དགའ་གཅེས་སློབ་གསོ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2018-01-15

ལེའུ་དགུ་པ།  ཟླ་བ་དྲུག་པ།

གྲོང་གསེབ་ཏུ་ཡུལ་སྐོར་སོང་བ།

 དེའི་ཉིན།  ངས་གུས་མེད་ཀྱི་སྐད་ཆ་བཤད་པས་ཨ་ཕ་སེམས་ཕམ་དུ་བཅུག   ངས་རང་སྐྱོན་ངོས་ལེན་ནས་ཁོར་བཟོད་གསོལ་ཞུ་བའི་ཚེ་ཁོང་གཞི་ནས་འཛུམ་བག་མངོན་ཞིང་ང་དང་སློབ་གྲོགས་ཚོ་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་པར་བློར་བབ་པ་རེད།

 ཁ་སང་ཕྱི་དྲོའི་ཆུ་ཚོད་གཉིས་པར།  ང་དང་ཏའེ་ལའོ་ཞི།  ཁ་ལུང་།  ཁ་ལའོ་ཧྥེ།  པའོ་ལེ་ཁའོ་ཞི།  ཁའོ་ལེ་ཏིའི་ཕ་བུ་བཅས་མི་བདུན་ཕག་ཤ་དང་ཤ་རྒྱུ།  བག་སོབ། སིལ་ཏོག་སོགས་བཟའ་རྒྱུ་ཞིམ་པོ་ཁུར་ནས་སོང་བ་ཡིན།

 ང་ཚོ་རླངས་འཁོར་བསྡད་ནས་རི་བོའི་འདབས་སུ་བསླེབས་ཤིང་རྐང་ཐང་གིས་རི་བོའི་རྩེར་འཛེགས་པ་ཡིན།  མིག་རྒྱང་རིང་པོར་བལྟས་པའི་ཚེ་རི་བོ་ཐམས་ཅད་ནི་སྔོ་ལྗང་ལྗང་ཡིན་ཞིང་མཁའ་དབུགས་ལྷག་པར་དྭངས།  ང་ཚོ་ནི་རང་དབང་གིས་གཏོང་བའི་བྱ་ཞིག་དང་མཚུངས་པར་རི་གསེབ་ཀྱི་རྩི་ཤིང་ཁྲོད་དུ་བདེ་བས་མྱོས་ཤིང་།  རེ་འགའ་རྩྭ་ཐང་དུ་འགྲེ་ལྡོག་རྒྱག་ཅིང་།  རེ་འགའ་ཆུ་ཕྲན་གཏོར་བ་དང་།  སྐབས་འགར་ནགས་གསེབ་ཏུ་རྒྱུག་པ་ཡིན།  ཁའོ་ལེ་ཏའི་ཨ་ཕ་རྒྱང་རིང་ནས་རྗེས་སུ་འབྲངས་པ་དང་།  ཁན་སྦྱར་ཕྲག་པའི་ཐོག་གཟར་ཞིང་དུ་ར་ཁར་བཅའ་ནས་ཕ་ཐ་ཕ་ཐའི་སྒྲ་དང་བཅས་པས་དུ་བ་འཐེན་བཞིན་པར་བལྟས་པའི་ཚེ་ཧ་ཅང་སྙིང་རྗེ་བ་ཞིག་འདུག  ངས་ཐེངས་དང་པོར་པའོ་ལེ་ཁའོ་ཞིའི་སུར་སྒྲ་སྒྲོག་པ་ཐོས་ཤིང་ཧ་ཅང་སྙན་མོ་འདུག   ཁའོ་ལེ་ཏིས་ཕྲུ་གུ་ཚང་མའི་ཁུར་པོ་ཁུར་བཞིན་ཡོད་ན་ཡང་ད་དུང་གྲེ་བ་སངས་ནས་གླུ་དབྱངས་ལེན་པ་རེད།  ཏའེ་ལའོ་ཞི་འབུ་སྲིན་རིག་པ་བ་ཞིག་དང་འདྲ་བར་ངང་རྒྱུད་རིང་པོས་ཚང་མ་ལ་ངོ་མཚར་ཆེ་བའི་འབུ་རྣམས་དབྱེ་བ་ཇི་ལྟར་ཕྱེ་དགོས་པ་སློབ་པ་རེད།  ཁ་ལའོ་ཧྥེ་སྡོད་ཁོམ་མེད་ཅིང་རེ་འགའ་རི་སྐྱེས་སྔོ་ཚོད་རྐོ་བ་དང་།  རེ་འགའ་འབུ་སྐྱོགས་བཟུང་ཞིང་།  མདངས་ལྡན་གྱི་རྡོ་ལུ་མཐོང་བ་དང་ཁོས་མགྱོགས་པར་ཁུག་མའི་ནང་དུ་བཅུག་ཅིང་དེའི་ནང་དུ་གསེར་དངུལ་ཡོད་པ་ལྟར་བྱས།  ཁ་ལུང་གི་གྲག་འགུལ་མེད་པར་བག་སོབ་བཅའ་བ་དང་།  ཨ་མ་འདས་པའི་རྗེས་སུ་ཁོ་རང་སྔ་མ་ལྟར་མི་དགོད་མོད།  ཡིན་ན་ཡང་ཆུ་རྐ་བརྒལ་བའི་ཚེ་ཁོ་རང་ཨང་དང་པོར་ཕར་མཆོང་རྗེས་ལག་པ་བརྐྱངས་ནས་མི་གཞན་དག་ཚུར་བསུ་བ་རེད།  པའོ་ལེ་ཁའོ་ཞི་ཆུང་དུས་ནས་བ་མོས་རྡུང་མྱོང་བས་བ་མོར་ཧ་ཅང་སྐྲག  གལ་ཏེ་བ་མོ་ཡོང་བ་མཐོང་ན་ཁ་ལུང་གིས་ཨང་དང་པོར་པའོ་ལེ་ཁའོ་ཞིའི་མདུན་དུ་བཀག་པ་རེད།

 མཐར་རི་བོ་ཆུང་ཆུང་བརྒལ་ནས་རི་རྩེར་བསླེབས་སོང་།  ང་ཚོ་འཕག་མཆོང་རྒྱག་ཅིང་འགྲེ་ལྡོག་རྒྱག་ནས་དགའ་འབོད་རྒྱག་པ་ཡིན།   པའོ་ལེ་ཁའོ་ཞི་དགའ་ཐག་ཆོད་ནས་མཆོང་ཐེངས་གཅིག་གིས་ཚེར་ཕུང་ནང་དུ་ལྷུང་ནས་ཡིད་གཟབ་མ་བྱས་པར་གོས་ཧྲལ་ཏེ་ཁ་ཤོར་ཞིག་བཟོས་པ་རེད།  ཁ་ལའོ་ཧྥེས་སྔར་ནས་གྲ་སྒྲིག་བྱེད་ཡོད་པའི་ཁབ་སྐུད་བླངས་ནས་ཞིབ་ཚགས་ཀྱིས་ཁོར་འཚེམ་རོགས་བྱས།  སྐབས་འདིར་ང་ཚོ་ཕན་ཚུན་ནི་སྤུན་མཆེད་ངོ་མ་ལྟ་བུའི་ཚོར་སྣང་བྱུང་ལ་བཤད་མི་ཤེས་པའི་དགའ་སྤྲོ་སྐྱེས།  རི་བོའི་རྩེ་ནས་བལྟས་པའི་ཚེ་མུ་མཐའ་བྲལ་བའི་རྩྭ་ཐང་མིག་སྣང་དུ་ཡོངས་སུ་བསྡུས་ཐུབ།  ང་ཚོ་རྩྭ་ཐང་དུ་བསྡད་དེ་ཟས་ཞིམ་པོ་དེ་ཚོ་བྲོ་བ་ལྡན་པའི་སྒོ་ནས་ཟ་བ་ཡིན།  ཁའོ་ལེ་ཏིའི་ཨ་ཕས་ཕག་ཤ་དང་ཤ་རྒྱུ་གཏུབ་སྟེ་བག་སོབ་ནང་དུ་བཅུག་ནས་མི་རེ་རེ་ལ་སྦྱིན་པ་དང་།  མི་ཚང་མ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ཟ་ཞོར་དུ་སྐད་ཆ་གླེང་རེས་བྱས།

 དུས་ཚོད་ནི་ཇི་འདྲའི་མགྱོགས་པ་ཞིག་རེད་ཨང་།  ང་ཚོ་ད་ལྟ་གྲོགས་པོ་བཟང་པོ་ཡིན་ན་ཡང་།  ལོ་ཁ་ཤས་སྒུག་རྗེས་ཁ་ཁ་སོ་སོར་འགྲོ་རན་པ་རེད།  ཨན་ལེ་ཁའོ་དང་ཏའེ་ལའོ་ཞི་ཁྲིམས་རྩོད་པ་དང་སློབ་དཔོན་ཆེན་པོ་འགྱུར་ཡང་སྲིད།  དེ་མིན་རྣམས་ནི་ཚོང་པ་དང་ཡང་ན་ཞིང་རའི་བདག་པོ།  གཉེར་དཔོན་ཆགས་ཀྱང་སྲིད།  དེ་ནས་བཟུང་ཁ་བྲལ་བ་རེད།  ཁའོ་ལེ་ཏིའི་ཨ་ཕས་ཆང་ཁམ་གང་འཐུང་ཞིང་བུའི་སྣ་བཙིར་ཙམ་བྱས་ནས་ཁྱོད་ཚོས་བུ་ཕྲུག་འདི་དགའ་བ་གྱིས་དང་།   ཁོའི་གྲོགས་པོ་བཟང་པོ་ཤོར་དུ་འཇུག་མི་རུང་ཞེས་བཤད་པ་རེད། 

  ག་ལ་ཤོར།  ཏའེ་ལའོ་ཞིས་སྔོན་དུ་དྲིས་ལན་བཏབ་ཅིང་།  ངར་མཚོན་ན་ཁ་ལུང་དུས་གཏན་དུ་ཁ་ལུང་རེད།  པའོ་ལེ་ཁའོ་ཞི་དུས་ནམ་ཡང་པའོ་ལེ་ཁའོ་ཞི་རེད།  ང་ཚོ་མི་ཚེ་གཅིག་གྲོགས་པོ་རེད།  ང་རང་རྗེས་སུ་རྒྱལ་པོ་བྱེད་ཐུབ་པའི་དབང་དུ་བཏང་ན་ཡང་གཏན་ནས་འགྱུར་མི་སྲིད།  ཁྱོད་ཚོ་གང་དུ་ཡོད་ན་ཡང་ང་རང་ཁྱོད་ཚོ་དང་མཉམ་འཛོམས་བྱེད་ས་ཡོང་ངེས་ཡིན་ཞེས་བཤད། 

 ཁའོ་ལེ་ཏིའི་ཨ་ཕས་ཆང་སྣོད་བཀྱགས་ཏེ་ཧ་ཧ་ཞེས་དགོད་སྒྲ་བརྒྱབ་ནས་ངོ་མ་ཡག་པོ་བཤད་སོང་།  ཚང་མས་ཞབས་དག་སྐྱོན་དང་།  སློབ་གྲྭ་ལ་བཀའ་དྲིན་ཆེ་ཞུས།  ཁོས་མི་དབུལ་པོའི་ཕྲུ་གུ་དང་མི་ཕྱུག་པོའི་ཕྲུ་གུའི་བར་གྲོགས་པོ་བཟང་པོར་འགྱུར་དུ་བཅུག་པ་རེད་ཅེས་བཤད།

 མུན་རུབ་པའི་ཚེ་ང་ཚོས་ལག་པ་འཇུས་རེས་བྱས་ཤིང་གླུ་དབྱངས་ལེན་ནས་རི་འདབས་སུ་མར་རྒྱུག་པ་ཡིན།  འབུ་སྲིན་འབུ་མེ་ཁྱེར་གྱི་མཛེས་སྡུག་ལྡན་པའི་འཕུར་ལྡིང་གི་ཁྲོད་དུ་ང་ཚོའི་ཉིན་གཅིག་གི་ཡུལ་སྐོར་གྱི་མཇུག་བསྒྲིལ་སོང་།  ཇི་འདྲའི་མཛེས་པའི་ཉིན་ཞིག་རེད་ཨང་།   ང་ཚོས་ཐེངས་རྗེས་མའི་མཉམ་འཛོམས་ལ་རེ་སྒུག་བྱེད་བཞིན་ཡོད།  

ངལ་རྩོལ་པའི་བྱ་དགའ།

  རེ་སྒུག་བྱེད་པར་ལྟར།   ང་ཚོ་སློབ་གྲོགས་ཁ་ཤས་སླར་ཡང་མཉམ་འཛོམས་བྱས་ནས་ཟློས་གར་ཁང་ཆེན་དུ་ངལ་རྩོལ་པར་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགསཔ་ཡིན།

 ཟློས་གར་ཁང་ཆེན་གྱི་བཟོ་འགོད་ནི་བརྗིད་ཆགས་ཤིང་གཟབ་ནན་ལྡན་ལ་ཚོགས་རའི་ནང་དུ་མིས་གང་འདུག   ཚང་མ་ནི་ངལ་རྩོལ་པའི་ཁྱིམ་མི་རེད།   རོལ་དབྱངས་སློབ་གྲྭའི་སློབ་མ་ཚོས་རྒྱུན་ཆད་མེད་པར་ཁེ་ལི་སྨི་ཡ་འཐབ་འཛིང་གི་བསྟོད་གླུ་མཉམ་ལེན་བྱས་ཤིང་བློ་བདེ་བག་ཕེབས་པའི་རྣམ་པ་བཟང་པོ་ཞིག་ཆགས།

 བྱ་དགའ་སྤྲད་པའི་མཛད་སྒོའི་འགོ་ཚུགས་སོང་།  ཞིང་དཔོན་དང་གྲོས་ཞིབ་པ་ཚོས་རིམ་པར་བྱ་དགའ་ཐོབ་མཁན་རྣམས་ལ་གཟེངས་རྟགས་དང་དཔང་ཡིག  གཟེངས་དངུལ་དང་དཔེ་ཆ་བཅས་སྤྲད་པ་རེད།

 ཐོག་མར་ཡོང་མཁན་ནི་མཚན་མོ་སློབ་གྲྭའི་མཛེས་རྩལ་འཛིན་གྲྭའི་སློབ་མ་ཚོ་རེད།  ཁོ་ཚོའི་ཁྲོད་དུ་གསེར་དངུལ་རྡུང་མཁན་གྱི་མགར་བ་དང་།  རྐོ་མཁན། རྡོ་པར་བཟོ་བ།  ཤིང་བཟོ་དང་འཛུགས་སྐྲུན་ཇུས་འགོད་པ་བཅས་ཡོད།  དེ་ནས་ཚོང་ལས་སློབ་གྲྭའི་སློབ་མ་ཚོ་རེད།  དེ་ནས་རོལ་དབྱངས་སློབ་གྲྭའི་སློབ་མ་རེད།  ཆེས་མཇུག་གི་བྱ་དགའ་ཐོབ་མཁན་ནི་སློབ་ཆུང་སློབ་མ་ཚོ་ཅིག་རེད། 

 སྐབས་འདིར།  སྟེགས་བུ་ཧྲིལ་བོའི་ཐོག་འོད་ཟེར་ཕྱོགས་བཞིར་བཀྲག་ཅིང་ལོ་ན་མི་འདྲ་བ་དང་།   ལས་རིགས་མི་འདྲ་བ།  ཆས་ལུགས་མི་འདྲ་བའི་བྱ་དགའ་ཐོ་མཁན་ཚོ་མཉམ་དུ་འཛོམས་ཤིང་།   སྐྲ་ལོ་དཀར་བའི་མི་རྒན་དང་།  ལོ་ཆུང་སྟོབས་ཤུགས་འཛོམས་པའི་བཟོ་གྲྭའི་དགེ་རྒན་དང་དགེ་ཕྲུག  སྐྲ་རིང་པོར་བཞག་པའི་ལས་བཟོ་བ།  ད་དུང་བྱིས་ཉམས་དོད་པའི་སློབ་ཆུང་སློབ་མ།  ཚང་མ་འཛུམ་མདངས་རྒྱས་ཤིང་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཏུ་གྱུར།

 སྟེགས་བུའི་འོག་གི་ལྟད་མོ་བ་ཚོས་ཟོལ་མེད་ཀྱི་ལྷག་བསམ་ཞིག་ཁྱེར་ནས་ཁོ་ཚོར་མིག་གིས་གུས་འདུད་ཞུས་ཤིང་སྤྲོ་སེམས་འཁོལ་བའི་ཐལ་སྒྲ་དང་དགའ་འབོད་གཅིག་འཇགས་གཅིག་ལངས་རེད།  བྱ་དགའ་ཐོབ་མཁན་གྱི་ཁྱིམ་མི་ཚང་མ་སྟེགས་བུའི་འོག་ཏུ་བསྡད་ནས་ལྟད་མོ་ལྟ་བཞིན་མཆིས།   ཕྲུ་གུ་ཁ་ཤས་ཀྱིས་རང་གི་ཨ་ཕ་སྟེགས་བུའི་ཐོག་སོང་བར་མཐོང་དུས་བསྲན་མ་ཐུབ་ནས་སྐད་ཆེན་པོས་བོས་ཤིང་དགའ་བའི་ཐལ་སྒྲ་སྒྲོག

 མི་གཟུགས་ཆེ་ལ་ཤ་རྒྱགས་པ་ཞིག་བྱ་དགའ་སྤྲད་པའི་སྟེགས་བུའི་ཐོག་ཏུ་ཕྱིན།  ངས་ཁོར་མིག་འདྲིས་ཧ་ཅང་ཆེ་བ་ཡིན་སྣང་ཤར་ཞིང་ཕྱིར་དྲན་བྱེད་གང་ཐུབ་བྱས།  ཨ། ཁོ་ནི་རྡོ་བཟོ་བ་ཆུང་ཆུང་གི་ཨ་ཕ་རེད།  ད་དུང་ཨང་གཉིས་པའི་བྱ་དགའ་ཐོབ་སོང་།  ངས་མགྱོགས་པར་ཁ་ཕྱིར་འཁོར་ནས་འཚོལ་བའི་ཚེ་ཏག་ཏག་རྡོ་བཟོ་བ་ཆུང་ཆུང་ཐག་མི་རིང་བའི་ས་ན་བསྡད་ནས་མིག་ཅེ་རེར་ཁོའི་ཨ་ཕར་ལྟ་བཞིན་འདུག་ལ། བཞད་གད་སློང་བའི་ཉམས་བསྟན་ནས་རང་གི་སེམས་ནང་གི་དགའ་བ་དང་སྤྲོ་བ་སྦས་གང་ཐུབ་བྱེད་ཀྱི་འདུག

  གློ་བུར་དུ།  ཚོགས་རའི་ནང་དུ་རྫོགས་མཐའ་མེད་པའི་ཐལ་སྒྲ་ཞིག་གྲག་བྱུང་།  ངས་གར་སྟེགས་ཀྱི་ཕྱོགས་སུ་བལྟས་དུས་མ་གཞི་ནི་དུ་ཁུང་ཕྱགས་པའི་ཕྲུ་གུ་ཕྱིར་བུད་བྱུང་།  ཁོས་ནག་རིལ་རིལ་གྱི་ལས་དོན་གོས་ཆས་གྱོན་ཞིང་བཞིན་རས་ཆུང་ཆུང་དེ་གཙང་མ་བཀྲུ་ཡོད་པ་རེད།  ཞིང་དཔོན་གྱིས་ཁོའི་ལག་པ་ནས་འཇུས་ཏེ་མཛའ་བརྩེ་ཆེན་པོས་སྐུལ་ལྕག་བྱས།  སྟེགས་བུའི་ཐོག་གི་ངལ་རྩོལ་བ་ཚོར་བལྟས་ནས་ངའི་སེམས་སུ་ཡིད་འགུལ་ཐེབས་པའི་དྲོད་རླབས་ཤིག་གཡོ་བྱུང་།  ཁོ་ཚོ་ཚང་མ་ནི་ཆེས་དཀྱུས་མའི་མི་ཡིན་པས་མ་ཚད་ཁྱིམ་མིའི་འཚོ་ཕྱིད་ཀྱི་དོན་དུ་དཀའ་ལས་རྒྱག་དགོས་ལ་ད་དུང་ལས་ཞོར་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་མཐར་མཚན་སྙན་དང་གདེང་འཇོག་ཐོབ་པ་རེད།  ཅི་འདྲའི་གུས་བཀུར་བྱེད་རིན་ཡོད་པ་ཞིག་རེད་ཨང་། 

 དེའི་འོག་ཏུ་གར་སྟེགས་ཐོག་ཡོང་མཁན་ནི་བཟོ་གྲྭ་ཞིག་གི་བཟོ་ཕྲུག་ཆུང་ཆུང་ཞིག་རེད།  ཨ་ཕའི་ཁན་སྦྱར་གོན་པ་ཡིན་ཤས་ཆེ་བས་གོས་དེ་ལུས་ལ་ཧ་ཅང་འཚམ་པོ་མི་འདུག  ཕུ་ཐུང་རིང་པོར་ལྟེབས་ཡོད་པས་མི་མང་པོས་བསྲན་མ་ཐུབ་ནས་དགོད་ཤོར་བ་རེད།  དེ་མུར་དགོད་སྒྲ་དེ་ཚོ་དགའ་བའི་སྒྲ་ཡིས་མནན་སོང་།

 བཟོ་ཕྲུག་གི་རྗེས་སུ་བྱ་དགའ་བླངས་མཁན་ནི་སྐྲ་མེད་སྤྱི་ཐེར་ཡིན་པའི་སྨ་ར་དཀར་པོའི་མི་རྒན་ཞིག་རེད།  དེའི་རྗེས་སུ་སྒྱོགས་དམག་དང་ཉེན་རྟོག་པ།  ད་དུང་ང་ཚོའི་སློབ་གྲྭའི་སྒོ་སྲུང་ཡང་འདུག

 བྱ་དགའ་སྤྲད་པའི་མཛད་སྒོ་མཇུག་བསྒྲིལ་སོང་།  མཚན་མོ་སློབ་གྲྭའི་སློབ་མ་ཚོས་སླར་ཡང་གླུ་དབྱངས་ལེན་བཞིན་ཚང་མས་གུས་བཀུར་ཚད་མེད་ཀྱི་སེམས་པ་ཁུར་ནས་ཟློས་གར་ཁང་ཆེན་ནས་ཕྱིར་བུད་པ་དང་།  ཁྲོམ་ལམ་ཐམས་ཅད་ལ་མིས་གང་འདུག  དུ་ཁུང་ཕྱགས་པའི་ཕྲུ་གུས་མི་རྣམས་ལ་རང་གི་དཔང་ཡིག་སྟོན་པ་དང་སྐུ་དྲག་ཁ་ཤས་ཀྱིས་ཁོར་ཁ་བརྡ་བཞིན་འདུག  ཁྲོམ་ལམ་གཡས་གཡོན་ནས་བཟོ་བ་དང་།  ཕྲུ་གུ   ཉེན་རྟོག་པ་དང་དགེ་རྒན་བཅས་ཕན་ཚུན་སྐད་ཆ་ཤོད་རེས་བྱས་ཤིང་།  བཟོ་པའི་བཟའ་ཟླས་ཕྲུ་གུ་པང་ཞིང་ཕྲུ་གུའི་ལག་པ་ཆུང་ངུས་ཨ་ཕའི་དཔང་ཡིག་ཁུར་བ་དང་།  སྤོབས་པ་ཆེན་པོས་མི་རྣམས་དང་དགའ་སྐྱིད་མཉམ་མྱོང་བྱེད་བཞིན་འདུག་གོ།  

ཟླ་རེའི་གཏམ་རྒྱུད།   རྒྱ་མཚོའི་ནང་དུ་རྐྱེན་ངན་བྱུང་བ།

 ཟླ་བ་བཅུ་གཉིས་པའི་ཉིན་ཞིག  འགྲུལ་གྲུ་ཆེན་པོ་ཞིག་གི་ནང་དུ་འགྲུལ་པ་ཉིས་བརྒྱ་བསྡད་ནས་དབྱིན་ཇིའི་ལི་ཝུའུ་ཕུའུ་རབ་ཁ་ནས་བསྐྱོད་པ་རེད།  རིམ་པ་གསུམ་པའི་འགྲུལ་ཤག་གི་ནང་དུ་ལོ་ན་ཉི་ཤུ་ཡིན་པའི་དབྱི་ཐ་ལིའི་ན་ཆུང་ཞིག་ཡོད་ཅིང་གཟུགས་ཧ་ཅང་ཆུང་།  ཁོ་གཅིག་པུར་གྲུ་འགོར་བསྡད་པ་དང་ལུས་འགྲམ་དུ་གཏོར་ཧྲལ་དུ་སོང་བའི་ཀོ་སྒམ་ཞིག་ཀྱང་བཞག་ཡོད་ཅིང་།  བྱིས་ཉམས་དོད་པའི་བཞིན་རས་སུ་མི་ཆེན་པོ་ལ་མ་གཏོགས་མེད་པའི་སྐྱོ་མདངས་ཤིག་ཤར་གྱི་འདུག   གྲུ་གཏོང་འགོ་ཚུགས་ནས་མི་རིང་བར་དབྱི་ཐ་ལིའི་གྲུ་པ་ཞིག་གིས་བུ་མོ་ཞིག་ཁྲིད་དེ་ཁོའི་མདུན་དུ་ཡོང་སྟེ་མཱ་ལེ་ཨའོ།  ངས་ཁྱོད་རང་ལ་སྡེབ་གྲོགས་ཡག་པོ་ཞིག་ཁྲིད་ཡོད་ཅེས་བཤད།

 ཕྲུ་གུ་གཉིས་ཀས་སྐད་ཆ་མི་བཤད་ཅིང་ཕན་ཚུན་ལྟ་རེས་བྱས་ནས་ཡུན་ཙམ་བརྒལ་རྗེས་བུ་ཆུང་གིས་གཞི་ནས་ཁྱོད་བདེ་མོ་ཡིན་ནམ།  ངའི་ཨ་ཕ་ལི་ཝུའུ་ཧྥུ་རུ་འདས་པས་ང་རང་ལ་ཉེ་བ་གཏན་ནས་མེད།  ཕ་ཡུལ་ལ་ལོག་གྲབས་ཡིན།  ཁྱོད་རང་ག་འདྲ་ཡིན། ཞེས་བཤད་པ་རེད།

 ང་རང་ལ་ཀྲུའུ་ལི་ཐ་ཟེར།  ལུན་ཏུན་གྱི་ཨ་ནེའི་ཁྱིམ་དུ་གསོ་བཅོལ་བྱས་པ་རེད།  ཟླ་བ་ཁ་ཤས་ཀྱི་སྔོན་ལ་ཨ་ནེ་གློ་བུར་དུ་ཤིང་རྟ་འཁོར་ལོས་བརྫིས་ནས་བསད་ཅིང་ཤུལ་རྫས་གང་ཡང་མེད་པས་ངས་གཞུང་ཚབ་པར་ང་རང་ཁྱིམ་དུ་སྐྱེལ་རོགས་ཞུས་པ་ཡིན་ཞེས་བཤད།

 བུ་མོའི་མིག་ནང་མཆི་མས་གང་བཞིན་ངའི་ཁྱིམ་དུ་ཕ་མ་གཉིས་ཀ་ཡོད། ད་དུང་ནུ་བོ་བཞི་ཡོད།  ངས་དངུལ་ཊམ་ཀ་གང་ཡང་ཁུར་རྒྱུ་མེད་ཀྱང་ཁོ་ཚོས་ད་དུང་ང་རང་དགའ་ངེས་རེད་ཅེས་བཤད།

 རེད།  ཁྱིམ་མི་ཚང་མ་མཉམ་དུ་འཚོ་བ་རོལ་བ་ནི་ཇི་འདྲའི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད་ཨང་།

 ཉིན་ཧྲིལ་བོར་ཕྲུ་གུ་གཉིས་མཉམ་དུ་བསྡད་ཅིང་ཁོ་ཚོ་ཕན་ཚུན་ལྟ་རྟོག་བྱས་ཤིང་འདས་པ་དང་མ་འོངས་པའི་འཚོ་བ་གླེང་བཞིན་མཆིས།   ཁོ་ཚོ་དེ་མ་ཐག་གྲོགས་པོ་བཟང་པོར་གྱུར།  མཚན་མོ་བསླེབས་དུས་འཇིགས་སུ་རུང་བའི་རླུང་འཚུབ་རྒྱག་པ་རེད།  དགུང་ལ་འཕྱུར་བའི་དྲག་རླབས་འགྲུལ་གྲུར་རྒྱག་བྱུང་།  མཱ་ལི་ཁའོ་སྲ་མོ་ལངས་མེད་པས་སྲུང་རའི་ཐོག་ཤུགས་ཆེན་པོ་བརྡུངས་ནས་གྲུའི་ཤིང་པང་དུ་འགྱེལ་ནས་བརྒྱལ་སོང་བ་དང་།  བུ་མོས་སྐད་ངན་རྒྱག་པ་དང་འགྲུལ་པ་ཚོའང་ཟང་ཟིང་བྱས་ནས་ཕྱོགས་བཞིར་གབ་ཅིང་།  སུས་ཀྱང་སྙིང་རྗེ་བའི་ཕྲུ་གུ་དེར་དོ་སྣང་མི་བྱེད།   བུ་མོས་པུས་མོ་བཙུགས་ནས་དེར་བསྡད་དེ་ཁོའི་ཐོད་པའི་ཐོག་གི་ཁྲག་དལ་གྱིས་ཕྱིས་རྗེས་སླར་ཡང་རང་གི་མགོ་དཀྲི་དམར་པོས་ཁོའི་རྨ་ཁ་དཀྲིས་པ་དང་།  མོ་རང་གི་ལུས་པོ་ལ་ཡང་ཁྲག་རྗེས་འགོས་པ་རེད།  མཱ་ལི་ཨའོ་དལ་གྱིས་སད་ནས་མིག་ཕྱེ་བྱུང་།

 སྐད་ཅིག་དེ་ཉིད་མར་རྟ་རྒོད་ཤོར་འདྲའི་དྲག་རླབས་འགྲུལ་གྲུའི་ཐོག་ནས་ཤར་བྱུང་།  གྲུ་ཤིང་ཆག་སོང་།  གྲུ་འགོར་ཡོད་པའི་སྲོག་སྐྱོབ་གྲུ་གསུམ་ཡང་མཚོ་ཆུས་བདས་ནས་མེད་པར་སོང།  གྲུའི་ཐོག་དེ་མ་ཐག་ཟང་ངི་ཟིང་ངི་ཆགས་ཤིང་གང་སར་མི་རྣམས་ཀྱི་དངངས་སྒྲའི་འབོད་སྐད་ཡིན་ཞིང་སྤུ་གཟེངས་སུ་བཅུག  རླུང་འཚུབ་ཆར་ཞོད་མཚན་གང་བརྒྱབ་ཅིང་ནམ་གསལ་རན་ཁར་ཡང་རླུང་ཆེན་གྱིས་བྱ་ངན་བསྒྲུབ་རྒྱུ་འཇགས་མ་སོང་།  གྲུ་གཤོག་དང་གྲུ་སྒོ་ཚང་མ་གཏོར་ཞིང་མཚོ་ཆུ་རལ་པའི་དུང་ནས་རྒྱུན་ཆད་མེད་པར་བརྡོལ་བ་རེད། 

  གྲུ་དཔོན། ང་ཚོ་སྐྱོབ་རོགས་ཀྱིས་དང་།

 གནམ་སྔོན་མོའི་ལས་བཀོད་ལ་ཉན་རོགས།  གྲུ་དཔོན་གྱིས་འུ་ཐུག་ནས་མགོ་བོ་གཡུག་གཡུག་བྱས།

 གྲུ་པང་ཐོག་གང་སར་ངུ་སྒྲ་དང་འཁོན་སྒྲ་ཡིས་གང་ཞིང་འཇིག་རྟེན་འཇིག་པའི་དུས་ཚོད་བསླེབས་པ་དང་འདྲ།  ཨ་མ་ཁ་ཤས་ཀྱིས་ཕྲུ་གུ་དམ་དུ་པང་ནས་སྒྲ་མེད་ཀྱིས་སྨོན་ལམ་འདེབས་པ་དང་།  གྲོགས་པོ་ཁ་ཤས་ཕན་ཚུན་འཁྱུད་རེས་བྱས་ནས་ཁ་གྱེས་པའི་གཏམ་བཤད་པ་དང་།   འགའ་ཞིག་གིས་རྦད་དེ་ཤི་ཁའི་འཕག་འཚག་མི་བྱས་ནས་གྲུ་ཤག་ནང་དུ་ཉལ་ནས་ལས་ངན་ཐོག་ཏུ་བབ་པ་སྒུག་བཞིན་ཡོད།  འགྲུལ་པ་འགའ་ཞིག་གིས་གནོན་ཤུགས་མ་ཐེག་ནས་མེ་མདས་རང་གི་ཚེ་སྲོག་འཕྲོག

མཱ་ལི་ཨའོ་དང་ཀྲུའུ་ལི་ཐ་གཉིས་ཀྱིས་གྲུའི་དར་ཤིང་དམ་པོར་འཐམས་པ་ལས་དེ་མིན་ཁོ་ཚོས་ཅི་ཡང་སྒྲུབ་མི་ནུས།

   གྲུ་དལ་གྱིས་མར་བྱིང་བ་དང་།  གྲུ་དཔོན་གྱིས་བཀའ་ཕབ་སྟེ་སྲོག་སྐྱོབ་གྲུ་གཅིག་ལྷག་པ་དེ་མར་གཏོང་བ་རེད།  མི་ཚང་མ་སྨྱོན་པ་ལྟར་དེའི་ཐོག་ལ་བཙིར་སོང་།  གྲུ་པ་བཅུ་བཞི་དང་འགྲུལ་པ་གསུམ་སྲོག་སྐྱོབ་གྲུར་བསྡད་ཐུབ་པ་དང་།  གྲུ་དཔོན་ཤི་ཡང་ཁ་བྲལ་འདོད་མེད་པ་རེད།

 ད་དུང་ཕྲུག་གུ་ཞིག་བསྡད་ཐུབ་ས་རེད།   གྲུ་པས་འབོད་སྐད་གཏོང་།

 མཱ་ལི་ཨའོ་དང་ཀྲུའུ་ལི་ཐས་དུས་མཉམ་གྲུའི་ཟུར་དུ་རྒྱུག་ནས་མགྲིན་གཅིག་ཏུ་ང་རང་ཁྲིད་རོགས་དང་ཞེས་བོས།

 མི་ཆོག  གཟུགས་ཆུང་ངུ་ཞིག་ལས་ཁུར་མི་ཐུབ་ཅེས་ཟེར་ཞིང་།  བུ་ཆུང་།  ཁྱོད་ཡར་ཤོག 

 ཀྲུའུ་ལི་ཐ་ལ་ཐོག་ཕོག་པ་ལྟར་དཔུང་ཟུང་གློད་པ་དང་མིག་ནང་དུ་རེ་ཐག་ཆོད་པའི་མདངས་ཀྱིས་གང་། 

 མཱ་ལི་ཨའོ་ཡིས་གོམ་པ་ཇེ་དལ་དུ་གཏོང་སོང་།  གློ་བུར་དུ་ཁོས་བུ་མོའི་གོས་སྟེང་གི་ཁྲག་རྗེས་མཐོང་བ་དང་རླབས་ཆེན་གྱི་དྲན་ཚུལ་ཞིག་ཡིད་ལ་འཁོར།

 མགྱོགས་པོར་གྱིས།  ཕྱིས་རན་སོང་།  གྲུ་པ་བྲེལ་འཚུབ་ཆེན་པོ་ལངས།

 ཀྲུའུ་ལི་ཐ།  ཁྱོད་མར་སོང་།  ཁྱོད་ལ་ཕ་མ་ཡོད།  ང་རང་དྭ་ཕྲུག་རེད།  ངས་སྡོད་ས་ཁྱོད་ལ་སྤྲད་ཆོག  ཁྱོད་ངེས་པར་དུ་ཁྱིམ་དུ་ལོག་དགོས།

 མཱ་ལི་ཨའོ་ཡིས་པང་ཐེངས་གཅིག་གིས་བུ་མོ་ཡར་བླངས་ནས་སྲོག་སྐྱོབ་གྲུ་རུ་སྐྱེལ་ཞིང་།  ཁོ་རང་མགོ་བོ་མཐོ་མོར་བཏེགས་ནས་སེམས་ལྷོད་བབ་ཕེབས་ཀྱིས་དེར་ལངས་པ་རེད།

 སླར་ཡང་མཇལ།  མཱ་ལི་ཨའོ།  ཀྲུའུ་ལི་ཐའི་མིག་ཆུ་ཆར་བབ་པ་ལྟར་བཞུར།  གྲུ་ཆུང་ཐག་རིང་སྐྱོད་སོང་།  མཱ་ལི་ཨའོ་ཡིས་ལག་པ་བརྐྱངས་ནས་སླར་ཡང་མཇལ་ཞེས་བོས།  གློ་བུར་དུ་ཁོས་པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་ནམ་མཁར་ལྟ་བ་དང་།  ཀྲུའུ་ལི་ཐས་ཀྱང་མགོ་བོ་མར་སྒུར་བ་རེད།  མོ་རང་གི་ཡང་བསྐྱར་མགོ་ཡར་འདེགས་པའི་ཚེ་འགྲུལ་གྲུ་ཆེན་པོ་མེད་པར་གྱུར་འདུག  

ཁ་གྱེས་པ།

 ཕྱི་དྲོའི་ཆུ་ཚོད་དང་པོར།  ང་ཚོ་སློབ་ཁང་དུ་འཛོམས་པ་ཡིན།  དགེ་རྒན་ཡར་ཕེབས་ནས་སྦྱངས་འབྲས་ཁྱབ་བསྒྲགས་གནང་བྱུང་།  མི་ཕལ་ཆེར་ཨང་ཚད་ལོངས་འདུག་ཅིང་མི་གསུམ་བཞི་ཙམ་ལོ་རིམ་རང་འཇགས་སུ་འཇོག་དགོས་པ་ལས་མི་འདུག   སྐར་གྲངས་ཁྱབ་བསྒྲགས་བྱས་རྗེས་དགེ་རྒན་ཡར་ལངས་ནས་ཕྲུ་གུ་ཚོ།  འདི་ནི་ང་ཚོ་ཆེས་མཐའ་མ་སློབ་ཁང་འདིར་འཛོམས་པ་རེད།  དེ་རིང་ནས་བཟུང་ཁ་གྱེས་དགོས།  ངའི་སེམས་ཧ་ཅང་སྐྱོ་བོ་འདུག   ངོ་མ་ཁྱོད་ཚོ་དང་ཁ་བྲལ་སྙིང་མི་འདུག་ཅེས་བཤད་པ་རེད།

 བཤད་མཚམས་འདིར་བསླེབས་པའི་ཚེ་དགེ་རྒན་གྱི་གྲེ་བར་གནངས་ཤིང་འདས་པའི་ལོ་གཅིག་གི་ནང་དུ། ངས་ཁྱོད་ཚོར་ཁོང་ཁྲོ་ཐེངས་མང་ལངས་མྱོང་བས་ཚང་མས་དགོངས་ཚོམས་བྱེད་རོགས་ཞེས་བཤད།

 འདི་ལྟར་མ་གསུང་རོགས།  ཁྱིམ་བདག་དང་སློབ་མ་ཚོས་མགྲིན་གཅིག་ཏུ་དགེ་རྒན་གྱིས་ང་ཚོར་ཧ་ཅང་ཡག་པོ་བྱེད་སོང་། ཞེས་བཤད།

 སང་ལོ་ང་ཚོ་མཉམ་དུ་མི་འཛོམས་མི་སྲིད།  གང་དུས་ཡིན་ན་ཡང་ཁྱོད་ཚོ་ནམ་ཡང་ངའི་སེམས་ནང་དུ་ཡོད།  ད་བདེ་མོ།  ཕྲུ་གུ་ཚོ།

 དགེ་རྒན་ང་ཚོའི་དཀྱིལ་དུ་ཡོང་ནས་ཚང་མས་ཁོ་དང་ལག་པ་འཇུ་བ་དང་།  པང་དུ་འཁྱུད་གང་ཐུབ་བྱས་ཏེ་ཁ་བྲལ་མི་བྲ་བ་རེད།  མཐར་མི་ལྔ་བཅུའི་སྐད་གཅིག་ཏུ་བསྒྲིལ་ནས་དགེ་རྒན་བདེ་མོ།  དགེ་རྒན་བཀའ་དྲིན་ཆེ།  དགེ་རྒན་ལུས་པོ་བདེ་ཐང་ཡོང་བར་ཤོག་ཅེས་འབོད་པ་རེད། 

 སློབ་ཁང་ནས་ཕྱིར་ཡོང་དུས་ངའི་སེམས་པ་ལྗིད་ཏིག་ཏིག་ཏུ་གནས་ཤིང་སྙིང་ཁར་རྡོ་ཆེན་པོ་ཞིག་གིས་མནན་ཡོད་པ་དང་མཚུངས།  སློབ་གྲོགས་ཚོ་ཁྱོད་ལ་འཐམས་ཤིང་ང་ལ་འཁྱུད་དེ་ཁ་གྱེས་པའི་སྐད་ཆ་བཤད་རེས་བྱེད་པ་དང་ཕན་ཚུན་སྨོན་ལམ་འདེབས་ཤིང་ལག་གཡུགས་བརྡ་སྟོན་རྒྱུན་ཆད་མེད་པར་བྱས།   སྐབས་འདིར་འདས་དུས་ཀྱི་མི་དགའ་བ་ཐམས་ཅད་སྐད་ཅིག་ཅིག་གིས་གཙང་མར་བརྗེད་སོང་བ་དང་།  ནམ་རྒྱུན་ཏའེ་ལའོ་ཞིར་ཕྲག་དོག་བྱེད་པའི་ཧྭ་ཏེ་ཉིས་ཀྱང་དཔུང་ཟུང་བརྐྱངས་ནས་ཏའེ་ལའོ་ཞིར་དམ་པོར་འཁྱུད།  ང་དང་རྡོ་བཟོ་ཆུང་ཆུང་ཁ་གྱེས་པའི་ཚེ་ཁོས་ད་དུང་ང་ལ་མཐའ་མའི་བཞད་གད་ཀྱི་ཉམས་ཤིག་སྟོན་བྱུང་།  ལེ་ལི་དང་ཁ་ལུང་བར་གྱི་བརྩེ་དུང་ཆེས་བཟང་པས་ཁ་གྱེས་དུས་ངུ་ཞོར་དུ་འཐམ་ཞོར་བྱས་ནས་ཁ་ཕྱེ་འདོད་མེད་པ་རེད།  སློབ་གྲོགས་གཞན་དག་ཀྱང་ཕར་འགྲོ་ནས་ཁ་ལུང་དང་ཁ་གྱེས་པ་དང་།  ང་རང་ནི་ཆེས་ཐ་མ་ཁ་ལུང་གི་འགྲམ་དུ་ཕྱིན་པ་ཡིན།  ངས་ཁོར་འཐམས་ནས་ངོ་གདོང་ཁོའི་བྲང་ཁར་སྦྱར་ནས་ངུས་པ་ཡིན།  ཁ་ལུང་གིས་ཀྱང་ངའི་ཐོད་པར་འོ་ཡང་མོར་བྱེད་སོང་།

 ང་རང་ཕ་མའི་འགྲམ་དུ་རྒྱུགས་པ་དང་།  ཨ་ཕས་ཁྱོད་ཀྱིས་གྲོགས་པོ་ཚང་མ་དང་ཁ་གྱེས་པ་ཨེ་ཡིན་ཞེས་དྲིས།  ངས་མགོ་བོ་གུག་གུག་བྱས།  ཨ་ཕས་སླར་ཡང་གལ་སྲིད་ཁྱོད་ཀྱིས་སྔར་བྱེད་ནོར་ཁུར་བའམ་གཞན་ལ་ཕོག་ཐུག་བཏང་བ་ཡིན་ན།  མགྱོགས་པོར་དགོངས་ཚོམས་ཞུ་སར་འགྲོ་ནས་ཁོའི་བཟོད་སྒོམ་ཐོབ་དགོས།  ཁྱོད་ལ་དེ་འདྲའི་མི་ཡོད་དམ།  ཞེས་དྲིས་པ་རེད།

  ངས་མགོ་བོ་གཡུག་གཡུག་བྱས་ནས་མེད་ཅེས་ལན་བཏབ་པ་ཡིན།

 དེས་ན།  སླར་ཡང་མཇལ།   ཨ་ཕས་སློབ་གྲྭར་མཇུག་མཐའི་མིག་ལྟ་ཞིག་བྱས་ནས་བརྩེ་སེམས་ཆེན་པོས་རྗེས་སུ་མཇལ་ཡོང་ཞེས་བཤད་ཅིང་ཨ་མས་ཀྱང་སྐད་ཆ་དེ་དག་བསྐྱར་ཟློས་བྱས་པ་རེད།  ངས་ཚིག་གཅིག་ཀྱང་བཤད་མི་ཐུབ་ཅིང་མིག་ཆུས་ངའི་མིག་ཟུང་རབ་རིབ་ཏུ་བསྒྲིབས་སོང་ངོ་།།།།།  


  • ལེ་ཚན་སྔོན་མ།:དགའ་གཅེས་སློབ་གསོ།
  • ལེ་ཚན་རྗེས་མ།:སྒོ་འབྱེད་པའི་ལྡེ་མིག ༡༽