དགའ་གཅེས་སློབ་གསོ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2018-01-15

ལེའུ་དྲུག་པ།  ཟླ་བ་གསུམ་པ།

ཁ་རྩོད་བྱེད་པ།

 དེ་རིང་སྔ་དྲོར་ང་དང་ཁའོ་ལེ་ཏི་ཁ་རྩོད་བྱེད་པ་ཡིན།  དགེ་རྒན་གྱིས་ང་ལ་ཟླ་རེའི་གཏམ་རྒྱུད་ཧྥེ་ལུའུ་ཆའོ་ཡི་ཁྲག་ཅེས་པ་དེ་བཤུས་བྲིས་བྱེད་དུ་བཅུག  ངས་ནན་ཏན་གྱིས་འབྲི་བཞིན་པའི་ཚེ་འགྲམ་དུ་ཡོད་པའི་ཁའོ་ལེ་ཏིས་ཡིད་འཇོག་མ་བྱས་ནས་ང་ལ་ཐུག་ཙམ་བྱས་ནས་སྣག་ཆུ་སྦྱོང་དེབ་སྟེང་ལ་བཏབ་ནས་བཙོག་པར་བཟོས་པ་རེད།  ང་རང་ཁོང་ཁྲོ་ཆེན་པོ་ལངས་ཤིང་ཤབ་ཤུབ་ཀྱིས་ལེ་འདེད་བྱས་ཀྱང་ཁའོ་ལེ་ཏིས་ཅི་མི་སྙམ་པ་ལྟར་དགོད་མོ་གད་དེ་དགོངས་པ་མ་ཚོམས།  ངས་རྐང་བཙུགས་བྱེད་པ་མིན་ཞེས་བཤད་པ་རེད།

 ང་དང་རྒྱུད་དག་བཟང་བའི་ཁའོ་ལེ་ཏི་ནམ་རྒྱུན་མཐུན་པོ་ཡིན་པས་མ་ཚད་གྲོགས་པོ་ཡང་ཡིན།  རེད་དེ་ཅི་ཡིན་མི་ཤེས་པར་ཁོའི་སྐབས་དེའི་འཛུམ་དགོད་དེས་ང་རང་ཧ་ཅང་མི་སྐྱིད་པར་བཟོས་སོང་།  ང་རང་དོན་མེད་དུ་ཁོང་ཁྲོ་ལངས་ཤིང་ལྐོག་ཏུ་རྫིག་པོ་ཅི་ཞིག་བྱ་རྒྱུ་ཡོད་རེད།  བྱ་དགའ་ཐོབ་དུས་མི་ལ་བརྙས་བཅོས་བྱེད་ཆོག་གི་རེད་དམ་ཞེས་དྲན་པ་ཡིན།  དེ་ནས་ངས་ཕར་རྒོལ་བྱས་ནས་ཤུགས་ཆེན་པོས་ཁོའི་གྲུ་མོར་བརྡུངས་ནས་ཁོའི་སྦྱོང་དེབ་ཐོག་ལ་ཡང་སྣག་ཆུ་འགོས་སུ་བཅུག་པ་ཡིན།  ཁའོ་ལེ་ཏི་ཁོང་ཁྲོ་ལངས་ཤིང་ངོ་དམར་པོར་གྱུར་ནས་ཁུར་ཚུར་བཅངས་ནས་སྐད་ཆེན་པོས་ཁྱོད་ཀྱིས་རྐང་བཙུགས་བྱེད་སོང་ཞེས་ཟེར།  ཏག་ཏག་དགེ་རྒན་གྱིས་ཁ་ཕྱིར་འཁོར་བ་དང་ཐུག་པས་ཁའོ་ལེ་ཏིས་ལག་པ་མྱུར་བར་ཕར་བསྐུངས་སོང་།  ཁོས་ངའི་རྣ་རྩར་སྐད་དམའ་ངུས་སློབ་གྲྭ་གྲོལ་དུས་ངས་ཁྱོད་ཕྱིར་སྒུག་གི་ཡིན་ཞེས་བཤད།

 ཅུང་ཟད་འགོར་རྗེས་ངའི་ཁོང་ཁྲོ་རིམ་གྱིས་མེད་པར་གྱུར་ཞིང་སེམས་པ་སྡུག་གིས་གང་།  ང་རང་འགྱོད་པ་ཆེན་པོ་སྐྱེས་ཤིང་ངས་ཁའོ་ལེ་ཏིས་རྐང་བཙུགས་ནས་ངན་མི་བྱེད་པ་ཤེས་ཀྱང་ད་དུང་དོན་ཆུང་ཆུང་ཆེན་པོར་བཟོས་པས་ངས་ཁོར་ལྐོག་ཏུ་ཕྲག་དོག་བྱེད་པ་མ་ཡིན་ནམ།  ཚང་མས་ཤེས་པ་ལྟར་ང་རང་ནམ་རྒྱུན་ཁའོ་ལེ་ཏིའི་ཁྱིམ་དུ་འཁྱམ་སར་འགྲོ་བར་དགའ་ཞིང་།  ཁོས་ནམ་ཡང་འབད་བརྩོན་ཆེན་པོས་ངལ་རྩོལ་རྒྱག་གི་ཡོད་པ་དང་ནད་ཕོག་པའི་ཨ་མར་ལྟ་སྐྱོང་ཡག་པོ་བྱེད་པ་རེད།

 ཁོ་ཡང་ནམ་རྒྱུན་ངའི་ཁྱིམ་དུ་འཁྱམ་སར་ཡོང་བ་དང་རྣམ་འགྱུར་ནི་དེ་འདྲའི་ཞི་འཇམ་ཆེ་བས་ཨ་ཕས་ཁོར་དགའ་པོ་བྱེད་པ་རེད།  སྐབས་འདིར་ངས་ཁོར་གུས་མེད་དྲག་རྩུབ་བྱེད་ཅིང་ད་དུང་བརྙས་བཙལ་ནས་ཁོ་དང་ཁ་རྩོད་བྱས།  ཨེ།  གལ་སྲིད་གཏམ་དེ་འདྲ་བཤད་མེད་ཅིང་བྱ་བ་དེ་འདྲ་བསྒྲུབས་མེད་ན་ཅི་འདྲའི་བཟང་པ་ལ་ཨང་།   གལ་ཏེ་རང་ཉིད་ནོར་སོང་བ་ཡིན་པ་ཤེས་ན་ཁས་ལེན་བྱེད་པའི་བློ་སྤོབས་དགོས་ཤིང་།   མི་ལ་བཟོད་དགོངས་ཞུས་ནས་དགོངས་དག་ཨེ་ཐོབ་ལྟ་དགོས་ཀྱི་རེད་ཅེས་ངས་ཨ་ཕའི་བསླབ་བྱ་ཡིད་ལ་དྲན།

 ངས་ལྐོག་ཏུ་ཁའོ་ལེ་ཏི་ལ་འཇབ་པའི་ཚེ་ཁོའི་སྲིན་བལ་སྟོད་གོས་ཀྱི་ཕྲག་པའི་སྲུབ་གས་འདུག   ཁྱིམ་དུ་ཤིང་མང་པོ་ཁུར་དགོས་པའི་རྒྱུ་མཚན་ཡིན་ཤས་ཆེ།  ངས་དྲན་གྱིན་ངོ་ཚ་དང་འགྱོད་གདུང་གིས་མནར་ཞིང་ངོ་གདོང་ཡང་ཚ་འུར་འུར་སོང་།  ཡིན་ན་ཡང་ང་རང་ལ་ཁའོ་ལེ་ཏིར་བཟོད་དགོངས་ཞུ་བའི་སྤོབས་པ་ཡེ་ནས་མི་འདུག  ཅི་ཞིག་བྱེད་དགོས་སམ།  ཨན་ལེ་ཁའོ།   སྙིང་སྟོབས་བསྒྲིམ་ནས་ནོར་འཁྲུལ་ངོས་ལེན་གྱིས་དང་།  ངས་ལྐོག་ཏུ་ཤབ་ཤུབ་བྱེད་ཅིང་ཡིག་འབྲུ་གསུམ་པོ་དེ་གྲེ་བར་ཐོགས་ནས་སྐྱུག་མི་ཐུབ་ཅིང་ངའི་དབུགས་ཀྱང་འཚང་གི་འདུག   ཁའོ་ལེ་ཏིས་ཀྱང་ང་ལ་འཕྲེད་ལྟ་བྱེད་བཞིན་འདུག  རེད་དེ་ཁོ་ཁོང་ཁྲོ་ལངས་མེད་ཅིང་སྐྱོ་སྡུག་གིས་ཁེངས་པ་འདྲ།  སེམས་ནང་གི་འགྱོད་གདུང་བཀབ་པའི་ཆེད་ངས་རྐང་བཙུགས་ཏེ་མཐོང་ཆུང་གི་མིག་མདངས་ཀྱིས་ཁོར་བལྟས་ཤིང་ད་དུང་ཟུར་དགོད་ཅིག་ཀྱང་བྱས་པ་ཡིན།

 ངེད་གཉིས་ཕྱིར་ཐུག་ཆོག   ཁའོ་ལེ་ཏི་ཡང་བསྐྱར་དེ་ལྟར་བཤད།

 འགྲིག  ཕྱིར་ཐུག་སར་འགྲོ་ན་འགྲོ  སུ་ལ་སྐྲག་རྒྱུ་ཡོད། ངས་ལན་དེ་ལྟར་སྤྲད།

 འདིའི་དུས་སུ་ངས་གློ་བུར་དུ་གལ་ཏེ་ཁྱོད་ནོར་བའི་རྐྱེན་གྱིས་མི་གཞན་པས་ཁྱོད་ལ་རྡེག་པ་ཡིན་ན་ཁྱོད་ཀྱིས་ལན་སློག་རྒྱུ་མེད་ཅེས་པའི་ཨ་ཕས་བཤད་པའི་སྐད་ཆ་ཞིག་ཡིད་ལ་འཁོར། 

 འགྲིག་གི  ངས་རང་ཉིད་སྲུང་ཐབས་བྱེད་པ་ལས་མི་གཏན་ནས་རྡུང་གི་མིན།  ངའི་སེམས་ནང་གི་འགལ་བ་ཧ་ཅང་ཆེ་ཞིང་འདི་དང་དེ་སོགས་དྲན་རྒྱུ་རྒྱུན་མ་ཆད།  སྐྱོན་ངོས་ལེན་ནམ་ཡང་ནས་ཕར་རྒོལ་བྱེད་པའི་སྐོར་ངས་ཅི་བྱེད་མ་ཤེས་ཤིང་དགེ་རྒན་གྱིས་བཤད་པའི་སློབ་ཚན་ཚིག་གཅིག་ཀྱང་ཉན་ཐུབ་མ་སོང་།

  མཐར་སློབ་གྲྭ་གྲོལ་སོང་།  ཁའོ་ལེ་ཏི་གོམ་པ་ཁ་ཤས་ཡར་རྒྱུགས་ནས་ངའི་མདུན་དུ་དེད་བྱུང་།  ངས་ལག་པའི་ནང་གི་འཇལ་ཆས་དེ་ཡར་བཀྱགས་ནས་ཁ་ཕོ་བཅངས་ཏེ་ཁོང་ཁྲོ་ཆེན་པོས་ཁོར་ལྟ་བ་ཡིན།

 འདི་ལྟར་མ་བྱེད། ཨན་ལེ་ཁའོ།  ཁའོ་ལེ་ཏིས་ལག་པས་འཇལ་ཆས་ཕར་ཕྱེ་ནས་ཞི་འཇམ་གྱི་དགོད་འཛུམ་བསྟན་ནས་ངེད་གཉིས་མཐུན་པོ་བྱེད་ཡ།  ངེད་གཉིས་ནི་གྲོགས་པོ་མ་ཡིན་ནམ་ཞེས་བཤད།

 ང་ཧོན་ཐོར་སོང་།  སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ།   ཡིན་ན་ཡང་ཁའོ་ལེ་ཏི་ཡར་མཆོང་ནས་ང་རང་དམ་པོར་འཁྱུད་དེ་དེ་རིང་ནས་བཟུང་།  ངེད་གཉིས་གྲོགས་པོ་བྱེད་པ་ལས་ཁ་རྩོད་མི་བྱེད་ཅེས་བཤད། 

 ཁྱིམ་དུ་ལོག་རྗེས། ངས་དེ་རིང་བྱུང་བའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་ཨ་ཕར་བཤད་པ་ཡིན།  ངས་མ་གཞི་ཨ་ཕ་ཧ་ཅང་དགའ་སྤྲོ་སྐྱེ་སྲིད་པ་རེད་སྙམ་ཡང་ཁོང་གིས་གློ་བུར་དུ་ངོ་གདོང་ནག་རོག་གེར་བྱེད་པ་སུས་ཤེས།  ཁྱོད་ཀྱིས་བྱ་བ་སྒྲུབ་ཉེས་བྱས་པས་མ་གཞིར་སྔོན་ལ་བཟོད་གསོལ་ཞུ་དགོས་ཀྱང་ཁྱོད་ཀྱིས་མི་ལ་འཇལ་ཆས་ཕྱར་བ་རེད་ཅེས་ཆེས་གཟབ་ནན་གྱིས་དེ་ལྟར་བཤད་ཅིང་ངའི་ལག་ནང་གི་འཇལ་ཆས་དེ་ཕར་འཕྲོག་སྟེ་དུམ་བུ་གཉིས་སུ་བཅག་སྟེ་ཟུར་ཞིག་ཏུ་འཕངས་པ་རེད། 

ཟླ་རེའི་གཏམ་རྒྱུད།  ཧྥེ་ལུའུ་ཆའོ་ཡི་ཁྲག

 ཧྥེ་ལུའུ་ཆའོ་ཡི་ཁྱིམ་ཚང་ཁྲོམ་ལམ་དུ་ཁ་གཏད་ནས་ཡོད་ཅིང་རྩག་རྩིག་ཚོང་ཁང་ཞིག་གཉེར་བཞིན་ཡོད།  འཇམ་འཇགས་ཀྱི་ཁང་པའི་རྒྱབ་ཀྱི་ར་བ་ལ་རང་བྱུང་གི་ཆུ་མིག་ཅིག་ཡོད་ཅིང་སྒོ་ཆུང་ཞིག་དང་འབྲེལ་ཡོད།  དེའི་ནུབ།  ཕ་མ་ཚང་མ་ཁྲོམ་རར་ཅ་ལག་ཉོ་སར་ཕྱིན་ཞིང་ཕྱི་ཉིན་ཞོགས་པ་གཞི་ནས་ཚུར་ལོག་ཐུབ་པས་ཁྱིམ་དུ་ཞ་འཁུམས་ཀྱི་ནད་ཕོག་པའི་རྨོ་མོ་དང་ལོ་བཅུ་གསུམ་སོན་པའི་ཧྥེ་ལུའུ་ཆའོ་ལས་ལྷག་མེད།  མུན་རུབ་སོང་།  གཡོག་མོ་སྔར་ནས་ཁྱིམ་དུ་ལོག་ཟིན།  གློ་བུར་དུ་ཆར་ཞོད་བབས་ནས་སྒེའུ་ཁུང་གི་ཤེལ་སྒོར་ཕར་ཐག་ཕར་ཐག་རྒྱག་གི་འདུག  རྨོ་མོ་ཁེར་རྐྱང་སེམས་སྐྱིད་རྐུབ་སྟེགས་ཆེན་པོའི་ཐོག་བསྡད་ནས་ཚ་བོ་ཧྥེ་ལུའུ་ཆའོ་སྒུག་བཞིན་ཡོད།

   མཚན་མོའི་ཆུ་ཚོད་བཅུ་གཅིག་རེད་དུས་ཧྥེ་ལུའུ་ཆའོ་གཞི་ནས་དཀའ་སྡུག་གི་ལུས་པོ་འདྲུད་ནས་སྒོར་འཛུལ་བྱུང་།  ཁོའི་ལུས་ཡོངས་ལ་འདམ་བག་གིས་འགོས་ཤིང་གོས་ལ་ཨི་ཁུང་ཁ་ཤས་བཟོ་འདུག་པ་དང་ཐོད་པར་ད་དུང་རྨ་རྗེས་ཤིག་ཀྱང་འདུག

  ངའི་བུ།  ཁྱོད་ཀྱིས་ཡང་གཞན་དང་རྒྱག་རེས་རྒྱག་པ་ཨེ་ཡིན།

  ག་ལ་ཡིན།  ང་ཕྱིར་སོང་ནས་གྲོགས་པོ་ཐུག་སར་སོང་བ་ཡིན། 

 རྨོ་མོས་ཁོས་བདེན་གཏམ་མི་བཤད་པ་མཐོང་དུས་བསྲན་མ་ཐུབ་ནས་ཁ་རྡུང་གཏོང་འགོ་ཚུགས།  ཁྱོད་ནི་སྙིང་མེད་ཅིག་རེད་ཨང་།  ང་རང་གཅིག་པུ་ཁྱིམ་དུ་བསྐྱུར་ནས་རང་ཕྱིར་རྒྱུགས་ཏེ་དངུལ་སྤྱད་དེ་རྒྱན་པོ་འགྱེད་པ་དང་རྒྱག་རེས་རྒྱག་པ་རེད།  ཁྱོད་ནམ་ཡང་འདི་ལྟར་ཡིན་ན་འབྱུང་འགྱུར་རྒྱན་སྐུག་ཁྲམ་པ་ཞིག་ནས་ཇག་པ་རུ་འགྱུར་རྒྱུ་རེད།

 ཧྥེ་ལུའུ་ཆའོ་ཡིས་སྐད་ཆ་མི་ཤོད་ཅིང་འགྲིག་འདུག་མི་བསམ་པ་རེད།  མའོ་ཙའོ་ཉི་དྲན་གྱི་འདུག་གམ།  ལོ་ཉེར་བཞི་མ་སོན་གོང་བཙོན་ཁང་ལ་ཐེངས་གཉིས་འཛུལ་བ་དང་།  ཕ་མ་ཚང་མ་ཁོས་ཁོང་ཁྲོ་སློང་ནས་ཤི་བཅུག་པ་རེད།  ཁྱོད་ད་ལྟ་ཁོ་ཆུང་དུས་དང་ཨ་ན་མ་ན་རེད།   འདི་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད་ཨང་།   ཁྱོད་ཀྱིས་ཀྱང་རང་གི་ཕ་མར་མནར་གཅོད་དེ་འདྲ་གཏོང་འདོད་པ་ཡིན་ནམ།  རྨོ་མོ་ཁོང་ཁྲོ་ལངས་ཤིང་མིག་ཆུ་གཏོང་།  ཁྱོད་ལ་སྐྱོན་ངོས་ལེན་བྱེད་པའི་ཚིག་གཅིག་ཀྱང་མེད་པ་ཨེ་རེད།  ངས་ཁྱོད་རང་ཅི་འདྲའི་དགའ་ཞིང་ཁྱོད་རང་འཛམ་གླིང་འདིའི་ཐོག་ཆེས་རྩ་ཆེན་གྱི་ནོར་བུ་ཞིག་ཏུ་བརྩིས་པ་དང་།  ཁྱོད་ཀྱི་དོན་དུ་བྱ་བ་ཐམས་ཅད་སྒྲུབ་པ་ཡིན།  ཁྱོད་ཀྱིས་ངར་བདེ་སྐྱིད་ཐོབ་འདོད་པ་དྲན་གྱི་མེད་དམ། 

 རྨོ་མོས་ངུ་གཤེ་བྱས་པ་ཐོས་རྗེས།  ཧྥེ་ལུའུ་ཆའོ་སེམས་ཧ་ཅང་སྡུག་པ་རེད།  ཁོ་དལ་གྱིས་ཕར་འགྲོ་ནས་རྨོ་མོའི་ཕང་བར་མཆོང་གྲབས་བྱེད་པའི་ཚེ།

 གློ་བུར་དུ་ཉེ་ས་ན་སྒྲ་ཡང་མོར་ཞིག་གྲག་བྱུང་།  ཐོག་མར་ཁོ་ཚོས་ཆར་སྒྲ་ཡིན་སྣང་ཤར་ནས་ཡིད་འཇོག་མ་བྱེད།  རེད་དེ་གཡོ་འགུལ་ཇེ་ཆེར་སོང་བ་བསྟུན་ནས་ཁོ་ཚོས་གཞི་ནས་རྐང་སྒྲ་ཡིན་པ་གོ་བྱུང་།  རྨོ་མོས་བྲེལ་འཚུབ་ཀྱིས་ཚ་བོ་ཕང་དུ་འཐམས་ཏེ་འདར་སྐད་ཀྱིས་ངའི་ལུས་འགྲམ་དུ་སྡོད་ཀྱིས།  གང་མོས་གཏན་ནས་མ་འགུལ་ཞེས་བཤད།

 ཧྥེ་ལུའུ་ཆའོ་ཡིས་སྙིང་སྟོབས་བསྒྲིམས་ནས་སུ་ཡིན། དེ་ན་སུ་ཞིག་ཡོད་ཅེས་དྲིས།

 གཏམ་མཇུག་རྫོགས་ཁོམ་མེད་པར་ངོ་གཏུམས་པའི་ཇག་པ་གཉིས་མཆོང་ཡོང་ནས་གཅིག་གིས་ཧྥེ་ལུའུ་ཆའོ་བཟུང་ཞིང་ཁོའི་ཁ་བཀབ་པ་དང་།   གཅིག་གིས་རྨོ་མོའི་སྐེ་རྩ་བཅངས་པ་རེད།   སྐད་མ་རྒྱག  རྒྱག་ན་གསད་རྒྱུ་ཡིན་ཞེས་མི་གཉིས་ཀྱི་གྲི་ཐུང་ཕྱར་ནས་འཇིགས་སྐུལ་བྱས།  ཇག་པ་ཞིག་གིས་ཁྱོད་ཀྱི་ཨ་ཕས་དངུལ་གང་དུ་སྐུང་པ་རེད་མགྱོགས་པོར་ཤོད་དང་ཞེས་བཙན་སྐུལ་བྱེད།

 ཧྥེ་ལུའུ་ཆའོ་ཡིས་སོ་འདར་བཞིན་ཕར་གི་གོས་སྒམ་ནང་དུ་ཡོད་ཅེས་ལན་འདེབས།  ཇག་པས་གོས་སྒམ་ཕྱེ་ནས་དངུལ་གང་མོས་མོས་ཀྱིས་ཁུག་མའི་ནང་དུ་བརྫངས་རྗེས། ཁོས་ཡང་འཚོལ་མྱུལ་ཐེངས་གཅིག་བྱས་རྗེས་གྲི་ཆུང་མི་གཉིས་ཀྱི་མདུན་དུ་ཕྱར་ནས་སུས་སྐད་གྲག་ཕོད་ན་གློ་སྐེ་གཅོད་པར་ཡིད་འཇོག་ཀྱིས་ཞེས་ཁྲོ་གཏམ་སྨྲས།

 དེའི་ཚེ།  ཁྲོམ་ལམ་དུ་ལམ་འགྲོ་བའི་གླུ་དབྱངས་ཤིག་གྲག་བྱུང་།  ཇག་པ་དེས་དངངས་སྐྲག་གིས་ཁ་ཕྱིར་ཚ་འཁོར་ཞིག་བྱས་པས་ངོ་ཁེབས་མར་ལྷུང་བྱུང་།  མའོ་ཙའོ་ཉི།  རྨོ་མོས་སྐད་ངན་རྒྱག་བྱུང་།  ཤི་དགོས་རྒྱུ།  ཇག་པས་རང་གི་གདོང་ངོ་མ་བུད་པར་མཐོང་རྗེས་གྲི་བཟུང་ནས་རྨོ་མོའི་སྟེང་མཆོང་།  མ་རྒྱག་རོགས་ཞེས་ཧྥེ་ལུའུ་ཆའོ་ཡིས་བཙིར་སྒྲ་བརྒྱབ་ནས་ཡར་མཆོང་སྟེ་རང་གི་ལུས་པོས་རྨོ་མོ་སྲུང་སྐྱོབ་བྱས།  ཇག་པ་སྐྲག་ནས་བྲོས་ཤིང་ད་དུང་སྣུམ་སྒྲོན་ཡང་ས་ཐོག་འཕངས་པ་རེད།

 མུན་ནག་གི་ཁང་པའི་ནང་དུ་རྨོ་མོ་སྔར་ནས་སྐྲག་སྟེ་བརྒྱལ་ཟིན།  ཧྥེ་ལུའུ་ཆའོ་རྨོ་མོའི་ལུས་ནས་མར་ཤུད་པ་དང་ས་ཐོག་པུས་མོ་བཙུགས་ནས་བསྡད།  རྨོ་མོ་སད་རྗེས་སྐད་ཡང་མོས་ཧྥེ་ལུའུ་ཆའོ།  ངའི་བུ། ཁོ་ཚོ་ཕྱིན་སོང་ངམ་ཞེས་འབོད།  རྨོ་མོ།  སྐྱོན་མ་ཐལ།  ཧྥེ་ལུའུ་ཆའོ་ཡིས་སྐད་དམའ་ངུས་ལན་འདེབས་ཤིང་རྒན་མོའི་པུས་མོར་དམ་དུ་འཁྱུད།  མི་ངན་དེ་ཚོས་དངུལ་ཁུར་སོང་།  རེད་དེ་ཨ་ཕས་དངུལ་འབོར་ཆེན་ཚང་མ་ལུས་ལ་ཁུར་ཡོད་པས་ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས།  རྨོ་མོས་དབུགས་རིང་ཞིག་འཐེན་པ་དང་ལུས་པོ་ད་དུང་འདར་བཞིན་མཆིས།

 རྨོ་མོ། ཁྱོད་ཀྱིས་ད་དུང་ངར་དགའ་འམ། ངས་ནམ་རྒྱུན་ཁྱོད་ལ་སེམས་སྡུག་སྟེར་བས་ང་ལ་དགོངས་དག་གནང་རོགས་ཞེས་བཤད།

 ཧྥེ་ལུའུ་ཆའོ།  ལྷ་གོང་མ་ནི་བྱམས་སེམས་ཆེན་པོར་ལྡན།  ངས་ཁྱོད་ཇི་ཙམ་དགའ་བ་ཁོས་ཤེས་ཀྱི་རེད།  ཅེས་རྨོ་མོས་ཚ་བོ་དམ་པོར་འཐམ་པ་རེད། 

 རྨོ་མོ།  བཀའ་དྲིན་ཆེ།  ཧྥེ་ལུའུ་ཆའོ་ཡི་སྐད་གདངས་ཇེ་དམའ་ནས་ཇེ་དམའ་རུ་ཕྱིན་ཞིང་།  ང་སྐྱིད་པོ་འདུག  སླར་ཡང་མཇལ།  རྨོ་མོ།  ངས་ཁྱོད་ཚོ་ཚང་མ་དགའ།

  ཨ། ཧྥེ་ལུའུ་ཆའོ། ཧྥེ་ལུའུ་ཆའོ་ཨ།

 རྨོ་མོས་ཧྥེ་ལུའུ་ཆའོ་ཡི་ཕྲག་པར་ཡང་ནས་ཡང་དུ་སྒུལ་ཡང་།  ཧྥེ་ལུའུ་ཆའོ་ཡིས་ཅི་ཡང་ཚོར་མི་སྲིད་པ་རེད། གྲི་ཆུང་དེ་ཁོའི་སྙིང་ལ་ཕོག་འདུག  གཡོ་མེད་ཟོལ་མེད་ཀྱི་ཕྲུ་གུ་འདིས་རྨོ་མོའི་ཚེ་སྲོག་གི་ཚབ་བྱས་ཤིང་བྱམས་ལྡན་གྱི་བླ་སྲོག་ཞིང་ཁམས་སུ་འཕུར་ཟིན་ནོ།། 

ནད་ཁྲིའི་ནང་གི་རྡོ་བཟོ་བ་ཆུང་ཆུང་།

 རྡོ་བཟོ་བ་ཆུང་ཆུང་ལ་ནད་ཚབས་ཆེན་ཕོག་སྟེ་ཉིན་ཁ་ཤས་སློབ་ཁྲིད་བྱེད་སར་མ་བྱུང་།  ང་དང་ཁ་ལུང་ཏའེ་ལའོ་ཞི་བཅས་མཉམ་དུ་ཁོར་ལྟ་སར་ཕྱིན་པ་ཡིན།  ངས་མ་གཞིར་སློབ་གྲོགས་ཁ་ཤས་ཁྲིད་ནས་འགྲོ་བསམ་མོད། འོན་ཀྱང་ནོ་པི་སི་དང་ཧྭ་ཏི་ཉི་ལ་འགྲོ་འདོད་གཏན་ནས་མེད་ཅིང་མི་འགྲོ་བའི་ལན་སངས་པོ་སྟེར་བ་རེད།

 སློབ་གྲྭ་གྲོལ་པའི་ཚེ།  གནམ་ནས་ཆར་བ་བབ་པ་དང་།  ངེད་གསུམ་སྔོན་བཀོད་ཀྱི་འཆར་གཞི་ལྟར་བསྐྱོད་ཅིང་ཁྲོམ་རའི་ལམ་མདོར་བསླེབས་པའི་ཚེ་ཁ་ལུང་གིས་འགྲོ་མཚམས་བཞག་ནས་ཁ་ནང་གི་བག་སོབ་མིད་གང་ཐུབ་བྱས་ནས་ང་ཚོས་ཁོར་ལག་རྟེན་ཕྲན་བུ་ཁུར་ནས་འགྲོ་དགོས་ཞེས་ཟེར།  དེ་ནས་ང་ཚོས་ཟངས་ཊམ་ཁ་ཤས་བསྡུས་ནས་སིལ་ཏོག་སོ་མ་ཁ་ཤས་ཉོས་པ་ཡིན།

 ཁྱོད་ཚོས་སུ་བཙལ་བ་ཡིན། སྒོ་རྡུང་བའི་སྒྲ་ཚོར་བ་དང་མཐོ་བརྗིད་ཆེ་བའི་སྐྱེས་པ་ཞིག་གིས་སྒོ་ཕྱེ་བྱུང་།  ཁོ་ནི་རྡོ་བཟོ་བ་ཆུང་ཆུང་གི་ཨ་ཕ་རེད།

 ཁ་ལུང་གིས་ལུས་དྲང་བོར་བསྲངས་ནས་སྐད་ཆེན་པོས་ང་ཚོ་ནི་ཨན་ཐའོ་ཉི་ཨའི་སློབ་གྲོགས་ཡིན།  སིལ་ཏོག་ཉོ་ཡོད།  ཁོ་མགྱོགས་པོར་དྲག་པའི་རེ་བ་ཞུ་བ་ཡིན་ཞེས་བཤད།

 གནམ་སྔོན་པོ་མཁྱེན།  ཁོས་ད་ནས་སིལ་ཏོག་ཟ་ག་ལ་ཕོད། ཅེས་རྡོ་བཟོས་ལག་པས་མིག་ཆུ་ཕྱིས་ཤིང་གོམ་སྟབས་མགྱོགས་སུ་བཏང་ནས་ང་ཚོ་ནང་ལ་ཁྲིད།

 ཁང་པ་ཧ་ཅང་དོག་ཅིང་གྱང་ཟུར་དུ་དངོས་པོ་རྩག་རྩིག་དང་ལག་ཆས་སྤུངས་འདུག་ཅིང་ཧ་ཅང་རྙོག་འཁྲུག་ཡིན་པའི་སྣང་བ་སྟེར།  རྡོ་བཟོ་བ་ཆུང་ཆུང་ལྕགས་ཁྲི་ཆུང་ཆུང་གི་ཐོག་ཉལ་ཞིང་རྐང་པའི་ཐོག་ལ་རྡོ་ཐལ་འགོས་པའི་རྒྱབ་གོས་ཤིག་བཀབ་འདུག  ཁོ་སྔར་ལས་ཞན་ཞིང་དཀར་བོར་གྱུར་པ་དང་། སྣ་མགོ་རྣོ་ཞིང་དབུགས་དབྱིན་རྔུབ་འཚུབ་པས་ཧ་ལམ་ངོ་མི་ཤེས་པ་ལྟར་གྱུར་འདུག  ངས་སེམས་ནང་དུ་ཁོ་རང་སྔར་ཙམ་དྲག་པའི་སྨོན་ལམ་རྒྱུན་ཆད་མེད་པར་འདེབས་པ་ཡིན།

 ཁ་ལུང་གིས་ཚ་ལུ་མ་ཞིག་ཁོའི་ངོ་འགྲམ་དུ་བཞག་པའི་ཚེ། ཚ་ལུ་མའི་དྲི་མ་ཞིམ་པོ་ཡིན་པའི་རྐྱེན་ཡིན་ལས་ཆེ།  རྡོ་བཟོ་བ་ཆུང་ཆུང་གིས་མིག་ཡར་ཕྱེ་བྱུང་།  ཁོས་ཤ་མེད་ནུས་མེད་ཀྱི་ལག་པ་དེ་བརྐྱངས་ནས་དལ་གྱིས་ཚ་ལུ་མ་དེ་བླངས་པ་ནས་བཟུང་ལྷོད་འདོད་གཏན་ནས་མེད་པ་རེད།  ཁོས་ང་ཚོར་ཨུ་རུས་བྱས་ནས་ལྟ་བ་དང་མིག་ནང་དུ་རེ་བས་ཁེངས་འདུག

 ང་ནི་ཁ་ལུང་ཡིན།  ཁྱོད་ཀྱིས་ང་དྲན་གྱི་འདུག་གམ།   ཁ་ལུང་གིས་སྐད་གསང་ཇེ་མཐོར་གཏོང་།  རྡོ་བཟོ་བ་ཆུང་ཆུང་གི་བཞིན་རས་སུ་འཛུམ་བག་ཅིག་མངོན་ཞིང་འདར་བཞིན་པའི་ལག་པ་ཚུར་བརྐྱངས་བྱུང་།  ཁ་ལུང་གིས་པུས་མོ་ཕྱེད་ཀ་ས་ལ་བཙུགས་ནས་ཁོའི་ལག་ཟུང་དམ་པོར་འཇུས་ནས་རང་གི་འགྲམ་པར་གཏད་དེ་སྤྲོ་སེམས་ཆེན་པོས་སྐྲག་མི་དགོས།  ཁྱོད་རང་མགྱོགས་པར་དྲག་ཡོང་རྒྱུ་རེད། ང་ཚོས་ཁྱོད་དང་མཉམ་དུ་སློབ་གྲྭར་འགྲོ་བ་དང་།  མཉམ་དུ་རྒྱུགས་རྩལ་བྱེད་པར་སྒུག་གི་ཡོད།  ངས་དགེ་རྒན་ལ་ཁྱོད་རང་ངའི་འཁྲིས་སུ་སྡོད་ཆོག་པའི་ཞུ་རེ་བྱེད་ཆོག  ང་ཚོ་ནམ་ཡང་གྲོགས་པོ་བཟང་པོ་ཡིན།  ཨེ་རེད་ཅེས་བཤད།

 རྡོ་བཟོ་བ་ཆུང་ཆུང་གིས་སྐད་ཆ་མི་ཤོད་ཅིང་མིག་དལ་གྱིས་བཙུམས་ནས་ཧ་ལམ་ཤི་སོང་བ་དང་འདྲ།  སྐྱོ་སྡུག་གིས་མནར་བའི་ཨ་མ་སྐད་ཤུགས་ཆེན་པོས་ངུ་བ་དང་།  ཁྱོད་ཚོ་བཀའ་དྲིན་ཆེ། ཐབས་ཤེས་ཚང་མས་ཕན་གྱི་མི་འདུག  ང་ཚོ་ཁོའི་ལུས་འགྲམ་དུ་སྡོད་པ་ཙམ་ལས་འོས་མེད།  ཕྱིར་ལོག་རོགས་ཞུ་ཞེས་རྡོ་བཟོ་ཨ་ཕས་ང་ཚོར་ཕྱིར་ལོག་དགོས་པའི་བརྡ་བྱས།   ཁ་ལུང་གིས་ད་དུང་རེ་བ་མི་ལྷོད་ནས་རོགས་རམ་བྱེད་དགོས་པའི་དོན་དག་འདྲ་ཨེ་ཡོད་ཅེས་མཐའ་འཁྱོངས་བྱས་ནས་དྲིས།

 མི་དགོས།  ཕྲུ་གུ་ཚོ། བཀའ་དྲིན་ཆེ།  རྡོ་བཟོ་བས་ང་ཚོ་སྒོ་ནས་ཕྱིར་ཕུད་ཅིང་སྒོ་ཡང་མར་དན་སོང་།  ང་ཚོ་གྲག་འགུལ་མེད་པར་ཁང་ཐོག་ནས་མར་བབ་པའི་ཚེ་གློ་བུར་དུ་རྒྱབ་ཕྱོགས་ནས་མི་ཞིག་གིས་འབོད་བཞིན་པ་ཐོས།

  ཁ་ལུང་།

 ཁ་ལུང་ཁ་ཕྱིར་འཁོར་ནས་ཁང་ཐོག་ལ་ཡར་རྒྱུག་སོང་།  རྡོ་བཟོ་བ་སྤྲོ་སེམས་ཆེན་པོ་སྒོ་འགྲམ་དུ་ལངས་བཞིན་པ་མཐོང་།  ཁ་ལུང་།  ངའི་བུས་ཁྱོད་ཀྱི་མིང་འབོད་ཀྱི་འདུག  ཁོས་ཉིན་གཉིས་ཁ་གྲག་མ་སོང་།  ད་གིན་ཁྱོད་ལན་གཉིས་བོས་སོང་།  ཁྱོད་རང་ཁོའི་སར་ཅུང་ཟད་སྡོད་རོགས་དང་།  ཁོ་དེ་ནས་བཟུང་དྲག་སྐྱེད་ཡོང་བའི་རེ་བ་ཡོད་ཅེས་སྐད་ཅོར་རྒྱག

 ཁྱོད་ཚོ་སྔོན་ལ་སོང་།   ང་ཅུང་ཟད་བསྡད་ཀྱི་ཡིན། ཁ་ལུང་དགའ་ཐག་ཆོད་ནས་རྡོ་བཟོ་བ་དང་མཉམ་དུ་ཁང་པའི་ནང་དུ་འཛུལ་སོང་།

 ལམ་བར་དུ། ང་དང་ཏའེ་ལའོ་ཞི་གཉིས་ཀྱིས་རྡོ་བཟོ་བ་ཆུང་ཆུང་གི་ནད་གཞིའི་སྐོར་གྲོས་མོལ་བྱས་པ་ཡིན།  ངས་ཁོས་སྐད་ཆ་བཤད་ན་ནད་དྲག་ངེས་རེད།  ཨེ་རེད་དམ།  ཞེས་བཤད།  ཏའེ་ལའོ་ཞིའི་མིག་ནང་དུ་མིག་ཆུས་གང་བཞིན་ངས་ཀྱང་དེ་ལྟར་དྲན་གྱི་ཡོད།  ངས་ཁ་ལུང་ལ་ཧ་ལས་སོང་།  ཁོའི་བྱ་སྤྱོད་ནི་ཅི་འདྲའི་བཟང་པོ་ཞིག་རེད་ལ་གྲོགས་པོ་བཟང་པོ་ཞིག་ཀྱང་རེད་ཨང་།


  • ལེ་ཚན་སྔོན་མ།:དགའ་གཅེས་སློབ་གསོ།
  • ལེ་ཚན་རྗེས་མ།:དགའ་གཅེས་སློབ་གསོ།