དགའ་གཅེས་སློབ་གསོ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2018-01-15

ལེའུ་བརྒྱད་པ།  ཟླ་བ་ལྔ་པ།

བློས་བཏང་བ།

 ངའི་ཨ་མ་ནི་མི་བྱམས་སེམས་ཅན་ཞིག་ཡིན།  ཨ་ཅེ་ཞུའེ་ཨེར་ཝེ་ལ་ཡང་དེ་དང་མཚུངས་པའི་སྤྱོད་བཟང་ཡོད། 

 ཁ་སང་མཚན་མོར།  ངས་ཁྱིམ་དུ་ལས་བྱ་འབྲི་བཞིན་པའི་ཚེ་ཨ་ཅེ་དལ་མོར་ནང་ལ་ཡོང་ནས་བྲེལ་འཚུབ་ཀྱིས་ངས་ཨ་ཕ་དང་ཨ་མ་གཉིས་ཀྱིས་སྐད་ཆ་བཤད་སར་ཐོས་ཤིང་ཁྱིམ་ལ་མི་ལེགས་པའི་དོན་རྐྱེན་ཞིག་བུད་པ་འདྲ་བས།  ཁོང་ཚོས་བློས་བཏང་དགོས་པའི་སྐོར་གྲོས་མོལ་བྱེད་ཀྱི་འདུག  ངས་ཁྱིམ་དུ་དངུལ་མེད་པས་ཁོང་ཚོ་ཡིད་མུག་པ་ཡིན་རྒྱུ་རེད་སྙམ་གྱི་ཡོད།  དེ་ངོ་མ་ཡིན་ན་ང་ཚོ་ཡང་ཁྱིམ་ཚང་གི་གྲུབ་མི་གཅིག་ཡིན་པས་བློས་ལོས་ཀྱང་གཏང་དགོས།  རེད་པཱ། ངེད་གཉིས་མཉམ་དུ་ཨ་མ་བཙལ་སར་འགྲོ   ཁྱོད་ཀྱིས་ངེས་པར་དུ་ང་ལ་རྒྱབ་སྐྱོར་བྱེད་དགོས།  ཨ་མས་བླང་བྱ་ཅི་ཞིག་བཏོན་ན་ཡང་ངེད་གཉིས་ཀྱིས་ཁས་ལེན་བྱེད་དགོས།  ཨེ་འགྲིག་གི་ཞེས་བཤད་བྱུང་།  ངས་མགོ་བོ་གུག་ཙམ་བྱས་ནས་ཁས་ལེན་པ་ཡིན།

 ཨ་མ་འབོལ་ཁྲིའི་ཐོག་བསྡད་ནས་འཚེམ་གྲུབ་ཀྱི་ལས་ལ་བྲེལ་བཞིན་མནོ་བསམ་ཅི་ཞིག་གཏོང་གི་ཡོད་པ་འདྲ།  ངེད་གཉིས་ཕར་འགྲོ་ནས་ཨ་ཅེས་ཨ་མ།  ངེད་གཉིས་ལ་སྐད་ཆ་བཤད་རྒྱུ་ཡོད།  ངས་ཨ་ཕར་དངུལ་མེད་པར་ཤེས་ཀྱི་ཡོད།  དེས་ན་ངེད་གཉིས་ཀྱིས་ཨ་ཕ་ཨ་མ་དང་དཀའ་གནད་མཉམ་སྒྲོལ་བྱེད་པའི་ཐག་བཅད་པ་ཡིན།  ཁྱོད་ཀྱིས་ཟླ་བ་ལྔ་པར་ང་ལ་རླུང་གཡབ་དང་།  ད་དུང་ནུ་བོ་ལ་ཚོན་སྒམ་ཉོ་རྒྱུ་ཡིན་ཞེས་བཤད་མྱོང་། ད་ལྟར་ངེད་གཉིས་ལ་ཅི་ཡང་མི་དགོས་ཞེས་བཤད་པ་རེད།

 ཨ་མས་ཅི་ཞིག་བཤད་འདོད་ཀྱང་ཨ་ཅེས་ཀྱིས་བཀག་ནས་ཐག་གཅོད་འདི་ལྟར་བྱས་ན་ཆོག  ངེད་གཉིས་ཀྱིས་རྗེས་སུ་སིལ་ཏོག་མི་ཟ་ཞིང་ཁ་ཟས་རྩག་རྩིག་ཀྱང་ཉོ་མི་དགོས།  ཁུ་དང་བག་སོབ་ཡོད་ན་འགྲིག་གི་རེད།  འདི་ལྟར་བྱས་ན་གྲོན་ཆུང་མི་ཉུང་བ་བྱེད་ཐུབ། སྔ་མ་ཡིན་ན་ངེད་གཉིས་ཀྱིས་དངུལ་སྤྱད་རྒྱུར་ཧ་ཅང་དགའ་བ་རེད།   ད་ལྟར་ངེད་གཉིས་ཀྱི་སྐར་མ་གང་ཡང་གང་མོས་མི་སྤྱད་ན་ཡང་སེམས་སྐྱིད་པོ་ཡིན་པ་ཁག་ཐེག་བྱེད་ཆོག  ཨེ་རེད། ཨན་ལེ་ཁའོ་ཞེས་ཟེར་བ་རེད།

  ཡིན་ལགས།  ཨ་མ།  ངས་མགྱོགས་པར་མགོ་བོ་གུག་གུག་བྱེད།

 རེད་དེ།  སུ་ཞིག་གིས་ཁྱོད་ཚོ་ལ་ཟེར་བ་རེད་ཅེས་ཨ་མ་ཧོན་ཐོར་སོང་།

ཨ་ཅེས་ལག་པས་ཨ་མའི་ཁ་བཀབ་ནས་མུ་མཐུད་དེ་ངེད་གཉིས་ཀྱིས་ད་དུང་བློས་བཏང་གཞན་པ་ཡང་བྱེད་ཆོག  ང་ཚོ་ལ་གོས་གསར་པ་ཉོ་མི་དགོས།  ང་ཚོའི་གོས་འདང་ངེས་ཡོད།  ད་དུང་ལྷམ་དང་ཞྭ་མོ་ཡང་གསར་པ་བརྗེ་དགོས་དོན་མེད་པ་རེད།   འོ་ཡ།  གཡོག་པོ་གླ་ནས་རོགས་རམ་ཡང་བྱེད་མི་དགོས།   ངེད་གཉིས་ཀྱིས་ཁྱིམ་ལས་འགུལ་ཆོག་པས་མ་ཚད་དགའ་དགའ་སྤྲོ་སྤྲོ་བྱས་ནས་འགུལ་ཆོག་ཅེས་བཤད།

  རེད་དེ། 

 ཨ་ཅེས་མུ་མཐུད་དེ་ཨ་མའི་སྐེ་ནས་འཐམས་ཏེ་སྐད་གསང་མཐོན་པོས་ཨ་ཕ་ཨ་མ་སེམས་དགའ་ཞིང་སྔོན་མ་ལྟར་འཚོ་བ་སྐྱིད་པོ་རོལ་ཐུབ་ན་ང་ཚོ་དཀའ་སྡུག་ཇི་ལྟར་ཆེ་ཡང་བློ་མོས་ཞེ་མོས་ཡིན་ཞེས་བཤད།

 ཨ་མའི་ཞལ་རས་ཐོག་མིག་ཆུས་གང་ཞིང་ངས་ནམ་ཡང་མཐོང་མ་མྱོང་བའི་འཛུམ་ཞལ་གསལ་ཐག་ཆོད་ཅིག་མངོན་པ་དང་།    ཨ་མས་དགའ་ཞེན་ཆེན་པོས་ང་ཚོར་འོ་བྱས་པ་རེད།  དུས་ཡུན་རིང་འགོར་རྗེས་ཨ་མས་གཞི་ནས་ཕྲུ་གུ་བཟང་པོ།  ཁྱིམ་ནང་དངུལ་མེད་པ་མིན་ལ་དཀའ་ངལ་ཡང་མེད།  རེད་དེ་ཁྱོད་ཚོས་འདི་ལྟར་ཕ་མ་ལ་བསམ་ཤེས་བྱེད་པ་ནི་ངོ་མ་ཆེན་པོ་སྐྱེས་ཚར་འདུག་པས་ང་རང་ཧ་ཅང་དགའ་ཞེས་བཤད་པ་རེད།

 དེ་རིང་ཞོགས་ཟས་ཟ་བའི་ཚེ།  ངས་སྡེར་མའི་ཞབས་ལ་ཚོན་སྒམ་ཞིག་རྙེད་པ་དང་།  ཨ་ཅེས་ཟས་ཕྱིས་ནང་དུ་རླུང་གཡབ་ཅིག་མཐོང་བ་རེད།  ངེད་གཉིས་ཀྱི་སེམས་དགའ་བའི་ཁར་ཅུང་ཟད་སྐྱོ་སྣང་ཞིག་ཀྱང་སྐྱེས་བྱུང་།  

མེ་སྐྱོན།

 དེ་རིང་ཞོགས་པར་ངས་ཐེངས་འདིའི་རྩོམ་ཡིག་ཇི་ལྟར་འབྲི་དགོས་པ་བསམ་བློ་གཏོང་བཞིན་པའི་ཚེ་གློ་བུར་དུ་ཁང་ཐོག་ལ་འུར་སྒྲ་གྲག་པ་ཐོས་བྱུང།  ཅུང་ཟད་སྒུག་རྗེས།  མེ་གསོད་རུ་ཁག་གི་རུ་མི་གཉིས་ངའི་ཁྱིམ་དུ་མེ་ཐབ་དང་དུ་ཁུང་ལ་ཞིབ་བཤེར་བྱེད་སར་བསླེབས་བྱུང་། 

 གཟུགས་ཆུང་བའི་མེ་གསོད་མཁན་གྱིས་ཁང་སྟེང་གི་དུ་ཁུང་ཞིག་ལ་མེ་འབར་བ་རེད།  ཡིན་ན་ཡང་སུའི་ཚང་གི་ཡིན་དབྱེ་བ་འབྱེད་ཐུབ་ཀྱིན་མི་འདུག་ཅེས་བཤད།  དོན་དངོས་ནི་ངེད་ཚང་གིས་རྩ་བ་ནས་མེ་འབུད་མེད།  ཡིན་ན་ཡང་མེ་གསོད་མཁན་གྱིས་ད་དུང་གཟབ་གཟབ་བྱས་ནས་རྣ་བ་གྱང་ངོས་སུ་སྦྱར་ནས་ཚུལ་མིན་གྱི་གྲག་འགུལ་ཡོད་མིན་ལ་ཉན་པ་རེད།  ཁོ་ཚོས་ཕྱོགས་གང་སར་ཞིབ་བཤེར་བྱེད་བཞིན་པའི་ཚེ་ཨ་ཕས་གློ་བུར་དུ་ཅི་ཞིག་དྲན་ཡོང་བར་མི་ཤེས་པ་ང་ལ་གཏད་ནས་བུ།  ད་ལྟར་རྩོམ་ཡིག་གི་ཁ་བྱང་ཡག་པོ་ཞིག་ཡོད།  དེ་ནི་མེ་གསོད་པ་ཞེས་པ་དེ་རེད།    ངས་ཁྱོད་རང་ལ་གཏམ་རྒྱུད་ངོ་མ་ཞིག་བཤད།

  ལགས་སོ༎

 ལོ་གཉིས་སྔོན་གྱི་མཚན་མོ་ཞིག་ལ།  ལའོ་མ་ཁྲོམ་ལམ་གྱི་མི་སེར་སྡོད་ཁང་ཞིག་ལ་མེ་ཤོར་བ་རེད།  མེ་ལྕེ་ལྷབ་ལྷུབ་སྒེའུ་ཁུང་ནས་བརྐྱངས་ཤིང་ཁང་སྟེང་གི་དུ་བ་མཐུག་པོ་དྲིལ་ལྟེབ་བྱེད་བཞིན་ཕྱོགས་བཞིར་ཁྱབ།  ཁང་པའི་ནང་གི་མི་རྣམས་བྲེལ་འཚུབ་ལངས་ཤིང་སྐད་ཤུགས་ཆེན་པོས་མེ་གསོད་རུ་ཁག་འབོད་པ་རེད།  མེ་གསོད་མཁན་ཁ་ཤས་སྔོན་ལ་ཡུལ་དངོས་སུ་བསླེབས་ཤིང་ཐད་ཀར་ནང་དུ་རྒྱུགས།  སྐབས་འདིའི་དུས་སུ་ཡ་ང་བའི་དོན་རྐྱེན་ཞིག་བྱུང་སོང་།  བུད་མེད་ཅིག་ཐོག་ཁང་བཞི་པའི་སྒེའུ་ཁུང་དུ་སོང་ནས་འབོད་སྐད་རྒྱག་ཅིང་ཁོས་ལག་པས་ལན་བཀན་འཐེན་ཞིང་ལུས་རྒྱབ་ཕྱིར་བསྟན་ནས་བར་སྣང་ཁམས་སུ་དཔྱངས་འདུག  དུ་ནག་དང་མེ་ལྕེ་སྒེའུ་ཁུང་དུ་བརྐྱངས་ནས་ཁོའི་སྐྲ་ལོ་སྲེག་གྲབས་བྱས།  མི་ཚང་མས་སྐྲག་འཚུབ་གཉིས་ལྡན་གྱིས་སྐད་ངན་རྒྱག་གི་འདུག   ཚང་མས་མེ་གསོད་རུ་མཁན་ལ་ཁ་གཏད་ནས་ཁང་ཐོག་བཞི་པ་ན་འདུག  ཁང་ཐོག་བཞི་པ།  ཞེས་སྐད་ཤུགས་ཆེན་པོས་བོས་པ་དང་།  མེ་གསོད་མཁན་ཚོ་ཁང་ཐོག་བཞི་པར་རྒྱུགས་སོང་།  དེ་ནར་ཁ་ཐོར་དགུ་ཐོར་དུ་གྱུར་ཞིང་ཁང་པའི་གདུང་མ་མེ་ཆེན་གྱི་ནང་དུ་འགྱེལ་ལ་ཁད་འདུག་པས་ནང་དུ་རྩ་བ་ནས་འགྲོ་ཐུབ་ཀྱིན་མི་འདུག   མི་སྲོག་སྐྱོབ་འདོད་ན་འགྲོ་ལམ་ཉག་ཅིག་ནི་ཁང་སྟེང་རེད།  ཡིན་ན་ཡང་ཁང་སྟེང་ནས་མེས་བསྐོར་ཟིན་པའི་ཁང་པར་འགྲོ་དགོས་ན་ངེས་པར་དུ་གཟར་ཞིང་དོག་པའི་བར་སྟོང་ཞིག་བརྒྱུད་དགོས། དེར་ཁ་བ་སྤུངས་ནས་ཡོད་ཅིང་འཛེགས་རོགས་བྱེད་ཡས་ཀྱི་དངོས་པོ་གང་ཡང་མེད་པ་རེད། 

 ཉེན་ཁ་ཧ་ཅང་ཆེ་བའི་དུས་སྐབས་འདིར་མི་རྣམས་ཀྱིས་དུ་ནག་གི་ཁྲོད་དུ་གྲིབ་ནག་ཅིག་རྫ་རྣང་གི་ཐོག་ནས་འགུལ་སྐྱོད་བྱེད་བཞིན་པ་མཐོང་།  མ་གཞི་ཁོ་རང་ནི་སྔོན་དུ་བསླེབས་པའི་རུ་དཔོན་རེད།  གནམ་རྒན་མ།  ཉེན་མཆོང་མ་བྱེད།  ཉེན་ཁ་ཆེན་པོ་འདུག་ཅེས་མི་ཚང་མས་འོག་ནས་འབོད་སྐད་རྒྱག  རུ་དཔོན་ཁང་སྟེང་གི་ཟུར་ནས་དཀའ་ཚེགས་ཆེན་པོས་མདུན་དུ་སྣུར།  མི་ཚང་མས་དབུགས་རྔུབ་མཚམས་བཞག་ནས་ཁོའི་ཆེད་དུ་སེམས་ཁྲལ་གྱིས་རྔུལ་ནག་ཅིག་ཡང་ཤོར་བ་རེད།  ཡ། ཁོ་ཕར་བརྒྱུད་ཐུབ་སོང་།  འོག་ནས་དགའ་སྤྲོའི་སྒྲ་སྐད་ཅིག་གྲག་བྱུང་།  རུ་དཔོན་གཟབ་ནན་གྱིས་ཧུར་ཐག་བྱེད་བཞིན་སྟ་རེས་ཤུགས་གང་ཡོད་བཏོན་ནས་དུང་ཁ་ཞིག་བཅད་པ་རེད།  མེ་ཤུགས་ཇེ་ཆེ་ནས་ཇེ་ཆེར་ཕྱིན་སོང་།  སྒེའུ་ཁང་ཕྱིར་དཔྱངས་པའི་བུད་མེད་ཀྱིས་བསྲན་མི་ཐུབ་ནས་གློ་སྙིང་གས་པའི་སྐད་ངན་རྒྱག་གི་འདུག

 གློ་བུར་དུ་མེ་འོད་ཀྱིས་གསལ་བའི་སྒེའུ་ཁུང་གི་མདུན་དུ་གྲིབ་ནག་ཅིག་མཐོང་བྱུང།  རུ་དཔོན་རེད།  བུད་མེད་དེས་ཁོའི་སྐེ་ནས་འཐམ་ཞིང་རུ་དཔོན་གྱིས་ཁོའི་སྐེད་པ་ནས་བཟུང་སྟེ་དལ་གྱིས་ཁང་པའི་ནང་དུ་འཛུལ་བ་དང་།  དེ་མུར་སྐས་རིང་ཡང་དུས་ཐོག་བཙུགས་པ་དང་མེ་སྐྱོན་ཕོག་མཁན་ཚང་མ་སྐྱོབ་ཐུབ་སོང་།  དཔའ་ངར་ཞུམ་མེད་ཀྱི་མེ་གསོད་མཁན་ས་ཐོག་མར་བབ་པའི་ཚེ་དེར་ཡོད་ཀྱི་ལྟད་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་བསྟོད་བསྔགས་བྱས་ཤིང་།  རང་སྲོག་ལ་མི་བལྟས་པའི་རུ་དཔོན་ཆེས་མཐའ་མར་བབ་བྱུང་།  སྐབས་དེར་ཐལ་སྒྲ་དེ་བས་ཆེ་རུ་སོང་།  མི་རྣམས་ཀྱིས་དཔུང་པ་ཕྱེ་ནས་གུས་བཀུར་ཆེན་པོས་ཁོ་ལ་དགའ་བསུ་ཞུས་པ་རེད།  དུས་སྐབས་ཤིག་ལ་གང་སར་ཀྲོའུ་ས་པའེ་ལའོ་པེ་ནོ་ཞེས་པའི་མིང་ཁྱབ་ཀྱིན་འདུག

 ཤེས་སོང་ངམ།  འདི་ལ་སྙིང་སྟོབས་ཟེར་བ་རེད།  དཀའ་ཉེན་ཐུག་དུས་དང་། སྐྱོབ་སྐད་ཐོས་པའི་ཚེ་ཚམ་ཚོམ་མེད་པར་ཡར་རྒྱུགས་པའི་སྙིང་སྟོབས།  ངས་བལྟས་ན་ཁྱོད་ཀྱིས་རུ་དཔོན་ལའོ་པེ་ནོ་འཕྲད་འདོད་ཡོད་པ་རེད་ཅེས་ཟེར།

  ལོས་ཡིན།  ཁོ་ཁྱོད་ཀྱི་མདུན་ན་ཡོད།  མགྱོགས་པར་རུ་དཔོན་གྱི་ལག་པ་འཇུས་ཤིག  ཨ་ཕས་གཟུགས་ཆུང་བའི་མེ་གསོད་པ་མཛུབ་མོར་བཙུགས།  རུ་དཔོན་གྱིས་དགོད་འཛུམ་འཛུམ་ལག་པ་ཚུར་རྐྱོང་བྱུང་།

 དུས་ཚོད་འདིར་སེམས་ནང་ཞོག་ཅིག  མི་ཚེ་གཅིག་གི་ནང་དུ་ཁྱོད་ཀྱིས་མི་གྲངས་མེད་པ་དང་ལག་འཇུས་བྱེད་སྲིད་མོད།  འོན་ཀྱ་ང་ཁོང་ལྟར་དཔའ་ངར་སྒེར་སེམས་མེད་པ་ནི་མང་པོ་ཡོད་ཀྱི་མ་རེད།   ཅེས་ཨ་ཕས་ང་ལ་ནན་སྐུལ་བྱས།  

ཟླ་རེའི་གཏམ་རྒྱུད།  ལེ་དབར་ཁྲིར་བརྒལ་ནས་ཨ་མ་བཙལ་བ།

 མ་ཨེར་ཁའོ་ནི་ར་ན་ཡའི་བཟོ་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས།  རྐྱེན་ངན་དང་འཕྲད་པའི་རྐྱེན་གྱིས་ཨ་ཕས་བུ་ལོན་མང་པོ་བཟོས་པ་རེད།  ཨ་མས་དངུལ་མང་ཙམ་ཐོབ་ཐུབ་པའི་ཆེད་དུ་རང་གི་ཁྱོ་ག་དང་བུ་གཉིས་ལས་ཁ་བྲལ་ནས་ཐག་རིང་གི་མེ་གླིང་ལྷོ་མར་གཡོག་མོ་བྱེད་དུ་སོང་།  ཨ་མས་ཟླ་བ་རེར་བདེ་མོ་ཡིན་པའི་འཕྲིན་ཡིག་ཅིག་བསྐུར་ཡོང་བའི་ཁ་ཆད་བྱས།

 ཐོག་མའི་སྐབས་སུ།  ཨ་མས་དུས་ཐོག་འཕྲིན་ཡིག་བསྐུར་བ་དང་བསྐུར་ཡོང་བའི་དངུལ་གྱིས་བུ་ལོན་ཕལ་ཆེར་སོད་པ་རེད།  ཨ་ཕ་དང་ཕུ་བོས་ལས་ཀ་ཧུར་ཐག་བྱས་ནས་ཁྱིམ་མི་ཚང་མ་མཉམ་འཛོམས་བྱེད་པའི་དུས་སྒུག་བཞིན་མཆིས།  མིག་རྡེབ་པ་ཙམ་གྱིས་ལོ་གཅིག་འགོར་སོང་།  ཨ་མས་ཆེས་མཇུག་མཐའི་འཕྲིན་ཡིག་གི་ནང་དུ་ལུས་པོ་མི་བདེ་བ་འདུག་ཅེས་བཤད་པ་ནས་བཟུང་ཁྱིམ་མི་དང་འབྲེལ་བ་ཆད་སོང་བ་རེད།  ཕ་སྤད་གསུམ་གྱིས་ཐབས་ཤེས་གང་ཡོད་སྤྱད་ཀྱང་ད་དུང་འབྲས་བུ་གང་ཡང་མ་ཐོབ་པ་རེད།

 ཨ་ཕས་ངེས་པར་དུ་ཁྱོད་ཚོའི་ཨ་མ་འཚོལ་དགོས་ཞེས་བཤད་ན་ཡང་ཁོང་དང་ཕུ་བོ་གཉིས་ཀས་ལས་ཀ་འགུལ་བཞིན་ཡོད་པས་ཁ་བྲལ་ཐབས་མེད་ལ།  ཁོ་ཚོས་ཀྱང་ཨ་མ་ཁྱིམ་དུ་ལོག་རྗེས་མུ་མཐུད་དེ་དཀའ་སྡུག་མྱོང་འདོད་མེད་པ་རེད། 

 ལོ་ན་བཅུ་གསུམ་གྱི་མ་ཨེར་ཁའོ་ཡིས་ང་རང་འགྲོ་ཆོག་ཟེར།

 ཨ་ཕ་བློ་མི་བདེ་ཞིང་ཁོ་ལོ་ན་ཆུང་དྲགས་པས་སེམས་ཁྲལ་བྱས།  མ་ཨེར་ཁའོ་སེམས་ཐག་གཙང་བཅད་བྱས་ཏེ་རང་གི་འཆར་གཞི་བཤད།  ང་རང་སྔོན་ལ་པུ་ཉི་རའོ་སི་ཨེར་ལི་སིར་ཕྱིན་ནས་ཨ་ཁུ་རྒན་པ་བཙལ་ནས་རོགས་རམ་བྱེད་རོགས་ཟེར་ཆོག  གལ་སྲིད་མི་ཕན་ན་གཞུང་ཚབ་ཁང་དུ་རོགས་རམ་འཚོལ་དུ་འགྲོ་ཆོག་ཅེས་བཤད་པས།  ཨ་ཕས་བུའི་རེ་བ་ནན་པོ་འགོག་མ་ཐུབ་པར་ཁས་ལེན་ཞུས་སོང་།

 ཟླ་བ་བཞི་པའི་མཚན་མོ་ཞིག་ལ།  མ་ཨེར་ཁའོ་ཨ་མ་འཚོལ་བའི་ལམ་དུ་སྐྱོད་འགོ་ཚུགས།  གྲུ་གཟེངས་ཐོག་གི་ཉིན་ཉེར་བདུན་གྱི་ནང་དུ་མ་ཨེར་ཁའོ་སུན་སྣང་སྐྱེ་ཞིང་སྐྱོ་སྣང་ཡང་སྐྱེ།  གང་བཟས་ཀྱང་བྲོ་བ་གང་ཡང་མི་འདུག་ཅིང་དུས་ནམ་ཡང་སྙིང་ཚིམ་པོ་ཞིག་ངུ་འདོད་སྐྱེ།  ནུབ་ཕྱོགས་རྒྱ་མཚོ་ཆེན་པོ་བརྒལ་ཟིན་པའི་ཚེ་ཁོས་གྲུ་གཟེངས་ཐོག་མེ་གླིང་དུ་རང་གི་བུར་ལྟ་རུ་ཕྱིན་པའི་ལོན་པ་ཏིའི་ཞིང་པ་རྒན་པོ་ཞིག་ངོ་ཤེས་པ་ནས་བཟུང་གཞི་ནས་འཛུམ་མདངས་ཅུང་ཟད་ལྡན་པ་རེད།  ཞིང་པ་རྒན་པོ་དེ་ཧ་ཅང་རྩེད་མཚར་ཆེ་ཞིང་བྱམས་སེམས་ཆེ་བས་ཁོར་ཕྲུ་གུ་བཟང་པོ།  ཁྱོད་ཀྱི་བསམ་དོན་འགྲུབ་ངེས་རེད།   སེམས་ཕམ་ཡིད་ཆད་གཏན་ནས་བྱ་རྒྱུ་མེད་ཅེས་རྒྱུན་ཆད་མེད་པར་སེམས་གསོ་བྱས་པ་རེད།

 ཉི་འོད་རབ་ཏུ་དྲོ་བའི་ཉིན་ཞིག   གྲུ་གཟེངས་པུ་ཉི་རའོ་སི་ཨེར་ལི་སིར་བསླེབས་སོང་།  དངུལ་ཡོད་ཚད་གྲུ་གཟེངས་ཐོག་རྐུ་ཤོར་བ་དང་།  ཁུར་ཡོད་པའི་འགྲོ་ཆས་ཀྱང་སྔར་ནས་ག་སོང་ཆ་མེད་དུ་སོང་མོད།  ཨ་མ་འཕྲད་ཆོག་པ་དྲན་པའི་ཚེ་མ་ལེར་ཁའོ་དགའ་ནས་ཚང་མ་བརྗེད་སོང་བ་རེད།  ཁོ་མཛའ་བརྩེ་ལྡན་པའི་མི་རྒན་དང་ཁ་བྲལ་རྗེས་དགའ་དགའ་སྤྲོ་སྤྲོ་བྱས་ནས་ཁྲོམ་རར་རྒྱུགས།  འགྲུལ་མི་ཚོའི་ཁྲིད་སྟོན་འོག་ཏུ་མ་ཨེར་ཁའོ་ཨ་མས་འཕྲིན་ཡིག་ཐོག་བྲིས་པའི་སྡོད་གནས་ཏེ་ཡ་ཨེར་ཐེ་སི་ཁྲོམ་ལམ་དུ་བསླེབས་ནས་ཨང་བརྒྱ་དང་བཅུ་བདུན་པའི་རྩག་རྩིག་ཚོང་ཁང་དེ་རྙེད་སོང་།  མིག་ཤེལ་བསྐོན་ཡོད་པའི་སྐྲ་ལོ་དཀར་བའི་མ་རྒན་ཞིག་ཕྱིར་ཡོང་ནས།  ཕྲུ་གུ  ཁྱོད་ཀྱིས་ཅི་ཞིག་ཉོ་བ་ཡིན་ཞེས་དྲིས།

 མ་ཨེར་ཁའོ་སེམས་འགུལ་ཐེབས་ནས་ཧ་ལམ་སྐད་ཆ་ཡང་ཤོད་མི་ཐུབ་པར་གྱུར་ཞིང་ཡུན་རིང་འགོར་རྗེས་གཞི་ནས་འདི་ནི་ཝུའུ་ལན་ས་སིའི་ཚོང་ཁང་རེད་དམ་ཞེས་དྲིས།

 ཁོ་ཤི་ཚར་བ་རེད།  ཧ་ལམ་ཟླ་བ་གསུམ་ནས་བཞིའི་སྔོན་དུ་ཁོ་པའོ་ལན་ཁ་རུ་སྤོས་ནས་མི་རིང་བར་ཤི་སོང་བ་རེད་ཅེས་ལན་བཏབ།

 མ་ཨེར་ཁའོ་ཡི་ངོ་མདོག་ཐལ་སྐྱ་རུ་གྱུར་ཞིང་མིག་ཆུ་ཤོར།  ང་རང་དབྱི་ཐ་ལི་ནས་ཡོང་བ་ཡིན།  ཝུའུ་ལན་ས་སིས་མ་གཏོགས་ངའི་ཨ་མའི་སྡོད་གནས་ཤེས་ཀྱི་མ་རེད།  ངས་ཅི་ཞིག་བྱེད་དགོས་སམ།  ངའི་ཨ་མ་སྐུ་ཞབས་མེ་ཁའོ་ལེ་སིའི་ཁྱིམ་དུ་གཡོག་རྒྱག་གི་ཡོད་པ་རེད་ཅེས་བཤད།

 བུད་མེད་དེ་མགྱོགས་པོར་ཁོར་སེམས་གསོ་བྱེད་པས་མ་ཚད་བུ་ཆུང་ཞིག་བཙལ་རོགས་བྱས་ནས་ལམ་ཁྲིད་དེ་གནས་ཚུལ་གོ་བའི་མི་གཞན་པ་ཞིག་ལ་འདྲི་རྩད་བྱེད་དུ་མངགས།  ཡིན་ན་ཡང་བུད་མེད་དེའི་དྲིས་ལན་ཧ་ཅང་སྟབས་བདེ་ཞིང་སྐུ་ཞབས་མེ་ཁའོ་ལེ་སིའི་སྔར་འདིར་བསྡད་མྱོང་བ་རེད།  ད་ལྟར་ཁའོ་ཐེ་ཧའེ་རུ་སྤོས་ཚར་བ་རེད་ཟེར།

 ཁའོ་ཐེ་ཧའེ།  ས་ཆ་གང་ན་རེད།  ཁོའི་ཁྱིམ་ཚང་གི་གཡོག་མོ་ཡང་ཁྲིད་སོང་བ་ཨེ་རེད།

 ངའི་ཨ་ཕས་ཁྱོད་ལ་བཤད་ཐུབ་ནའང་ཐང་།  བུད་མེད་དེ་ནང་ལ་སོང་བ་དང་།   སྐྲ་ལོ་དུང་ལྟར་དཀར་བའི་མི་རྒན་ཞིག་ཕྱིར་བསླེབས་ནས་ཁྱོད་ཀྱི་ཨ་མ་ནི་རའེ་ན་ཡའི་མི་ཨེ་རེད་ཅེས་དྲིས།

  རེད།

 ཤེས་སོང་། ཁོ་བདག་པོའི་ཁྱིམ་ཚང་དང་ལྷན་དུ་ཁའོ་ཐེ་ཙུན་དུ་སོང་ཚར་བ་རེད།

 དེས་ན་ངས་ཁའོ་ཐེ་ཧའེ་དུ་ཁོང་བཙལ་ཆོག་པ་རེད་དམ།

 སྙིང་རྗེ་བའི་ཕྲུ་གུ   འདི་ནས་ཁའོ་ཐེ་ཧའེ་ལ་དབྱིན་ལེ་བརྒྱ་ཕྲག་ཁ་ཤས་ཡོད་པ་རེད་ཨང་ཞེས་མི་རྒན་ཧ་ལས་སོང་།

 མ་ཨེར་ཁའོ་ཡིས་ཉན་རྗེས་སེམས་འཚུབ་དྲགས་ནས་ཧ་ལམ་བརྒྱལ་གྲབས་བྱས།  མི་རྒན་གྱིས་མ་ཨེར་ཁའོ་ཁྱིམ་དུ་ཁྲིད་ནས་བསྡད་བཅུག་པས་མ་ཚད་ད་དུང་འཕྲིན་ཡིག་ཅིག་བྲིས་ནས་ཁོར་སྤྲད་པ་རེད།  འཕྲིན་ཡིག་ཁུར་ནས་པའོ་ཁ་གྲོང་རྡལ་ཆུང་ངུར་སོང་།  འཕྲིན་ཡིག་ཐོག་གི་མི་འདི་འཚོལ་ཐུབ་པ་གྱིས།  དེ་ནས་ཁོས་མི་གཞན་པ་བཙལ་ནས་ཁྱོད་རང་ཁའོ་ཐེ་ཧའེ་རུ་སྐྱེལ་ངེས་རེད།   བྱམས་བརྩེ་ཆེ་བའི་མི་རྒན་གྱིས་སླར་ཡང་ཁོར་དངུལ་ཁ་ཤས་བྱིན་པ་རེད།  སྙིང་ཐག་པ་ནས་ཁྱོད་ལ་བཀའ་དྲིན་ཆེ་ཞུ་ཞེས་མ་ཨེར་ཁའོ་ཡིས་ལག་པ་གཡུགས་ནས་ཁ་གྱེས་པ་རེད། 

 གཅིག་ནས་གཅིག་བརྒྱུད་དེ་མ་ཨེར་ཁའོ་གྲུ་གཟིངས་ནང་ཉིན་གསུམ་མཚན་བཞིར་བསྡད་ནས་མཐར་མི་རྒན་པའེ་ཐའོ་ཡི་སྐུ་དྲག་གི་ཁྱིམ་དུ་བསླེབས་པ་རེད།  སྟབས་མ་ལེགས་པར་སྐུ་དྲག་ཕྱིར་གྲོགས་འཕྲད་དུ་སོང་བ་དང་།  ནམ་ཚུར་ལོག་ཡོང་བ་མི་ཤེས་པ་རེད།  གནམ་སྔོན་པོ་མཁྱེན།  མ་ཨེར་ཁའོ་རེ་བ་ཟད་པའི་སྐབས་སུ་སྟེར་དབང་གིས་གྲུ་ཐོག་གི་ལུན་པ་ཏིའི་མི་རྒན་དེ་ཐུག་བྱུང་།   ཁོའི་རོགས་རམ་འོག་ཏུ་མ་ཨེར་ཁའོ་དབྱི་ཐ་ལིའི་སྤུན་ཟླ་མང་པོའི་ས་ནས་ལམ་དངུལ་བསྡུས་ཐུབ་པས་སླར་ཡང་མུ་མཐུད་དེ་མདུན་དུ་སྐྱོད་ཐུབ་སོང་།

 ནམ་མ་གསལ་གོང་ནས་མ་ཨེར་ཁའོ་ཁའོ་ཐེ་ཧའེ་ལ་གཏོང་བའི་མེ་འཁོར་ནང་དུ་བསྡད།  ས་སྲོད་ཀྱི་དུས་སུ་ཁོ་རང་གཅིག་པུ་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་ལམ་དུ་འགྲོ་ཞིང་ལྷ་པ་ཞིག་གི་མཛུབ་ཁྲིད་འོག་ཏུ་སྐུ་ཞབས་མེ་ཁའོ་ལེ་སིའི་ཁྱིམ་རྙེད་པ་རེད།  རེད་དེ་སྐུ་ཞབས་མེ་ཁའོ་ལེ་སི་ཟླ་བ་གསུམ་གྱི་སྔོན་ལ་ཐུའུ་ཁུའུ་མན་དུ་སྤོས་ཟིན།  མཉམ་འཛོམས་ཀྱི་རེ་བ་མེད་པར་སོང་བས་མ་ཨེར་ཁའོ་རྐང་ཐང་གིས་ལེ་དབར་སུམ་བརྒྱ་བཞི་བརྒྱའི་སར་མིང་ལ་ཐུའུ་ལའོ་ཞེས་པའི་ཚོང་པ་ཞིག་བཙལ་ཏེ་ཁོའི་ཅ་དངོས་དང་མཉམ་དུ་ཐུའུ་ཁུའུ་མན་དུ་འགྲོ་ཨེ་ཐུབ་ལྟ་བ་རེད།

 འདི་ནི་ཧ་ཅང་དཀའ་ལས་ཆེ་བའི་ཡུལ་སྐོར་ཞིག་རེད་ཨང་།  ཉིན་ཉི་ཤུ་འགྲོ་དགོས་པ་རེད། 

 ཨ་མ་འཚོལ་ཐུབ་པ་ཡིན་ན་དཀའ་སྡུག་ཇི་འདྲ་མྱོང་ཡང་ངས་ཁུར་ཐུབ་ཅེས་རེ་བ་ཞུས་ནས་ངས་ཁྱོད་ཀྱི་ལས་ཀ་འགུལ་རོགས་བྱེད་ཆོག  ང་ལ་ཉིན་རེར་བག་སོབ་ནག་པོ་གཅིག་ལས་མི་དགོས་ཞེས་བཤད་པ་རེད།

 འགྲིག་གི  ང་ཚོ་སང་ཞོགས་ཆུ་ཚོད་བཞི་པར་ཆས་འགྲོ   སེམས་སྲ་བའི་ཚོང་པས་ཁས་ལེན་སོང་།

 ཡུལ་སྐོར་གསར་པ་བྱེད་འགོ་ཚུགས་སོང་།  མ་ཨེར་ཁའོ་ཡི་ལྷམ་རལ་བ་དང་རྐང་པ་བརྡར་ནས་རྨ་བཟོས་པ་དང་།  དེའི་ཐོག་བཟའ་རྒྱུ་མེད་པས་ཕོ་ཁ་རྒྱུན་ཆད་མེད་པར་ན་ཞིང་ཉིན་བསྟུད་མ་གསུམ་ཚ་བ་རྒྱག་པ་རེད།  ཁོས་རང་ཉིད་ཤི་བ་ཡིན་སྣང་ཤར་ཞིང་སྨོན་ལམ་ཆད་མེད་བཏབ་ཅིང་ཨ་མ་ཡང་ཡང་འབོད།

 མ་ཨེར་ཁའོ་སྐྱོ་སྡུག་ཚད་མེད་བྱེད་པའི་སྐབས་སུ་ཁོའི་ཨ་མ་ན་བའི་རྐྱེན་གྱིས་དབུགས་ཧལ་ཧལ་དུ་གྱུར་ཟིན་པ་རེད།  ཁོ་རང་མེ་ཁའོ་ལེ་སིའི་ཁྱིམ་ཚང་གི་ཁང་ཆུང་ཞིག་གི་ནང་དུ་ཉལ་ནས་ཨུ་ཚུགས་ཀྱིས་ངས་གཤའ་བཅོས་བྱེད་མིན།  ངས་ཤི་ཁར་རང་གི་ཉེ་བ་དང་འཕྲད་འདོད་པ་ཡིན་ཞེས་བཤད་པ་རེད།

 ཉིན་ཉི་ཤུར་སོང་རྗེས།  མ་ཨེར་ཁའོ་ཡིས་ཁུག་མ་ཆེན་པོ་ཞིག་ཁུར་ཞིང་ལུས་པོ་འཁུམ་འཁུམ་བྱས་ནས་འགྲོ་ཞོར་དང་འཐེང་ཞོར་ཐུའུ་ཁུའུ་མན་གྲོང་ཁྱེར་དུ་བསླེབས།  ཁོས་མི་ཚང་མར་གནས་ཚུལ་དྲིས་ཏེ་མཐར་སྐུ་ཞབས་མེ་ཁའོ་ལེ་སི་དབྱིན་ལེ་བཅོ་ལྔ་ཡོད་པའི་ས་ལ་ཏེ་ལའོ་སྦྲང་བཟོ་གྲྭར་ཡོད་ཅིང་རང་གི་ཨ་མ་ཡང་དེར་ཡོད་པ་གཏན་འཁེལ་བྱས་པ་རེད།  མ་ཨེར་ཁའོ་དགའ་ནས་འཕར་མཆོང་རྒྱག་འདོད་སྐྱེས་ཤིང་ལངས་ངལ་ཞིག་ཀྱང་གསོ་ཁོམ་མེད་པར་དེ་མ་ཐག་འཁྱར་འཁྱོར་བྱས་ནས་སྐྱོད་འགོ་ཚུགས།  སྙིང་རྗེ་བའི་མ་ཨེར་ཁའོ་ཟུངས་ཟད་དེ་འགྲོ་ཞོར་དང་གོག་ཞོར་ས་ཆ་དེར་བསླེབས་པ་རེད།

 ཞོགས་པའི་ཆུ་ཚོད་བརྒྱད་པ་ཡས་མས་སུ་ཨ་མར་དབུགས་རྟ་རྔ་ཙམ་ལས་མེད་ཅིང་སྡུག་བསྔལ་ཆེན་པོས་མ་ཨེར་ཁའོ་ཡི་མིང་འབོད་བཞིན་འདུག

 དེའི་ཚེ།   བུད་མེད་བདག་པོས་མཱ་ཨེར་ཁའོ་ཁྲིད་དེ་བསླེབས་བྱུང་།  བརྩེ་བའི་ཡའོ་སི་ཧྭ།  ལྟོས་དང་སུ་བསླེབས་སོང་།  མིག་ཡར་ལྟོས་དང་།  ཁྱོད་ཀྱི་ནོར་བུ་བསླེབས་སོང་ཞེས་བོས་པ་རེད།

 ཨོ།  ངའི་གནམ་རྒན་མ།  ཨ་མས་བཙིར་སྒྲ་སྒྲོག་ཅིང་མིག་ཆུ་ཤར་ཤར་དུ་བབ་པ་དང་།  ངས་རྨི་ལམ་རྨི་བ་ཨེ་རེད།  གནམ་རྒན་མ། ངའི་གནམ་རྒན་མ།   མ་ཨེར་ཁའོ་ཕར་རྒྱུགས་སོང་།  ངོ་མ་ཁྱོད་ཡིན་ནམ།  ཁྱོད་འདིར་ཇི་ལྟར་ཐོན་པ་ཡིན།  ཨ་མས་རིད་ཅིང་སྐམ་པའི་དཔུང་ཟུང་ཁ་ཕྱེ་ནས་སྙིང་དང་འདྲ་བའི་བུ་དམ་པོར་འཁྱུད་ཅིང་གློ་བུར་དུ་ཁ་ཕྱིར་འཁོར་ནས་སྨན་པ་ལ།  ངས་གཤའ་བཅོས་བྱ་རྒྱུ་ཡིན།  ཁྱོད་ཀྱིས་ང་ལ་གཤའ་བཅོས་བྱེད་རོགས།  ང་ངེས་པར་དུ་གསོན་པོར་འཚོ་དགོས་ཞེས་བཤད།   མཐར་གཤའ་བཅོས་ལེགས་གྲུབ་ཀྱང་བྱུང་བ་རེད།

 དེ་ལྟར་དཔའ་ངར་ལྡན་པའི་མ་ཨེར་ཁའོ་ཡིས་རང་གི་ཨ་མའི་སྲོག་སྐྱོབ་པ་རེད།  

འོན་ལྐུགས་ཀྱི་ཕྲུ་གུ།

 ཨ་ཁུ་ཆའོ་ཀྲའོ་ནི་དེ་སྔོན་ངེད་ཚང་གི་ལྡུམ་གསོ་བ་ཡིན་ཞིང་།  རྗེས་སུ་ཞི་ལར་སོང་ནས་ལྕགས་ལམ་བཟོ་པ་ལོ་གསུམ་བྱས་ཤིང་ཁ་སང་གཞི་ནས་རྒྱལ་ནང་དུ་ལོག་པ་རེད།  ཁོས་འོན་ལྐུགས་སློབ་གྲྭར་ཡོད་པའི་བུ་མོ་ཧ་ཅང་དྲན་བས་ངའི་ཕ་མ་གཉིས་ཀྱིས་ཁོ་དང་མཉམ་དུ་ལྟ་ས་འགྲོ་ཆོག་པའི་ཐག་གཅོད་བྱས།  ལྡུམ་གསོ་བས་ལམ་བར་དུ་ངའི་སྙིང་རྗེ་བའི་ཆི་ཆི།  སྐྱེ་མ་ཐག་ནས་འོན་ལྐུགས་ཡིན་ཞིང་།   ལོ་བཅུ་གཅིག་སོན་ན་ཡང་ད་དུང་ང་ལ་ཨ་ཕ་ཞེས་འབོད་མ་མྱོང་།  ངས་ངོ་མ་ལྟ་སྙིང་འདོད་ཅིང་ཁོས་ད་ལྟར་འཚོ་བ་ཅི་འདྲ་བྱེད་བཞིན་ཡོད་དམ་ཞེས་སྡུག་ཡུས་བཤད་པ་རེད།

 སློབ་གྲྭར་བསླེབས་རྗེས་གོས་ནག་པོ་གྱོན་པའི་བུད་མེད་དགེ་རྒན་ཞིག་གིས་བུ་མོ་གཟུགས་བྱད་དང་ལྡན་པ་ཞིག་ཁྲིད་ནས་བསླེབས་བྱུང་། བུ་མོ་དེ་ང་ལས་ཆེ་འདུག   ཕ་སྤད་གཉིས་ཕན་ཚུན་ཅེར་ནས་ཡུན་ཙམ་ཁ་མི་གྲག་ཅིང་མིག་ནང་དུ་མཆི་མས་གང་འདུག   དེ་ནས་ཕན་ཚུན་དམ་པོར་འཁྱུད་པ་རེད།  ཨ་ཁུ་ཆའོ་ཀྲའོ་ཡིས་བུ་མོའི་སྒལ་པར་རྡེབ་ཙམ་བྱས་ཤིང་སེམས་འགུལ་ཐེབས་པའི་སྒོ་ནས་ཨོ། ངའི་སྙིང་རྗེ་བའི་ཆི་ཆི།  ཆེན་པོར་སྐྱེས་འདུག   མཛེས་པོར་གྱུར་འདུག   དགེ་རྒན།  ཁོར་མགྱོགས་པོར་ང་ལ་ལག་བརྡ་རྒྱག་ཏུ་འཇུག་རོགས། ངས་ཀྱང་ཁོར་འབྲེལ་འདྲིས་ཨེ་ཐུབ་ལྟ་ཞེས་བཤད།

 དགེ་རྒན་དགོད་པ་ཙམ་ལས་དྲིས་ལན་མི་སྟེར་ཞིང་སྐད་དམའ་ངུས་ཁྱོད་ཀྱིས་དགེ་རྒན་ལ་ཁྱོད་ལྟ་རུ་ཡོང་མཁན་དེ་སུ་རེད་ཤོད་དང་ཞེས་དྲིས།  བུ་མོ་དགོད་འཛུམ་འཛུམ་གྱིས་དབྱི་ཐ་ལིའི་སྐད་ཐོག་མར་སྦྱོང་བའི་ཕྱི་རྒྱལ་བ་ཞིག་དང་འདྲ་བར་དྭངས་མ་མིན་པའི་སྐད་གདངས་ཀྱིས་ངའི་ཨ་ཕ་ཞེས་ལན་བཏབ་པ་རེད།

 ཨ་ཁུ་ཆའོ་ཀྲའོ་ཡིས་མིག་ཆེར་བགྲད་དེ་རང་གི་རྣ་བར་ཡིད་མི་ཆེས་ཤིང་།  སྐད་ཆ་ཤོད་ཤེས་འདུག  སྐད་ཆ་ཤོད་ཤེས་འདུག  ཁྱོད་ཀྱིས་མི་གཞན་པས་བཤད་པའི་སྐད་ཆ་ཨེ་ཐོས་སམ།  ད་དུང་མང་ཙམ་ཤོད་དང་།  ཞེས་སྐད་ཅོར་བརྒྱབ་སྟེ་བུ་མོ་པང་དུ་བླངས་ནས་ཐོད་པར་འོ་ལན་གསུམ་བྱས་པ་རེད།

 དགེ་རྒན་དགོད་ཅིང་ཆི་ཆིས་མིག་སྔར་ད་དུང་ཁྱོད་ཀྱི་སྐད་མི་ཚོར་བ་རེད།  ཡིན་ན་ཡང་ཁྱོད་ཀྱི་ཁའི་འགུལ་སྟངས་མི་འདྲ་བར་བརྟེན་ནས་ནང་དོན་ཧ་གོ་བ་རེད།  ང་ཚོས་ཐབས་ཤེས་གསར་པ་སྤྱད་ནས་ཁོར་སློབ་ཀྱི་ཡོད།  ཁོ་བརྩོན་འགྲུས་ཆེ་ཞིང་མངོན་རྟགས་ཧ་ཅང་བཟང་གི་ཞེས་བཤད།

 ཨ་ཁུ་ཆའོ་ཀྲའོ་དགའ་སྤྲོ་ཆེན་པོས་བུ་མོའི་ལག་པ་འཇུས་པས་མ་ཚད་ཚོད་ལྟ་བྱས་ནས་ཁོ་དང་སྐད་ཆ་མང་པོ་བཤད་ཅིང་ཁོས་ཚང་མ་ཧ་གོ་བ་འདྲ།  ལྡུམ་གསོ་བ་དགའ་བས་སྨྱོས་ནས་སེམས་པ་བཀུག་མ་ཐུབ་ཅིང་མིག་ཆུ་ཐག་ཐག་ཏུ་ལྷུང་། 

 དགེ་རྒན་གྱིས་མུ་མཐུད་དེ་ང་ཚོར་ཆི་ཆིས་སྐད་ཆ་ཤོད་ཤེས་པས་མ་ཚད།  ད་དུང་འབྲི་ཤེས་ཤིང་རྩིས་ཀྱང་ཤེས།  ལོ་རྒྱུས་དང་ས་གཤིས་ཀྱང་མི་ཉུང་བ་ཤེས་ཀྱི་རེད།  སློབ་མཐར་ཕྱིན་རྗེས་མི་དཀྱུས་མ་དང་འདྲ་བ་འགུལ་སྐྱོད་བྱེད་ཆོག་ལ་རིམ་པ་མཚུངས་པའི་ལས་རིགས་ཀྱང་སྒྲུབ་ཆོག་པ་རེད་ཅེས་བཤད།  ཨ་ཁུ་ཆའོ་ཀྲའོ་དེ་བས་ཧ་ལས་ཤིང་ཁོས་དགེ་རྒན་གྱི་ལག་པ་ནས་འཇུས་ཏེ་འོ་ཁ་ཤས་བྱས་པ་དང་།  ཡང་གུས་འདུད་ཆེན་པོ་ཞིག་ཞུས་ནས་བཀའ་དྲིན་ཆེ།  ཁྱོད་ཚོ་ནི་ལྷའི་ཕོ་ཉ་ངོ་མ་རེད།  ང་ལ་སློབ་གཙོ་མཇལ་དུ་འཇུག་དང་ངས་གདོང་ངོ་མར་བཀའ་དྲིན་ཞུ་བ་ཡིན་ཞེས་བཤད།

 དགེ་རྒན་དགོད་བཞིན་མགོ་བོ་གཡུག་གཡུག་བྱས་ནས་སེམས་ཕམ་པ་ཞིག་ནི་སློབ་གཙོ་ད་ལྟར་བསྡད་མེད། རེད་དེ་ངས་བལྟས་ན་ཁྱོད་ཀྱིས་མི་ཞིག་ལ་བཀའ་དྲིན་ངོ་མ་ཞུས་འོས་པ་རེད་ཅེས་བཤད།

 མ་གཞིར་སློབ་གྲྭས་སློབ་མ་གསར་པ་རེ་ལ་སློབ་གྲོགས་ཅུང་ཆེ་བ་རེ་བཀོད་སྒྲིག་བྱས་ནས་ལྟ་སྐྱོར་བདེ་རུ་བཏང་འདུག  ཆི་ཆིའི་གྲོགས་མོས་ཁོར་རང་གི་སྲིང་མོ་ངོ་མ་ལྟར་བརྩིས་ཤིང་ཉིན་རྟག་པར་ཁོའི་གོས་གོན་རོགས་དང་སྐྲ་ཤད་རོགས་བྱས་པ་དང་།  འཚེམ་གྲུབ་བྱ་རྒྱུ་སློབ་ཅིང་ཆི་ཆི་ལ་རོགས་རམ་མང་པོ་བྱས་པ་རེད།

 དགེ་རྒན་གྱིས་ངོ་སྤྲོད་བྱས་ཟིན་པ་དང་།  སྤྲོ་དགའ་ཆེ་ཞིང་བདེ་ཐང་ལྡན་པའི་བུ་མོ་ཆེན་པོ་ཞིག་མདུན་དུ་ཁྲིད་ནས་ཁོ་ནི་ཁ་ཏེ་ལེ་ན་ཆའོ་ཨེར་ཏ་ནོ་རེད།  ཆི་ཆིའི་གྲོགས་མོ་བཟང་པོ་རེད་ཅེས་བཤད། 

 ངོ་མ་བུ་མོ་ཡག་པོ་ཞིག་རེད། ངས་ལྷག་བསམ་རྣམ་དག་གིས་ཁྱོད་དང་ཁྱོད་ཀྱི་ཁྱིམ་མི་རྣམས་ལ་སྨོན་ལམ་འདེབས།  གོང་མ་ལྷས་ཁྱོད་ཚོ་མགོན་རོགས་དགོས།  ཨ་ཁུ་ཆའོ་ཀྲའོ་ཡིས་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་པ་དང་མ་ཚད་ལུས་ལ་སྒོར་བཅུ་ཁོ་ན་ལས་མེད་པ་དེ་ཡང་སློབ་གྲྭར་ཞལ་འདེབས་ཕུལ་བས་དགེ་རྒན་གྱིས་ངག་འཇམ་པོས་དང་ལེན་ཞུས་མ་སོང་། 

 ང་ཚོ་སློབ་གྲྭའི་སྒོར་བུད་དུས་སེམས་པ་དགའ་སྣང་སྐྱེས།  ཉི་འོད་གཏད་ནས་སྙིང་ཉེ་བའི་ཆི་ཆིས་དཔུང་བ་ཕྱེ་ནས་བྱང་ཆ་མེད་ལ་དལ་མོའི་སྐད་གདངས་ཀྱིས་ཨ།  ཉི་མ་ཡག་པོ་ཞེས་འབོད་པས་ང་ཚོ་ཚང་མ་དགོད་ཤོར་བ་རེད།  དེ་རིང་ནི་ངོ་མ་ཉིན་ཡག་པོ་ཞིག་རེད།


  • ལེ་ཚན་སྔོན་མ།:དགའ་གཅེས་སློབ་གསོ།
  • ལེ་ཚན་རྗེས་མ།:དགའ་གཅེས་སློབ་གསོ།