ་ཏི་བདེ་ལྕག་འཁྱུག་པོ་ཡིན་པས་ཚུམ་ཚུམ་གྱི་སྒྲ་དང་བཅས་ཡར་འཛེགས་སོང་། པའོ་ལེ་ཁའོ་ཞིས་པུས་མོར་བསླེབས་པའི་གོས་ཆེན་ཞིག་གྱོན་ཡོད་ཀྱང་ཞན་འདོད་མེད་ཅིང་བདེ་ལྕག་ཡང་པོས་ཡར་འཛེག་སོང་། སློབ་གྲོགས་ཚོས་ཁོར་ཟུར་དགོད་བྱེད་བསམ་ཡང་ཁོས་ཁ་ནས་སི་ཏེ་ཏིའི་ནམ་རྒྱུན་ཤོད་བཞིན་པའི་སྐད་ལུགས་ཏེ་བཟོད་དགོངས་གནང་རོགས། བཟོད་དགོངས་གནང་རོགས་ཞེས་པའི་ཚིག་དེ་ཡང་ནས་ཡང་དུ་བཤད་པས། སི་ཏེ་ཏིའི་ཁ་ངོ་བྱ་དམར་པོ་ཞིག་དང་འདྲ་བར་གྱུར་ནས་ཁ་ཕོ་བཅངས་ནས་དབུགས་ཐེངས་གཅིག་གིས་ཡར་འཛེགས་པ་རེད། ཁ་ལུང་ལ་ཐུག་སོང་། ཁོས་ཕྱོགས་གཅིག་ནས་བག་སོབ་མུར་བཞིན་ཕྱོགས་གཅིག་ནས་ཤུགས་གང་ཡང་རྒྱག་མ་དགོས་པར་ཡར་འཛེགས་སོང་། ཁོ་ནི་བེའུ་ཞིག་དང་འདྲ་བར་སྟོབས་དང་ལྡན་ཞིང་ད་དུང་མི་ཞིག་ཁྲིད་དགོས་ན་ཡང་རྣམ་དག་གང་ཡང་ཡོད་པ་མ་རེད།
ལའེ་ལི་འཛེག་རན་སོང་། ཁོས་སྐམ་ཞན་གྱི་ལག་པས་གཞུང་ཤིང་འཐམས་ནས་ཤུགས་ཡོད་དགུས་གོང་ལ་ལ་འཛེག་པ་དང་། ཚང་མ་དགོད་མོ་ཤོར་སོང་། ཁ་ལུང་གིས་ལག་ཟུང་སྐེད་པར་བརྟེན་ནས་ངན་དགོད་བྱེད་པའི་མི་ལ་མིག་བགྲད་དེ་ད་རུང་སྐད་ཅོར་རྒྱག་ན་ངས་རྡུང་བར་ཡིད་གཟབ་ཀྱིས་ཞེས་བརྡ་རྒྱག་པ་རེད།
ཕྱོགས་བཞིར་ཁུ་སིམ་མེར་གྱུར་སོང་། ལའེ་ལིའི་དབུགས་ཇེ་དྲག་ཏུ་གྱུར་ཞིང་ངོ་གདོང་ཡང་སྔོ་ནག་ཏུ་གྱུར། སྲན་རྡོག་ལྟ་བུའི་རྔུལ་ཆུ་ཐོད་པ་ནས་བཞུར། དགེ་རྒན་གྱིས་སེམས་ཁྲལ་ཆེན་པོས་ཁོར་མགྱོགས་པོར་མར་བབ་ཤོག་ཅེས་བཀའ་གནང་ཡང་། ཁོས་མིན་ཞེས་པ་ལས་ཅི་ཡང་མི་ཟེར་ཞིང་མུ་མཐུད་དེ་མཐའ་འཁྱོངས་ནས་འཛེག ངས་ཁོ་ངོ་མ་མར་ལྷུང་བར་སྐྲག་ཅིང་ཁོར་རོགས་བྱས་ནས་ཕུར་འདོད་ཅིག་ཀྱང་སྐྱེས་བྱུང་། ཨེ། ཤ་ཚ་བའི་ལའེ་ལི། ཤུགས་བསྒྲིམ། ལའེ་ལི། བསླེབས་རན་སོང་། ད་དུང་ཤུགས་ཅུང་ཟད་སྒྲིམས་དང་། ཁ་ལུང་དང་། ཏའེ་ལའོ་ཞི། ཁའོ་ལེ་ཏི་བཅས་ཀྱིས་མགྲིན་གཅིག་ཏུ་ཁོར་ཤུགས་བསྒྲིམ་རོགས་བྱས། ལའེ་ལི་ལ་སྐུལ་ལྕགས་ཐེབས་ནས་ཤུགས་གང་ཡོད་བསྒྲིམས་ཏེ་རྩེ་མོར་བསླེབས་རན་སོང་། བཟང་གི། ད་དུང་གོམ་པ་གང་འདུག ཤུགས་རྒྱག ཚང་མས་སྐད་ཤུགས་ཆེན་པོས་བོས་པ་རེད།
ལའེ་ལིས་སྙོམས་སྟེགས་འཇུས་ཐུབ་པའི་སྐབས་སུ་ཚང་མས་སྤྲོ་སེམས་འཁོལ་བའི་ཐལ་སྒྲ་རྡེབ་པ་རེད། དགེ་རྒན་གྱིས་ངོ་མ་ཡག་པོ་འདུག ད་མར་ཤོག་ཅེས་བཤད།
རེད་དེ་ལའེ་ལིས་གཟིགས་སྐྱོང་དང་ལེན་བྱེད་འདོད་མེད་ཅིང་ཁོས་སློབ་གྲོགས་གཞན་དང་འདྲ་བར་སྙོམས་སྟེགས་ཀྱི་སྟེང་ལ་འཛེགས་པའི་འདོད་པ་ཡོད་པ་རེད། ཁོས་སླར་ཡང་འགུལ་སྐྱོད་ཅིག་བརྒྱབ་སྟེ་གྲུ་མོས་སྙོམས་སྟེགས་ལ་དམ་པོར་བཀན་ཞིང་དེ་ནས་པུས་མོ་གོང་དུ་སྤོ། རྐང་གཡས་བརྐྱངས་ནས་མཐར་དེའི་ཐོག་ཏུ་ལངས་ཐུབ་པ་རེད། ཁོའི་ཁ་ངོ་དམར་པོར་གྱུར་ཞིང་དབུགས་ཧལ་པ་དང་། མིག་ལས་མི་ལ་སེམས་འགུལ་ཐེབས་པའི་ང་རྒྱལ་དང་སྤོབས་པ་འཕྲོས་ཤིང་སྔར་མའི་ལའེ་ལི་དེ་མིན་པ་ལྟ་བུ་ཞིག་ཏུ་གྱུར་འདུག
མི་ཚང་མའི་སྤྲོ་དགའི་ཁྲོད་དུ་ལའེ་ལི་སླར་ཡང་མགྱོགས་པར་མར་བབ་བྱུང་། ཁོའི་ཨ་མ་ཐག་མི་རིང་བའི་ས་ནས་ཁྲོམ་ལམ་དུ་ཚུར་འགྲོ་ཕར་འགྲོ་བྱས་ཤིང་སེམས་སྐྱོ་བའི་རྣམ་འགྱུར་མངོན་གྱིན་འདུག
སློབ་གྲྭ་གྲོལ་རྗེས། ལའེ་ལིའི་ཨ་མ་ཁོ་བསུ་སར་བསླེབས་ཤིང་བུ་དམ་པོར་འཁྱུད་དེ་ཅི་འདྲ་རེད། ངའི་བུ། ཞེས་དྲིས།
ཡག་པོ་བྱེད་སོང་། ང་ཚོ་དང་འདྲ་འདྲ་ཡར་འཛེགས་པ་རེད། ངོ་མ་དཔེ་མི་སྲིད་པ་རེད། དཔའ་ངར་ཆེན་པོ་འདུག མི་གཞན་པ་ལས་ཅུང་ཟད་ཀྱང་རྗེས་ལུས་ཀྱི་མི་འདུག་ཅེས་ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ལན་འདེབས།
ལའེ་ལིའི་ཨ་མ་སེམས་པ་ཧ་ཅང་དགའ་ཞིང་། སློབ་གྲོགས་ཚང་མ་ལ་བཀའ་དྲིན་ཆེ་ཞེས་ཞུ་འདོད་ཀྱང་ཁོ་སེམས་འགུལ་ཐེབས་དྲག་པས་ཚིག་གཅིག་ཀྱང་བཤད་ཐུབ་མ་སོང་། ཁོའི་ལུས་ཡོངས་འདར་བཞིན་མི་ཚང་མའི་ལག་པ་འཇུས་བས་མ་ཚད་ད་དུང་ཁ་ལུང་ལ་ལྷག་བསམ་ཟོལ་མེད་ཀྱི་འཐམ་འཁྱུད་ཅིག་བྱས་པ་རེད། དེའི་རྗེས་ཁོ་དང་བུ་གཉིས་སྐད་ཆ་བཤད་ཞོར་དང་དགོད་ཞོར་བྱེད་བཞིན་ཁྱིམ་དུ་ལོག་པས་ཅི་འདྲའི་དགའ་སྤྲོ་ཆེ་བ་ལ་ཨང་།
ཨ་ཕའི་དགེ་རྒན།
ཁེ་ཉིན་དགོང་ཟས་ཟ་བའི་ཚེ་ཨ་ཕས་ཚགས་པར་གྱི་ཐོག་ནས་ཁོ་རང་སློབ་ཆུང་ལོ་རིམ་དང་པོར་འདོན་པའི་སྐབས་ཀྱི་དགེ་རྒན་ད་དུང་གསོན་པོར་འཚོ་བཞིན་ཡོད་པ་ཐོས་པས་དགའ་སྤྲོ་ཚད་མེད་སྐྱེས། ཨ་ཕས་ངའི་དགེ་རྒན་ལོ་གྱ་བཞིར་སོན་པ་རེད། ཁོང་གིས་ལོ་དྲུག་ཅུ་རིང་ལ་སློབ་ཁྲིད་གནང་བ་དང་། སློབ་གསོ་པུའུ་ཡིས་ད་དུང་ཁོང་ལ་གཟེངས་རྟགས་ཀྱང་གནང་མྱོང་། ཨན་ལེ་ཁའོ། ང་སང་ཉིན་ཁོང་ལྟ་སར་འགྲོ་བར་ཐག་གཅོད་པ་ཡིན། ཁོང་ཁུང་ཐེ་ཕུའུ་རུར་བསྡད་ཡོད་ལ། ཏུའུ་ལིན་ནས་ཆུ་ཚོད་གཅིག་གི་འཁོར་ལམ་ལས་མེད་པ་རེད་ཅེས་རྒྱུན་ཆད་མེད་པར་འདོན་པ་རེད།
དེའི་འོག་གི་དུས་ཚོད་ཚང་མའི་ནང་དུ་དགེ་རྒན་གྱི་གཏམ་རྒྱུད་ཆད་མེད་ཀྱིས་ཤོད་པ་ལས་དེ་མིན་ཚང་མ་ལ་སྤྲོ་སེམས་མེད་པར་གྱུར། མེ་འཁོར་དུ་བསྡད་ཟིན་ན་ཡང་ཨ་ཕས་ད་དུང་བྱིས་དུས་ཀྱི་གཏམ་རྒྱུད་ཆུ་རྒྱུག་རྒྱུག་ལྟར་བཤད་པས་མ་ཚད་ཁོང་གི་བརྗེད་དཀའ་བའི་དགེ་རྒན་གྱི་སྐོར་གླེང་བ་རེད།
ཁུང་ཐེ་ཕུའུ་ལ་བསླེབས་རྗེས། ང་ཚོས་ལས་སླ་མོའི་སྒོ་ནས་དགེ་རྒན་གྱི་སྡོད་གནས་བཙལ་ཐུབ་སོང་། དེར་ཡོད་ཀྱི་མི་ཚང་མས་ཁོང་ངོ་ཤེས་ཀྱི་འདུག ང་ཚོ་ཐང་ཞིག་བརྒྱུད་ཅིང་ལམ་ཕྲན་ཞིག་གི་ཐོག་ལ་འགྲོ་བའི་ཚེ། ཨ་ཕས་གློ་བུར་དུ་འགྲོ་མཚམས་བཞག་ནས་མདུན་གྱི་རྩྭ་ཞྭ་གྱོན་ཞིང་ལག་མཁར་བཙུགས་པ་དང་། ལག་པ་འདར་ཞིང་རྐང་པ་ཅུང་ཟད་འཐེང་བའི་སྐྲ་ལོ་དཀར་པོའི་མི་རྒན་ཞིག་ལ་མཛུབ་མོ་བཙུགས་ནས། ཁོང་ཡིན་ངེས་པ་རེད་ཅེས་ཟེར།
ཨ་ཕ་བྲེལ་མྱུར་གྱིས་སྔོན་ལ་གོམ་པ་འགའ་ཡར་རྒྱུགས་ནས་བསུ་སར་ཕྱིན། མི་རྒན་འགྲོ་མཚམས་བཞག་སོང་། ཨ་ཕས་ཞྭ་མོ་ཕུད་དེ་གུས་པ་ཆེན་པོས་ཁྱེད་རང་ནི་སྐུ་ཞབས་ཁེ་ལའོ་ས་ཏི་ཡིན་ནམ་ཞེས་དྲིས།
མི་རྒན་གྱིས་ཞྭ་མོ་ཕུད་དེ་སྐད་སྦོམ་པོས་ཡིན་ཞེས་ཟེར་བ་རེད།
ཨ་ཕ་སེམས་འགུལ་ཐེབས་ནས་དེ་མུར་ཁོང་གི་ལག་པ་ནས་འཇུས་ནས་དགེ་རྒན། ཁྱོད་བདེ་མོ་ཡིན་ནམ། ཁྱོད་ཀྱིས་ང་དྲན་གྱི་འདུག་གམ། ང་ནི་ཁྱོད་ཀྱི་སློབ་མ་ཡིན། ཆེད་དུ་ལིན་ཏུའུ་ནས་ཁྱེད་ཉིད་ལྟ་རུ་ཡོང་བ་ཡིན་ཞེས་བཤད།
མི་རྒན་ཡ་མཚན་ནས་ཨ་ཕར་བལྟས་ཤིང་ཁྱོད་བསམ་ཡོད་ཞིག་རང་རེད་འདུག དགོངས་པ་མ་ཚོམས། ངས་ཁྱོད་ཀྱི་མིང་འབོད་ཐུབ་ཀྱི་མི་འདུག ཁྱོད་ནི།
ཨ་ཕས་མགྱོགས་པར་མིང་དང་འཛིན་གྲྭ་ཡར་ཞུས་ཤིང་། མི་རྒན་གྱིས་མནོ་བསམ་ཞིག་བཏང་རྗེས་མགོ་བོ་སྒུར་ནས་མིང་དང་འཛིན་གྲྭ་ལན་གསུམ་བཞི་ཙམ་ཡང་ནས་ཡང་དུ་འདོན་རྗེས་གློ་བུར་དུ་མགོ་ཡར་བཏེགས་ནས་ཁྱོད་ནི་ལག་རྩལ་མཁན་པའོ་ལེ་ཏི་ཉིའི་བུ་རེད། སྔར་ཁུང་ས་ལ་ཐེར་སྡོད་ཡོད། མི་རྒན་གྱིས་ཨ་ཕ་དམ་པོར་འཁྱུད་དེ་ང་དང་མཉམ་དུ་ཤོག་ཅེས་ཟེར་བཞིན་མི་རྒན་གྱིས་ང་ཚོ་ཁྲིད་ནས་ཁོང་གི་སྡོད་སར་ཕྱིན།
མི་རྒན་གྱི་སྡོད་ཁང་ཧ་ཅང་སྟབས་བདེ་ཞིང་། ཉལ་ཁྲི་དང་། དཔེ་ཅོག་ཕུད་དེ་མིན་ཚང་མ་ནི་དཔེ་ཆ་ཡིན་ཞིང་མི་ལ་སེམས་འགུལ་ཐེབས་པའི་དཔེ་ཆའི་དྲི་བསུང་ཁྱབ་ཀྱིན་འདུག ཨ་ཕས་དགེ་རྒན་གྱི་ཉེ་བའི་གནས་ཚུལ་དྲིས་པ་དང་། མི་རྒན་འགྱོད་ཕམ་སྐྱེ་བཞིན་དབུགས་རིང་འཐེན་ནས། ད་ལུས་རྒས་ནས་སྨྱུ་གུ་བཟུང་ཐུབ་ཀྱི་མི་འདུག ལས་བསྐྱུར་ངལ་གསོ་མི་བྱེད་ཐབས་མེད་རེད། བཟའ་ཟླ་དང་བུ་ཚང་མ་ཚེ་ལས་འདས་སོང་། ངའི་ལུས་འགྲམ་དུ་དཔེ་ཆ་དང་དྲན་གསོ་འདི་དག་ལས་ལུས་མ་སོང་ཞེས་བཤད།
མི་རྒན་གྱིས་ལག་འཐེན་ཞིག་གི་ནང་དུ་ཡིག་ཆ་མཐུག་པོ་ཞིག་ལས་ཤོག་བུ་སེར་པོ་ཞིག་བླངས་ནས་ཨ་ཕར་སྤྲད། གནམ་སྔོན་པོ། དེ་ནི་ཨ་ཕའི་ལོ་བཞི་བཅུ་སྔོན་གྱི་སྦྱངས་འབྲས་རང་རེད་འདུག ཨ་ཕས་ལྟ་བཞིན་ལྟ་བཞིན་ཡིད་འགུལ་ཐེབས་ནས་སྐད་ཅོར་རྒྱག་བྱུང་། ལྟོས་དང་ཤོག་བུ་འདི་ཐོག་ལ་ད་དུང་ངའི་ཨ་མའི་ཡིག་གཟུགས་འདུག་ཨང་། ཨ་ཕས་བཞིན་རས་མར་སྒུར་ནས་འོ་རྒྱུན་མི་ཆད་པ་བྱས་ཤིང་མིག་མདུན་དུ་ངའི་ཨ་ཕྱི་ཡིན་སྣང་ཤར།
ཁོང་གཉིས་ལ་བཤད་མི་ཚར་བའི་བརྗོད་རྒྱུ་ཡོད་ཅིང་ངོ་མཚར་བའི་འདས་དོན་རྣམས་དྲན་གསོ་བྱས་ཤིང་། འདས་པའི་ལོ་བཞི་བཅུ་དེ་རིང་སླར་ཡང་ཚུར་བསླེབས་པ་དང་འདྲ།
སྐུ་ཞབས་ཁེ་ལའོ་ས་ཏི། ཨ་ཕའི་མིག་མཆི་མས་གང་བཞིན། ཨ་མས་ང་སློབ་གྲྭར་ཁྲིད་དེ་ཁྱོད་ལ་སྤྲད་པའི་ཚེ་ངས་དགེ་རྒན་གྱིས་ང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་ཤེས་བྱུང་། སྐབས་དེའི་དུས་ཁྱེད་ཀྱི་རྣམ་པ་དེ་དུས་ནམ་ཡང་ངའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་གནས་པས་ཡང་བསྐྱར་དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཕྱི་དྲོའི་ཆུ་ཚོད་གཉིས་པར། ཨ་ཕས་དགེ་རྒན་ཟ་ཁང་དུ་ཟ་མ་ཟ་སར་གདན་འདྲེན་པ་རེད། དགེ་རྒན་ནི་ཇི་འདྲའི་དགའ་སྤྲོ་ལྡན་ཞིང་སེམས་འགུལ་ཐེབས་པ་ཞིག་རེད་ཨང་། ཁོང་གིས་ཟས་སྣ་གང་ཡང་འཇུས་མི་ཐུབ་པ་རེད། ཨ་ཕས་རྒྱུན་ཆད་མེད་པར་ཁོང་ལ་ཤ་དང་བག་སོབ་གཏུག་ཅིང་། ཚྭ་བླུག་རོགས་བྱེད་ཅིང་ཧ་ཅང་སྙིང་ཉེ་བར་འདུག དགེ་རྒན་དང་ཨ་ཕ་གཉིས་ཀྱིས་ཆང་ཕོར་གང་རེ་ནས་གང་རེ་བཏུང་ཞོར་ཕན་ཚུན་རྟེན་འབྲེལ་དང་བཀའ་དྲིན་ཞུས་རེས་བྱས་པ་རེད། ང་རང་ཁོང་ཚོའི་དགེ་སློབ་བར་གྱི་བརྩེ་དུང་ཟབ་མོས་ཡིད་འགུལ་གཏིང་ནས་ཐེབས་སུ་བཅུག
ཁ་གྱེས་རན་ཁར་དགེ་རྒན་ཅུང་ཟད་སྐྱོ་སྣང་སྐྱེ་ཞིང་ཨ་ཕའི་ལག་པ་ནས་བཟུང་སྟེ་ང་རང་གིས་ཚེ་གཅིག་སློབ་ཁྲིད་བྱས་ནས་སློབ་མ་གནམ་འོག་ཏུ་གང་བ་རེད། ཁྱོད་ཚོ་ཚང་མ་མཐར་ཁ་ཁ་སོ་སོར་འགྲོ་དགོས་བས་ངོ་མ་ཁ་བྲལ་མི་ཕོད་པ་ཞིག་རེད་ཨང་ཞེས་བཤད་པ་རེད།
མ་རེད། དགེ་རྒན། ཨ་ཕས་ཁྱེད་ཀྱིས་མི་ཚེ་གཅིག་རླབས་ཆེན་གྱི་བྱ་གཞག་འདིའི་སྟེང་ལ་ཞོག་པས་ཁྱེད་ཀྱི་སློབ་མ་ཡང་ང་དང་འདྲ་བར་དུས་ནམ་ཡང་དགེ་རྒན་ཁྱེད་རང་དྲན་གྱིན་རེད་ཅེས་སེམས་གསོ་བྱས། སླར་ཡང་མཇལ། བཀའ་དྲིན་ཆེ། དགེ་རྒན་གྱི་བཞིན་རས་ཡོངས་སུ་མིག་ཆུས་གང་ཞིང་འདར་བཞིན་པའི་ལག་པ་ཡུན་རིང་པོར་གློད་འདོད་མེད།
རླངས་འཁོར་གཏོང་རན་སོང་། ཨ་ཕས་མི་རྒན་གྱི་ལག་ནས་ལག་མཁར་རྩུབ་པོ་དེ་ཚུར་བླངས་ཤིང་རྩེ་མོར་དངུལ་ཤན་ཡོད་ཅིང་རང་གི་མིང་བྲིས་ཡོད་པའི་ཧྭ་མེ་ལག་མཁར་དེ་དགེ་རྒན་ལ་སྤྲད་པ་རེད། དྲན་རྟེན་ཞིག་གཞག་རོགས་གནང་། སླར་ཡང་མཇལ། གནམ་རྒན་མས་ཁྱོད་སྲུང་སྐྱོབ་གནང་རོགས། ཁྱོད་ཀྱིས་ང་རང་བློ་བདེ་རུ་འཇུག རླངས་འཁོར་བཏང་ནས་ཐག་རིང་སོང་བ་དང་ངས་ལག་པ་གཡུག་བཞིན་པའི་མི་རྒན་དེ་ད་དུང་རབ་རིབ་མཐོང་གི་འདུག
ཨ་མའི་རེ་བ།
ཨ་མ་ན་ནས་ཤི་བའི་རྐྱེན་གྱིས་ཁ་ལུང་ཉིན་ཁ་ཤས་སློབ་གྲྭ་ཡོང་ཐུབ་མ་སོང་། དགེ་རྒན་གྱིས་ཁ་ལུང་ལ་སྡུག་ཆེན་པོ་ཕོག་པས་ཚང་མས་ཁོར་རོགས་བྱས་ནས་དཀའ་གནད་ལས་བསྒྲལ་དགོས་ཞེས་བཤད།
ཁ་སང་ཞོགས་པར། གོས་ནག་པོར་གྱོན་ཞིང་མིག་དམར་ཞིང་སྐྲང་པའི་ཁ་ལུང་སློབ་ཁང་དུ་བསླེབས་བྱུང་། མི་ཧྲིལ་བོར་ནད་ཆེན་པོ་ཞིག་ཕོག་པ་དང་འདྲ་བར་མགོ་སྒུར་ནས་སྒོ་ནང་དུ་འཛུལ་བ་དང་། གློ་བུར་དུ་ཨ་མ་དྲན་བས་བསྲན་མི་ཐུབ་པར་མིག་ཆུ་ལྷུང་བ་རེད། དགེ་རྒན་ཕར་འགྲོ་ནས་ཁ་ལུང་ལ་སེམས་གསོ་ཞིག་བྱས་རྗེས་ཁ་ལུང་ངའི་འཁྲིས་སུ་ཁྲིད་བྱུང་། ཁ་ལུང་གིས་དཔེ་ཆ་དང་ཡིག་ཆས་ཡར་བླངས་ཤིང་། ཨ་མས་རྟགས་བཀོད་པའི་སར་མཐོང་བ་ཡིན་ལས་ཆེ། ཁོས་ཡང་ངོ་བཀབ་ནས་ངུ་བྱུང་། དགེ་རྒན་གྱིས་ཚང་མར་འཇམ་འཇགས་སྡོད་དགོས་ཤིང་ཁོར་སུན་པོར་བཟོ་མི་ཆོག་པའི་བརྡ་རྒྱག ངས་ལག་པ་ག་ལེ་བརྐྱངས་ནས་སྐད་དམའ་ངུས་ཁ་ལུང་། མ་ངུ། སྲ་ཅུང་ཟད་བསྒྲིམས་དང་ཞེས་བཤད་པ་ཡིན།
ཁ་ལུང་གིས་ངུ་ངག་བགྲང་གིན་ངའི་ལག་པ་འཇུས་བྱུང་།
སློབ་གྲྭ་གྲོལ་དུས་ངས་ཨ་མ་ཕྱི་རོལ་དུ་ལངས་ཡོད་པ་མཐོང་བྱུང་བས་ཕར་རྒྱུགས་ནས་ཁོར་འཐམ་འདོད་ཀྱང་ཁོང་གིས་བཀག་སོང་། ངས་གང་ཡིན་མི་ཤེས་པའི་ཚེ་གློ་བུར་དུ་ཁ་ལུང་སྐྱོ་སྡུག་གིས་མནར་བའི་བཟོ་ལྟ་མཐོང་བ་དང་། ཁྱོད་ལ་ཨ་མས་པང་དུ་ལེན་མཁན་ཡོད་ཀྱང་ང་ལ་མེད། ཁྱོད་ལ་ཨ་མ་ཡོད་ཀྱང་ང་ལ་མེད་ཅེས་བཤད་པ་དང་ཀུན་ནས་མཚུངས། དེ་ནས་ངས་གཞི་ནས་ཨ་མའི་བསམ་དོན་ཧ་གོ་ཞིང་རང་ཉིད་གཅིག་པུ་ཕྱིར་སོང་བ་ཡིན།
དེ་རིང་ཞོགས་པར། ཁ་ལུང་གི་རྣམ་འགྱུར་ད་དུང་ཡག་པོ་མི་འདུག་ཅིང་། ལྷག་པར་དུ་སློབ་གྲོགས་ཚོས་འདས་མཆོད་དུ་སྐྱེལ་བའི་ལག་རྟེན་དེ་ཚོར་ལྟ་འདོད་ཙམ་ཡང་མེད་པ་རེད། དགེ་རྒན་གྱིས་དཔེ་ཆ་ཞིག་ཁུར་ནས་ཁ་ལུང་ལ་འདོན་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས།
ཁུའུ་ས་པེ་མཱ་ཀྲི་ཉི། རླབས་ཆེན་གྱི་དབྱི་ཐ་ལིའི་རྒྱལ་གཅེས་པ་དང་རྩོམ་པ་པོ་གྲགས་ཅན་ཡིན། ཁོང་གིས་ཨ་མ་ཤི་བའི་གྲོགས་པོ་ཞིག་ལ་བསླབ་བྱ་བརྒྱབ་མྱོང་བ་རེད། ཁོ་རང་གིས་ཨ་མ་དྲན་གསོ་བྱེད་པ་དང་། ཨ་མ་དགའ་ཞིང་གུས་པའི་སེམས་པ་དེ་རང་ཉིད་ལེགས་བཅོས་བྱེད་པའི་སྟོབས་ཤུགས་སུ་བསྒྱུར་ནས་ཐག་རིང་གི་ཞིང་ཁམས་སུ་ཡོད་པའི་ཨ་མར་བློ་བདེ་རུ་འཇུག་དགོས། ཕྲུ་གུ་ཡ། སྲ་ཁུར་དགོས། དཔའ་ངར་ལྡན་དགོས། ཡིད་ཆད་དང་སྐྱོ་སྡུག་ལ་འཐབ་རྩོད་བྱེད་དགོས། འདི་ནི་ཨ་མ་ཚང་མའི་རེ་བ་རེད།
ཁ་ལུང་གིས་ཉན་ཞོར་མགོ་བོ་གུག་གུག་བྱེད་ཅིང་མིག་ཆུའི་ཐིགས་པ་ཆེན་པོ་ལག་རྒྱབ་དང་། ཟིན་དེབ། ཅོག་ཙེའི་སྟེང་དུ་ལྷུང་བྱུང་།
ཟླ་རེའི་གཏམ་རྒྱུད། བྱས་རྗེས་གཟེངས་རྟགས་བླངས་པའི་ཕྲུ་གུ
དེ་རིང་ཕྱི་དྲོའི་ཆུ་ཚོད་དང་པོའི་ཐོག་དགེ་རྒན་གྱིས་ང་ཚོ་ཁྲིད་ནས་གྲོང་སྲིད་ཐོག་ཁང་ཆེན་མོར་དཔའ་ངར་རྟུལ་ཕོད་ཅན་གྱི་ན་ཆུང་ཞིག་ལ་བྱ་དགའ་སྤྲད་པའི་མཛད་སྒོར་ཞུགས་པ་ཡིན།
ཚོན་གསུམ་དར་ཆ་ཆེན་པོ་ཚོགས་རའི་སྒོ་ཆེན་ཐོག་ལྷབ་ལྷུབ་གཡོ་བཞིན་འདུག ཚོགས་རའི་ནང་དུ་སྔར་ནས་མི་ཚོགས་ཀྱིས་ཁེངས་ཤིང་། གྲོང་ཁྱེར་སྲིད་གཞུང་གི་ལས་སྒྲུབ་མི་སྣ་ཕྱོགས་གཉིས་སུ་རུ་བསྟར་སྒྲིག་པ་དང་། ཕྱོགས་བཞི་ནི་སྐུ་དྲག་དང་མི་སེར་དཀྱུས་མ་རེད། ཚོགས་རའི་ཟུར་ཞིག་ཏུ་ལོ་ན་བཅུ་ནས་བཅོ་བརྒྱད་བར་གྱི་ན་ཆུང་ཚོ་ཅིག་རེད། བཤད་པར་ལྟར་ན་ཁོ་ཚོ་ནི་དཔའ་ངར་ལྡན་པའི་ན་ཆུང་གི་སློབ་གྲོགས་དང་གྲོགས་པོ་ཡིན་ཞིང་། རྐང་བཙུགས་ཕ་ཡུལ་ནས་ཡོང་བ་རེད། བར་འཁྱམས་ཀྱི་སྣེ་གཅིག་ཏུ་རོལ་མོ་རུ་ཁག་གིས་རོལ་དབྱངས་དལ་མོ་ཞིག་འཁྲོལ་བཞིན་འདུག ཚང་མས་སྤྲོ་སེམས་འཁོལ་བའི་ངང་ནས་སྒུག་པ་དང་། མི་ཁ་ཤས་ཀྱིས་ས་གདན་དམར་པོ་བཏིང་ཡོད་པའི་ཅོག་ཙེའི་ཕྱོགས་སུ་ལྟ་བ་རེད།
གློ་བུར་དུ། ཐལ་མོའི་རྡེབ་སྒྲ་ཞིག་གྲག་བྱུང་། ངས་རྐང་རྩེ་བཏེགས་ནས་ལྟ་བའི་ཚེ་ཅོག་ཙེའི་རྒྱབ་ཀྱི་མི་ཚོགས་ཕྱོགས་གཉིས་སུ་གྲམ་པ་དང་། དཀྱིལ་དུ་བུ་ཞིག་དང་བུ་མོ་ཞིག་བསླེབས་བྱུང་། ལག་ནང་དུ་བུ་ཆུང་ཞིག་ཁྲིད་འདུག དེ་ནི་ང་ཚོའི་ན་ཆུང་དཔའ་བོ་ཡིན་པ་རེད། ཁོར་གསེར་མདོག་གི་སྐྲ་ལོ་ཡོད་ཅིང་། ཤ་མདོག་དཀར་བ་དང་། ལུས་ལ་ཁན་སྦྱར་ཐལ་མདོག་ཅིག་གྱོན་ཡོད་ལ། ཟུར་དུ་ཁོའི་ཕ་མ་ཡོད། ན་ཆུང་གིས་སྟེགས་འོག་ལ་ལག་པ་རྒྱུན་མི་ཆད་པར་གཡུག་བཞིན་པའི་སློབ་གྲོགས་ཚོར་དགོད་ཅིང་མགོ་བོ་གུག་ནས་བརྡ་སྟོན་པ་རེད།
ཅུང་ཟད་སྒུག་རྗེས། ཞིང་དཔོན་དང་གྲོས་ཞིབ་པ་ཚོ་ཡར་བསླེབས་བྱུང་། རོལ་དབྱངས་རུ་ཁག་གིས་རོལ་མོ་དཀྲོལ་མཚམས་བཞག་ཅིང་ཚོགས་ར་ཡོངས་སུ་ཁུར་སིམ་མེར་གྱུར། ཞིང་དཔོན་གྱིས་སེམས་འགུལ་ཐེབས་པའི་སྒོ་ནས་ཚང་མ་ལ། ཕྲུ་གུ་འདིས་མི་ཆུར་ལྷུང་བ་མཐོང་བའི་ཚེ་ཚམ་ཚོམ་མེད་པར་ཕར་རྒྱུགས་པ་རེད། སྐབས་དེར་ཆུ་འབྲུབ་པའི་སྒང་ཡིན་ལ་མི་ཆེན་པོ་ཡིན་ཡང་ཚེ་སྲོག་ལ་ཉེན་ཁ་ཡོད་པ་རེད། གྲོགས་པོ་ཞིག་གིས་རྒྱབ་ནས་ཁོར་བཀག་སྟེ་ཆུ་ཟབ་དྲགས་འདུག ཁྱོད་རང་མར་བྱིང་ངེས་རེད་ཅེས་བཤད་ཀྱང་ཁོས་ཨ་ཡ་མི་བྱས་ནས་རང་ཤུགས་ཡོད་དགུས་དྲག་ཏུ་བཞུར་བའི་ཆུ་རླབས་དང་འཐབ། ཐེངས་མང་པོར་ཁོ་རང་དྲག་ཏུ་གཡོ་བའི་རྦ་རླབས་ཀྱིས་བཀབ་ལ་ཁད་བྱས་ཀྱང་ད་དུང་སྟོབས་ཤུགས་བསྒྲིམས་ནས་ཆུར་ལྷུང་བའི་ཕྲུ་གུའི་འགྲམ་དུ་རྐྱལ་ནས་ཕྲུ་གུ་དེར་རོགས་བྱས་ནས་ཉེན་ཁ་ལས་བསྒྲལ་བ་རེད། དེའི་རྗེས་ཁོ་རང་དོན་དག་གང་ཡང་བྱུང་མེད་པ་ལྟར་ཁྱིམ་དུ་ལོག་ནས་ཕ་མར་གནས་ཚུལ་གྱི་བརྒྱུད་རིམ་སྟབས་བདེར་ཙམ་ལས་མ་བཤད་པ་རེད། རྣམ་པ་ཚོ། ཕྲུ་གུ་ཞིག་ལ་ཆ་མཚོན་ན། འདི་འདྲའི་དཔའ་ངར་ལྡན་པའི་བྱ་སྤྱོད་ནི་བླ་ན་མེད་ཅིང་གོང་ན་ཡང་མེད་པ་རེད། ངས་ཚིག་མང་པོས་བསྟོད་བསྔགས་བྱེད་འདོད་མེད། ངས་ལྷག་བསམ་རྣམ་དག་གིས་རྣམ་པ་ཚོས་དཔའ་བོ་ཆུང་ཆུང་ལ་གུས་འདུད་ཞུས་ནས་དུས་ནམ་ཡང་ཁོར་རྟེན་འབྲེལ་ཞུ་རོགས། སློབ་གྲོགས་ཚོས་ཁོའི་མིང་སེམས་ལ་བཞག་ནས་དཔའ་བོའི་བྱས་རྗེས་སེམས་སུ་འཇགས་ཐུབ་པར་གྱིས། ད་ནི་ངས་དབྱི་ཐ་ལིའི་རྒྱལ་པོའི་ཚབ་བྱས་ནས་དཔའ་བོ་ཆུང་ཆུང་འདི་ལ་བྱས་རྗེས་ཀྱི་གཟེངས་རྟགས་འདི་སྟེར་གྱི་ཡིན་ཞེས་བཤདཔ་རེད།
ཞིང་དཔོན་གྱིས་གཟེངས་རྟགས་ཚུར་བླངས་ནས་གཟབ་ནན་གྱིས་ན་ཆུང་གི་སྐེར་དཔྱངས་པས་མ་ཚད་ཁོར་དམ་པོར་འཁྱུད། ཞིང་དཔོན་གྱིས་སླར་ཡང་ན་ཆུང་གི་ཕ་མ་གཉིས་དང་ལག་འཇུས་བྱས་ཤིང་དར་ཕྲུག་གིས་བཅིངས་ཡོད་པའི་བྱ་དགའ་ཞིག་ཨ་མར་སྤྲད་དེ། ཁར་ཕྱིར་འཁོར་ནས་ན་ཆུང་ལ། དེ་རིང་ནི་དྲན་གསོ་བྱ་འོས་པའི་ཉིན་མོ་ཞིག་རེད། ཁྱོད་ཀྱི་ཆེས་གཟི་བརྗིད་ལྡན་པའི་ཉིན་ཞིག་ཡིན་ལ་ཁྱོད་ཀྱི་ཕ་མའི་ཆེས་བདེ་སྐྱིད་ལྡན་པའི་ཉིན་མོ་ཞིག་ཀྱང་ཡིན། ཁྱོད་ཀྱིས་དུས་ནམ་ཡང་སྙན་གྲགས་སྲུང་འཛིན་ཐུབ་པར་གྱིས་ཞེས་བཤད་པ་རེད།
བྱ་དགའ་སྤྲད་པའི་མཛད་སྒོ་མཇུག་བསྒྲིལ་ལ་རན་སོང་། གློ་བུར་དུ་མེ་གསོད་རུ་ཁག་ནས་ལོ་ན་བརྒྱད་དགུ་ཅན་གྱི་བུ་ཆུང་ཞིག་བསླེབས་བྱུང་། ཁོས་དཔུང་པ་བརྐྱངས་ནས་བྱམས་བརྩེ་ཆེན་པོས་ན་ཆུང་དཔའ་བོ་དེ་འཁྱུད། མ་གཞི་ཁོ་རང་ནི་སྲོག་སྐྱོབ་པའི་བསོད་ནམས་ཅན་གྱི་ཕྲུ་གུ་དེ་རེད། ཕྲུ་གུ་གཉིས་ཀྱིས་ལག་པ་འཇུས་རེས་བྱས་ནས་སྒོ་ཆེན་གྱི་ཕྱོགས་སུ་ཕྱིན་སོང་། གང་དུ་བསླེབས་ཀྱང་སྤྲོ་བ་འཁོལ་ཞིང་ཐལ་སྒྲ་ཆེན་པོ་གྲག མི་ཚང་མས་རྐང་རྩེ་སར་བཏེགས་ནས་ན་ཆུང་དེ་ལ་ཞིབ་ཚགས་ཤིག་ལྟ་འདོད་པ་དང་། ཁ་ཤས་ཀྱིས་ཁོ་དང་ལག་པ་འཇུས་ཐུབ་ན་བསམ་གྱི་ཡོད། སློབ་མ་མང་པོས་ཞྭ་མོ་མཐོན་པོར་བཀྱགས་ནས་བར་སྣང་ཁམས་སུ་གཡུགས་པ་རེད། གྲུང་ཤ་དོད་པའི་ཕྲུ་གུ་ཚོ་ཡར་རྒྱུགས་ནས་ཕའེ་ཐེ་ཁྲི་ལོ་བརྟན་པར་ཤོག ཕའེ་ཐེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་སྒྲ་སྒྲོག་ཅིང་དགའ་སྤྲོའི་སྒྲ་རླབས་གཅིག་ལས་གཅིག་མཐོ་བ་རེད། ན་ཆུང་གི་བཞིན་རས་སུ་དམར་མདངས་ཆགས་ཤིང་ཕར་བལྟས་དུས་ཧ་ཅང་སྤྲོ་ངར་ལངས་པ་འདྲ། ཁོའི་ཨ་མ་སེམས་འགུལ་ཐེབས་ནས་མིག་ཆུ་ལྷུང་ལ་ཁད་བྱེད་པ་དང་། ཨ་ཕས་འདར་བཞིན་པའི་ལག་པས་སྨ་ར་སྒྲིལ་གྱིན་འདུག
ཚོགས་རའི་ག་ས་ག་ལ་དགའ་འབོད་གསལ་བོར་ཐོས་ཀྱི་ཡོད་ལ་མཚམས་མཚམས་སུ་མི་རྣམས་ཀྱིས་ན་ཆུང་ལ་མེ་ཏོག་འཕེན་པ་དང་། མི་ཚང་མས་ཁོར་ཐལ་མོ་བརྡེབས་ནས་གུས་འདུད་ཞུས་པ་རེད། རོལ་དབྱངས་རུ་ཁག་གིས་འཁྲོལ་བའི་རོལ་དབྱངས་དེ་དལ་ཞིང་འཇམ་པར་གྱུར་ཞིང་ཁོ་ཚོའི་རྒྱབ་གཟུགས་ང་ཚོའི་མིག་ལམ་ནས་མེད་པར་མ་ཡལ་བའི་བར་དུ་དཔའ་བོ་ཆུང་ཆུང་ལ་སྐྱེལ་མ་བྱེད་པ་དང་ཀུན་ནས་མཚུངས་སོ༎
རྩོམ་གསར། 10