དགའ་གཅེས་སློབ་གསོ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2018-01-15

སློབ་གཙོ་སྐུ་ཞབས།

 དེ་རིང་སྔ་དྲོར་ཁའོ་ལེ་ཏི་ཧ་ཅང་དགའ་པོ་བྱེད་ཀྱི་འདུག  གང་རེད་ཟེར་ན་ཁོའི་ལོ་རིམ་གསུམ་པའི་དགེ་རྒན་ཁའོ་ཏི་རྒྱུགས་སྤྲོད་ལྟ་ཞིབ་ལས་དོན་ལ་ཞུགས་པ་རེད།

 དགེ་རྒན་ཁའོ་ཏི་ནི་གཟུགས་གཏོས་ཆེ་ལ། རིང་ཞིང་སྟུག་པའི་སྐྲ་འཁྱིལ་སྐྱེས་པ་དང་།   ནག་སྨུག་སྨུག་གི་སྨ་ར།  མིག་ལས་འོད་མདངས་འཕྲོས་ཤིང་སྐད་ཆ་བཤད་ཚེ་མེ་སྒྱོགས་ཀྱི་སྐད་བཞིན་ཆེ།  ཁོང་གི་ཤ་མདོག་ནག་འཁྱུག་འཁྱུག་ཡིན་ཞིང་ནམ་རྒྱུན་འཇིགས་སུ་རུང་བའི་ངོ་གདོང་བསྟན་ནས་སློབ་མ་ཚོར་འཇིགས་སྐུལ་བྱས་པ་རེད།  དོན་དངོས་སུ་ཁོང་གིས་མི་སུ་ཞིག་ལ་ཡང་ཆད་པ་མི་གཅོད་ཅིང་ཁ་སྤུ་སྟུག་པོའི་འོག་ཏུ་དུས་ནམ་ཡང་དགའ་འཛུམ་མངོན་གྱིན་ཡོད། 

 ངས་རྩིས་ཤིག་རྒྱག་དུས་སློབ་གྲྭའི་ནང་དུ་ཁྱོན་བསྡོམས་དགེ་རྒན་བརྒྱད་འདུག   དགེ་རྒན་ཁའོ་ཏི་ཕུད་ད་དུང་ལོ་ཧ་ཅང་ཆུང་བའི་ལོ་རིམ་ལྔ་པའི་དགེ་རྒན་ཞིག་འདུག  ཁོའི་གཟུགས་ཧ་ཅང་ཆུང་ཞིང་དུས་རྒྱུན་སྐེ་དཀྲིས་ཆེན་པོ་ཞིག་དཀྲི་བཞིན་ཡོད།  ལོ་རིམ་དང་པོར་སྐྲ་ལོ་དུང་ལྟར་དཀར་བའི་དགེ་རྒན་ཞིག་ཡོད་ཅིང་གྲུམ་ནད་ཕོག་པས་འགྲོ་དུས་འཐེང་འགྲོས་བྱེད་དགོས་བྱུང་།  ཁྲིམས་རྩོད་པ་ཆུང་ཆུང་ཞེས་འབོད་པའི་དགེ་རྒན་གྱིས་གྱོན་གོས་མཛེས་ཤིང་རིག་གནས་པའི་མིག་ཤེལ་ཞིག་རྒྱག་པ་དང་།  དཔེ་ཁྲིད་བྱེད་དུས་ཧ་ཅང་གཟབ་ནན་ཆེ་བ་ཞིག་ཡིན།  ལུས་རྩལ་དགེ་རྒན་ནི་དེ་སྔོན་ཀེ་ལི་པ་ཏི་དམག་དཔོན་གྱི་མངག་འོག་ཡིན་ཞིང་འགྲོ་བའི་ཚེ་རྔམ་རྔམ་རྫིག་རྫིག་ཡིན་ལ་སྐད་ཤུགས་ཀྱང་ཧ་ཅང་ཆེ།  ད་དུང་གཅིག་ཡོད་པ་དེ་ནི་སློབ་གཙོ་རེད།

 སློབ་གཙོའི་གཟུགས་མཐོ་ཞིང་ཆེ་ལ་སྐྲ་མེད་སྤྱི་ཐེར་ཡིན་ཞིང་གསེར་མདོག་གི་མཐའ་ཤན་ཅན་གྱི་མིག་ཤེལ་ཞིག་བསྐོན་བ་དང་།  ཕྱེད་དཀར་གྱི་སྨ་ར་རིང་པོ་བྲང་ངོས་སུ་དཔྱངས་བཞིན་མཆིས།  ཁོང་ནི་མི་ཚང་མར་ཞི་ཞིང་འཇམ་པ་དང་།  སློབ་མ་ཚོས་ཧ་ཅང་གུས་བཀུར་བྱེད་པའི་དགེ་རྒན་ཡག་པོ་ཞིག་ཡིན།  མི་སུས་ནོར་འཁྲུལ་བཟོས་ནས་སློབ་གཙོའི་གཞུང་ལས་ཁང་དུ་བོས་པ་ཡིན་ན།  ཁོང་གིས་སྐད་ཆེན་པོས་ཤེད་ཤེད་གཏན་ནས་གཏོང་མི་སྲིད་ཅིང་སློབ་མའི་ལག་པ་ནས་འཇུས་ཏེ་བྱམས་བརྩེའི་ངང་ཁོ་ལ་ནོར་འཁྲུལ་ཡོད་ན་བཅོས་ཏེ་རྗེས་སུ་ཕྲུ་གུ་བཟང་པོ་ཞིག་བྱ་དགོས་ཞེས་བཤད་སྲིད་པ་རེད།  ཁོང་གིས་མི་རྣམས་དང་ཞི་འཇམ་གྱིས་བསམ་ཚུལ་བརྗེ་རེས་བྱས་པས་ནོར་འཁྲུལ་བཟོས་པའི་ཕྲུ་གུ་ཚོ་ཡང་བསྲན་མ་ཐུབ་ནས་མིག་ཆུ་ཤོར་ཞིང་ཁོང་གིས་ཡིད་ཆེས་བྱེད་པར་ཆུད་ཟོས་སུ་བཏང་བས་ཆད་པ་གཅོད་པ་ལས་ཀྱང་སེམས་སྡུག་པ་རེད།

 ཞོགས་རེ་རེར་སློབ་གཙོ་ནི་ཨང་དང་པོར་སློབ་གྲྭ་འབྱོར་ཞིང་ཕྲུ་གུ་གཅིག་ཀྱང་མ་ལུས་པར་དུས་ཐོག་བསླེབ་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་པས་མ་ཚད་ཁྱིམ་བདག་རྣམས་ཀྱི་བསམ་འཆར་སེམས་རྣལ་མོས་ཉན་པ་རེད།  སློབ་གྲྭ་གྲོལ་རྗེས།  འཛིན་གྲྭ་ཁག་གི་དགེ་རྒན་ཚང་མ་ཁྱིམ་དུ་བསླེབས་ཟིན་ཀྱང་ཁོང་ད་དུང་གཅིག་པུ་སློབ་གྲྭར་བསྡད་ནས་ཕྱོགས་བཞིར་སྐོར་ཞིབ་བྱས་ནས་འཁྱམ་སྡོད་བྱེད་པའི་སློབ་མ་ཨེ་འདུག་ལྟོས་པ་རེད།  ཕྲུ་གུ་ཚོས་ཁོང་གི་མཐོ་བརྗིད་ལྡན་པའི་སྐུ་གཟུགས་མཐོང་ཐེངས་རེར་དེ་མ་ཐག་ལག་ཐོག་གི་རྩེད་མོ་བཞག་ནས་བུང་བ་ཚང་ནས་ལངས་པ་ལྟར་ཕྱོགས་བཞིར་བྲོས་པ་དང་།  སློབ་གཙོས་རྗེས་སུ་སྐད་ཆེན་པོས་གཟབ་གཟབ་ཀྱིས།  སྔ་ཙམ་ནང་ལ་སོང་ཞེས་མངག་བཅོལ་གནང་སྲིད་པ་རེད།

 སློབ་གཙོ་ལ་དང་བླངས་དམག་བྱེད་པའི་བུ་ཞིག་ཡོད་ཀྱང་སེམས་ཕམ་འོས་པ་ཞིག་ནི་ཚེ་ལས་འདས་ཟིན་པ་རེད་ཅེས་ཨ་མས་བཤད་སར་ཐོས།  ཁོང་གིས་གཏམ་ངན་དེ་ཐོས་པའི་ཚེ་དགོད་འཛུམ་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་རེད།   ཁོང་གིས་བུའི་འདྲ་པར་གཞུང་ལས་ཁང་གི་ཅོག་ཙེ་ཆུང་ངུའི་ཐོག་བཞག་ཅིང་ལན་རེ་བཞིན་ཁུར་སིམ་མེར་ཧན་ཐོར་ནས་མནོ་བསམ་གྱི་དྲ་རྒྱར་ལྷུང་།  སྐྱོ་སྡུག་ཆེས་ཆེ་བའི་སྐྱོན་གྱིས་ཁོང་གིས་གོ་གནས་རྩ་དགོངས་ཞུ་འདོད་སྐྱེས་ཏེ་གྲོང་ཁྱེར་སྲིད་གཞུང་ལ་རྩ་དགོངས་ཞུ་ཡིག་ཀྱང་བྲིས་ཚར་བ་རེད་ཅེས་བཤད་སྲོལ་འདུག   སྙིང་བརྩེ་བའི་སློབ་མ་ཚོ་དང་ཁ་བྲལ་མི་ཕོད་པའི་རྐྱེན་གྱིས་ཐེ་ཚོམ་བྱུང་ནས་ཡར་མ་སྤྲད་པ་རེད།

 ཉིན་ཞིག  ཨ་ཕས་སློབ་གཙོ་ཁང་དུ་ཁོང་དང་གཏམ་གླེང་བྱེད་པའི་ཚེ།  ཏག་ཏག་མི་ཞིག་གིས་ཕྲུ་གུ་ཁྲིད་དེ་ཁོང་འཕྲད་དུ་ཡོང་བར་དང་ཐུག   ལས་གནས་བརྗེ་བས་སློབ་སྤོ་མི་བྱེད་ཐབས་མེད་རེད་ཅེས་བཤད་པ་རེད།  ཕྲུ་གུ་དེ་སློབ་གཙོའི་ཤི་བའི་བུ་དང་ཧ་ཅང་འདྲ་བས་སློབ་གཙོས་ཕྲུ་གུ་དེ་ཚུར་འཐེན་ནས་མིག་ཅེ་རེར་བལྟས་པ་དང་།  ཡུན་རིང་འགོར་རྗེས་ཁོང་གཞི་ནས་ཞི་འཇགས་སུ་ཕྱིན་ཞིང་ཁ་བྲལ་མི་ཕོད་པ་ལྟར་ཁོ་ཚོའི་འགྲོ་ལུགས་སྒྲུབ་རོགས་བྱས་པ་རེད།  ཕ་སྤད་གཉིས་ཕྱིན་ནས་ཡུན་རིང་སོང་བའི་རྗེས་སུ་སློབ་གཙོས་སྐད་ཆ་ཅི་ཡང་མི་བཤད།  ལྟོས་དང་། གལ་སྲིད་ཁྱོད་ངོ་མ་འགྲོ་འདོད་པ་ཡིན་ན་དེ་ནི་ཧ་ཅང་ཕངས་འོས་པའི་དོན་དག་ཅིག་རེད་ཨང་ཞེས།

 ཨ་ཕས་མུ་མཐུད་དེ་དེ་ལྟར་བཤད།  སློབ་གཙོས་བསམ་བློ་ཡུན་ཙམ་བཏང་རྗེས་ཅོག་ཙེའི་ལག་འཐེན་ནང་ནས་རྩ་དགོངས་ཞུ་ཡིག་ཡར་བླངས་ནས་ཕྱེད་གཉིས་སུ་ཧྲལ་རྗེས།  ཁོང་གིས་འདི་ལྟར་ཐག་གཅོད་བྱེད།   ང་མི་འགྲོ་ནས་བསྡད་རྒྱུ་ཡིན་ཞེས་ཆིག་ལབ་བརྒྱབ་པ་རེད།  

རླབས་ཆེན་གྱི་དམག་མི།

 བུ་ཤི་བའི་རྗེས་སུ།  ཁོམ་སྐབས་ཡོད་ཕྱིན་སློབ་གཙོ་ཁྲོམ་ཆེན་དུ་སོང་ནས་ཚུར་འགྲོ་ཕར་འགྲོ་བྱེད་པའི་དམག་མི་ཚོ་ལ་ལྟ་རུ་ཕྱིན་པ་རེད།

 ཁ་སང་རྐང་དམག་སྟོང་ཤོག་ཅིག་སློབ་གྲྭའི་སྒོ་ཁར་བརྒྱུད་པ་རེད།   ཕྲུ་གུ་ལྔ་བཅུ་དམག་དཔུང་གི་རྗེས་སུ་འབྲངས་ནས་དམག་མིའི་རོལ་དབྱངས་རུ་ཁག་གི་རོལ་གདངས་དང་བསྟུན་ནས་གླུ་ལེན་ཞོར་གར་འཁྲབ་ཞོར་བྱས་ཏེ་སྤྲོ་བ་ཚད་ལས་འདས།  ང་ཚོ་མི་འབོར་ཁྱུ་གཅིག་ལམ་ཟུར་དུ་རུབ་ཅིང་།  སོབ་གོར་ཆེན་པོ་མུར་བཞིན་པའི་ཁ་ལུང་དང་།   གོས་ཆས་སྤུས་དག་གྱོན་བཞིན་པའི་ཧྭ་ཐེ་ཉི།  ལྕགས་མགར་གྱི་བུ།  སྐྲ་དམར་པོ་ཡིན་པའི་ཁའེ་ལའོ་ཞི།  རང་སྲོག་བློས་བཏང་ནས་མི་སྲོག་སྐྱོབ་པའི་ལའོ་ཕའེ་ཏི་སོགས་ཡོད་པས་མ་ཚད།  ཚང་མའི་དགའ་བསུ་མི་ཐོབ་པའི་ཝུའུ་ལན་ཏི་བཅས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་འཁྲུག་ཆ་དོད་པའི་རྣམ་པར་ལྟ་བཞིན་ཡོད།

 དགོད་བྲོ་བ་ལ།  ཝུའུ་ལན་ཏིས་རྐང་པ་འཐེང་བཞིན་ཡོད་པའི་དམག་མི་ཞིག་ལ་བལྟས་ནས་ཧི་ཧི་ཞེས་དགོད་མོ་ཤོར།  གློ་བུར་དུ་ལག་པ་ཆེན་པོ་ཞིག་གིས་ཝུའུ་ལན་ཏི་ལ་རྡེག་ཙམ་བྱེད་བྱུང་།  ཁོས་ཁ་ཕྱིར་འཁོར་ནས་བལྟས་དུས་མ་གཞི་ནི་སློབ་གཙོ་རེད་འདུག  སློབ་གཙོས་གཟབ་ནན་གྱི་སྒོ་ནས་དོགས་གཟབ་ཀྱིས་ཤིག  དམག་དཔུང་ནང་གི་རྐང་ལག་མི་བདེ་བའི་དམག་མི་ཞིག་ལ་འཕྱ་སྨོད་བྱེད་པ་དེ་རྐང་ལག་བཅིངས་པའི་མི་ཞིག་ལ་སྨོད་གཤེ་བྱེད་པ་དང་འདྲ་ཞིང་ཁྲེལ་མེད་ཀྱི་དོན་དག་ཅིག་རང་ཡིན་པ་ཤེས་དགོས་ཞེས་བཤད་པས་ཝུའུ་ལན་ཏི་དེ་མ་ཐག་བྲོས་ནས་མཐོང་རྒྱུ་མི་འདུག

 དམག་མི་ཚོས་གཞུང་བསྟར་བཞི་བསྒྲིགས་ནས་མདུན་སྐྱོད་བྱེད་བཞིན་ཡོད།   ཁོ་ཚོའི་ལུས་ཐོག་ཏུ་རྔུལ་ཆུ་ཕྲུམ་ཕྲུམ་དུ་བབས་ཤིང་ལུས་ཡོངས་སུ་ཐལ་བས་གང་བ་དང་།  ཕྲག་ཐོག་ཁུར་བཞིན་ཡོད་པའི་མེ་མདའ་ཉི་འོད་ཁྲོད་དུ་རྔམ་བརྗིད་ཤིན་ཏུ་ཆེ།  སློབ་གཙོས་ང་ཚོ་ལ།  ཕྲུ་གུ་ཚོ།  ཁྱོད་ཚོས་དམག་མི་འདི་དག་ལ་བཀའ་དྲིན་ཞུས་འོས་ཤིང་དགའ་ཞེན་ཡང་བྱེད་དགོས།  ཁོ་ཚོ་ནི་ཆེས་གཅེས་སུ་འོས་པའི་མི་རེད།  ཉིན་མཚན་མེད་པར་ང་ཚོར་སྲུང་སྐྱོབ་བྱས་པ་རེད།  ལྟོས་དང་།  ཁོ་ཚོ་ཁ་ཤས་ནི་ད་དུང་ལོ་ཆུང་ཆུང་ཁྱོད་ཚོ་དང་འདྲ་འདྲ་རེད།   མ་གཞི་ནས་སློབ་གྲྭར་བསྡད་ནས་རྩེ་མོ་རྩེད་ཅིང་སློབ་སྦྱོང་བྱེད་དགོས་པ་རེད་མོད། འོན་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དམག་ཆས་གོན་ཞིང་མེ་མདའ་ཁུར་པ་རེད།  ཁོ་ཚོའི་ཤ་མདོག་ལ་བལྟས་ན་དབྱི་ཐ་ལིའི་ས་གནས་སོ་སོ་ནས་ཡོང་བ་ཡིན་པ་ཤེས་ཐུབ། ཞི་ཞི་ལིའི་མི་དང་།  ལའེ་ཕུའུ་ཨེར་སིའི་མི།  སི་ཏི་ཉི་ཡའི་མི།  ལུན་པ་ཏིའི་མི་སོགས་ཡོད།   དམག་དཔུང་འདི1844ལོའི་དམག་འཁྲུག་ནང་དུ་ཞུགས་མྱོང་བ་རེད།  ལོ་འདི་འདྲ་མང་པོ་ཕྱིན་ཞིང་དམག་མི་ཚོ་ཁག་རེ་རེ་བཞིན་བརྗེས་ཀྱང་དམག་དར་ནི་དུས་ནམ་ཡང་འགྱུར་མི་སྲིད་པ་རེད།  ཁྱོད་ཚོ་ད་དུང་མ་སྐྱེ་བའི་སྔོན་ལ་རྒྱལ་ཁབ་དང་དར་ཆ་འདིའི་ཆེད་དུ་མི་ཇི་ཙམ་མང་པོས་རང་གི་གཅེས་པའི་ཚེ་སྲོག་ཕུལ་བ་རེད་ཨང་ཞེས་བཤད།

 དར་ཆ་ཁུར་མཁན་བསླེབས་བྱུང་། ཁ་ལུང་གིས་སྐད་ཆེན་པོས་བོས་བྱུང་།  ང་ཚོ་དགའ་ཐག་ཆོད་ནས་དམག་དར་དེ་དམག་མི་ཚོའི་མགོ་ཐོག་གི་བར་སྣང་ཁམས་སུ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་མཐོང་།  ཚང་མས་ཉོན་ཞིག   གཟི་བརྗིད་ལྡན་པའི་ཚོན་གསུམ་དར་ཆ་བརྒྱུད་པའི་ཚེ་ངེས་པར་དུ་ལག་པ་བསྒྲེངས་ཤིང་མིག་འགྲོས་བྱས་ཏེ་གུས་བཀུར་ཞུ་དགོས།  སློབ་གཙོ་སྤྲོ་སེམས་རབ་ཏུ་འཕེལ། དམག་དཔོན་ཞིག་གིས་ཚོན་མདོག་ལོག་ཟིན་པའི་ཚོན་གསུམ་དར་ཆ་ཞིག་ཁུར་ནས་ཚུར་བསླེབས་བྱུང་། དར་ཡུའི་རྩེ་མོར་གསེར་འོད་འཕྲོས་པའི་གཟེངས་རྟགས་ཤིག་དཔྱངས་འདུག

 སློབ་གྲོགས་ཚོས་ལག་པ་ཡར་བཀྱགས་ནས་བརྩེ་སེམས་ཆེན་པོས་རྒྱལ་དར་ལ་གུས་འདུད་ཞུས།  རྔམ་བརྗིད་ལྡན་པའི་དར་ཁུར་བས་ལུས་པོ་དྲང་བོར་བསྲངས་ནས་དགོད་འཛུམ་འཛུམ་གྱིས་ང་ཚོར་ལྟ་བཞིན་འདུག

 ཕྲུ་གུ་ཚོས་ཡག་པོ་བྱེད་སོང་།  ང་ཚོའི་རྒྱབ་ཏུ་བསྟོད་བསྔགས་ཀྱི་སྒྲ་ཞིག་གྲག་བྱུང་། ཁ་ཕྱིར་འཁོར་ནས་བལྟས་དུས་མ་གཞི་ནི་དམག་ནས་ཕྱིར་འཐེན་ཟིན་པའི་དམག་དཔོན་རྒན་པ་ཞིག་རེད་འདུག   ལུས་པོའི་ཐོག་ཁེ་ལི་སྨི་ཡའི་དམག་འཁྲུག་ལས་རྒྱལ་ཁ་ཐོབ་པའི་གཟེངས་རྟགས་བཏགས་འདུག  ཁོས་ཡང་ནས་ཡང་དུ་ཕྲུ་གུ་བཟང་པོ།  ཁྱོད་ཚོས་ཡག་པོ་ཡང་དག་ཅིག་བྱེད་སོང་ཞེས་ཡང་ཡང་བཤད་པ་རེད།  རོལ་དབྱངས་རུ་ཁག་ཆུ་བོ་ངོགས་ནས་ཁ་ཕྱོགས་བསྒྱུར་ཞིང་རིམ་བཞིན་ཐག་ཇེ་རིང་དུ་ཕྱིན་སོང་།  དམག་དཔོན་རྒན་པས་ང་ཚོར་ཅུང་ཟད་ཅེར་ནས་ཧ་ཅང་དྲང་བདེན་གྱིས་ཆུང་དུས་ནས་རྒྱལ་དར་ལ་བརྩི་བཀུར་བྱས་ན།  ཆེན་པོར་སྐྱེས་དུས་དེར་ཇི་ལྟར་སྲུང་སྐྱོང་བྱ་དགོས་པ་དང་གཟི་ཉམས་ཇི་ལྟར་བསྣན་དགོས་པ་ཤེས་ཀྱི་རེད་ཅེས་བཤད་པ་རེད།

ཟླ་རེའི་གཏམ་རྒྱུད། ལུན་པ་ཏིའི་སོ་ལྟ་བ་ཆུང་ཆུང་།

 1859ལོར།  ཧྥ་རན་སི་དང་དབྱི་ཐ་ལིའི་མཉམ་འབྲེལ་དམག་གིས་ལུན་པ་ཏི་བཅིངས་འགྲོལ་གཏོང་བའི་ཆེད་དུ་ཨའོ་ཏི་ལི་དང་དམག་འཁྲུག་བརྒྱབ་པ་རེད།   ནམ་མཁའ་གཡའ་དག་པའི་ཞོགས་པ་ཞིག་ལ།  དབྱི་ཐ་ལིའི་རྟ་དམག་བརྒྱ་ཤོག་ཅིག་གྲོང་གསེབ་ཀྱི་ལམ་ཕྲན་བརྒྱུད་དེ་དལ་མོར་མདུན་སྐྱོད་བྱེད་པ་དང་།   དགྲ་བོའི་གཡུལ་སར་ཇེ་ཉེ་ནས་ཇེ་ཉེ་རུ་ཕྱིན་པ་རེད།

 ཁོ་ཚོ་ཞིང་པའི་ཁང་པ་ཞིག་གི་མདུན་དུ་བསླེབས་དུས། ལོ་ངོ་བཅུ་གཉིས་སོན་པའི་ན་ཆུང་སྐྱེ་འབྲས་དྭངས་མ་ཞིག་ཐུག་ཅིང་ཁོས་གྲི་ཆུང་ཁུར་ནས་དབྱུག་པ་གཞོག་བཞིན་འདུག   སྒེའུ་སྟེགས་ཐོག་ཚོན་གསུམ་དར་ཆ་ཞིག་དཔྱངས་ཡོད་ཅིང་ཁང་པའི་ནང་དུ་མི་གཅིག་ཀྱང་མི་འདུག  བུ།  ཁྱོད་རང་ཅིའི་ཕྱིར་མི་བྲོས་པ་ཡིན།  ཁྱོད་ཀྱི་ཁྱིམ་མི་ཚོ་གང་དུ་ཡོད།  དམག་དཔོན་གྱིས་རྟ་ཁ་བསྒགས་ནས་དྲིས། 

 ང་ནི་དྭ་ཕྲུག་ཅིག་ཡིན།  ནམ་རྒྱུན་མི་ལ་གླ་ཐུང་བརྒྱབ་ནས་དངུལ་རག་ཐབས་བྱས་པ་ཡིན།  ངས་ཁྱོད་ཚོས་དམག་འཐབ་རྒྱག་སར་ལྟ་འདོད་པ་ཡིན་པས་ནམ་བར་དུ་འདིར་བསྡད་པ་ཡིན་ཞེས་ན་ཆུང་གིས་ལག་ནང་གི་ཅ་ལག་འཕངས་ཤིང་ཞྭ་མོ་ཕུད་དེ་དམག་མིའི་གུས་འདུད་ཅིག་བྱས་ནས་དེ་ལྟར་བཤད།  འདི་འདྲ་རེད་ཨང་།  ཁྱོད་ཀྱིས་ཨའོ་ཏི་ལིའི་དམག་མི་འདིར་བརྒྱུད་པ་རིག་སོང་ངམ་ཞེས་དྲིས་ཚེ།

 མ་རིག  ང་འདིར་ཉིན་གསུམ་བསྡད་པ་ཡིན་ག་དུས་ཡིན་ནའང་མཐོང་མ་སོང་།  དམག་དཔོན་རྟ་ལས་བབས་ནས་ཞིང་པའི་ཁང་ཐོག་ལ་འཛེགས་ནས་དགྲ་བོའི་གནས་ཚུལ་མྱུལ་ཞིབ་བྱ་རྩིས་བྱས།

 ཡིན་ན་ཡང་ཁང་པ་དམའ་དྲགས་པས་ཐང་ཆེན་གྱི་ས་གནས་དུམ་བུ་ཞིག་ལས་མི་མཐོང་བ་རེད།   ཁོས་ཕྱོགས་བཞིར་བལྟས་དུས་མདུན་དུ་ལྕང་སྡོང་ཆེན་པོ་ཞིག་མཐོང་བ་དང་།  དེ་མུར་ཐབས་ཤིག་དྲན་ཡོང་སྟེ།  ཕྲུ་གུར།  ཧེ། ཁྱོད་ཀྱི་མིག་ཤེད་བཟང་པོ་ཨེ་ཡིན།  ཤིང་སྡོང་འདིའི་ཐོག་འཛེགས་ནུས་སམ་ཞེས་དྲིས་པ་རེད། 

 ངའི་མིག་ཤེད་ཧ་ཅང་བཟང་པོ་ཡིན།  མཐེ་མོ་ཆེ་ཆུང་ཙམ་གྱི་བྱེའུས་གཤོག་པ་རྡེབ་པ་ཡིན་ནའང་ངའི་མིག་གིས་གཏོང་གི་མེད་ཅེས་བཤད།

 བུ་བཟང་པོ།  ཁྱོད་ངའི་ཚབ་བྱས་ནས་མདུན་ཕྱོགས་སུ་དགྲ་བོའི་གནས་ཚུལ་ལྟ་རུ་འགྲོ་ཆོག་གམ།  ཁྱོད་ཀྱིས་ང་ཚོར་མདུན་ཕྱོགས་སུ་དགྲ་བོ་དང་།  དམག་རྟ།  དུ་བ། ཡང་ན་དམག་གྲི་སོགས་ཡོད་མེད་ཀྱི་གནས་ཚུལ་བཤད་རོགས།

  འགྲིག་དང་འགྲིག   བུ་ཕྲུག་གིས་ཁས་ལེན་སངས་པོ་བྱས།

  ང་ཚོས་ཁྱོད་ལ་དངུལ་ག་ཚད་སྤྲད་དགོས་ཀྱི་རེད་དམ།

  དངུལ་ཨང་། ཨོ།  ང་ལ་དངུལ་མི་དགོས།  ང་རང་ཡང་ལུན་པ་ཏིའི་མི་ཞིག་ཡིན་པ་ཤེས་དགོས། བུ་ཕྲུག་དགོད་ཤོར་ནས་ཤིང་སྡོང་ལ་འཛེག་སོང་།

 མདུན་ཕྱོགས་སུ་གཟབ་གཟབ་བརྟག་དཔྱོད་ཀྱིས།  དམག་དཔོན་གྱིས་བཀོད་འདོམས་བྱེད་འགོ་ཚུགས།  བུ་ཆུང་ཤིང་སྡོང་སྟེང་དུ་བསླེབས་དུས།  ལག་ཟུང་གིས་ཤིང་ལག་འཁྱུད་ཅིང་རྐང་པ་གཉིས་ཤིང་ལོ་སྟུག་པོས་བཀབ་པ་དང་།  ལུས་སྟོད་མ་གཏོགས་མཐོང་གི་མེད།  ཉི་འོད་ཁོའི་སྐྲ་ཟིང་ལང་ངེར་ཐོག་འཕྲོས་པས་གསེར་འོད་འགྱེད་ཅིག་མཆིས།  དེ་བས་གསལ་པོར་མཐོང་བའི་ཆེད་བུ་ཕྲུག་གིས་ལག་གཡས་པས་ཤིང་ལག་དམ་པོར་བཟུང་བ་དང་།  ལག་གཡོན་པ་ཐོད་པར་སྦྱར་ནས་ལུས་པོ་མདུན་ཕྱོགས་སུ་བརྐྱངས་གང་ཐུབ་བྱས་ཏེ་མིག་རྒྱ་ཇེ་ཆེར་སྐྱེད་གང་ཐུབ་བྱས། 

 གློ་བུར་དུ།  ཁོས་འོག་ལ་རྟ་དམག་གཉིས་ལམ་ནང་དུ་ལངས་འདུག་ཅེས་འབོད་པ་རེད།

 ཞིབ་ཚགས་ཤིག་ལྟོས་དང་།  འདི་ནས་ལམ་ཐག་ཇེ་ཙམ་འདུག་གམ།

  དབྱིན་ལེ་ཕྱེད་ཙམ།

  ད་དུང་ཅི་ཞིག་མཐོང་སོང་།  གཡས་ཕྱོགས་སུ་ལྟོས་དང་།

 བུ་ཕྲུག་གིས་ལུས་སྟབས་ཡང་སྒྲིག་ཅིག་བྱས་ནས་གཡས་ཕྱོགས་སུ་ལྟ་དུས།  ནགས་ཚལ་གྱི་དུར་སའི་ཉེ་འགྲམ་ན་འོད་འཁྱུག་འཁྱུག་གི་དངོས་པོ་ཁ་ཤས་འདུག   དམག་གྲི་ཡིན་ལས་ཆེ།

  མི་ཡོད་དམ།

  མཐོང་མ་སོང་།  འབྲས་ཞིང་ནང་དུ་གབ་པ་ཡིན་ཤས་ཆེ།

 དེའི་དུས་སུ།  སིར་ཞེས་མདེའུ་ཞིག་བར་སྣང་ཁམས་ནས་འཕུར་བ་དང་ཐད་ཀར་ཞིང་པའི་ཁང་པའི་རྒྱབ་ཏུ་ལྷུང་བ་རེད།

 བུ་ཆུང་།  མགྱོགས་པོར་མ་བབས་ཤིག  དགྲ་བོས་ཁྱོད་རང་མཐོང་སོང་བ་རེད།

 དམག་དཔོན་གྱིས་བྲེལ་འཚུབ་ངང་བོས་པ་རེད། 

 ང་མི་སྐྲག  གཡོན་ཕྱོགས་སུ་ད་དུང་མྱུལ་ཞིབ་བྱེད་མེད། 

   བུ་ཕྲུག་གིས་མགོ་བོ་གཡོན་ཕྱོགས་སུ་བསྒྱུར།   བོག་སྐད་དེ་བས་ཛ་དྲག་ཆེ་ཞིང་ཡ་ང་ལ་ཐག་ཉེ་བ་ཞིག་ཤིང་སྡོང་ཆེན་པོ་དེའི་ཕྱོགས་སུ་གྲག་སོང་།

  མགྱོགས་པོར་མ་ཤོག   དམག་དཔོན་བྲེལ་འཚུབ་ལངས་སོང་།

 གཡོན་ཕྱོགས་སུ། གཡོན་ཕྱོགས་སུ་ལྷ་ཁང་ཆུང་ཆུང་ཞིག་འདུག   དེར་ཅི་ཞིག་ཡོད་པ་འདྲ།   ཨ་ཡོ།  ཞེས་བུ་ཆུང་གིས་སྐད་ཆེན་པོ་རྒྱག་པ་དང་གཏམ་མཇུག་རྫོགས་ཁོམ་མེད་པར་ཙིར་སྒྲ་ཞིག་དང་བསྡེབས་ནས་བུ་ཆུང་གིས་གློ་བུར་དུ་གྲུ་མོ་གློད་དེ་མགོ་བོ་ཐུར་དུ་དཔྱངས་ནས་ས་ཐོག་ལྷུང་བ་རེད།

 འགྲིག་མ་སོང་།  དམག་དཔོན་གྱིས་སྐད་ཆེན་པོ་བརྒྱབ་ནས་ཡར་རྒྱུགས་སོང་།

 བུ་ཆུང་གལ་རྐྱལ་དུ་ས་ཐོག་ཉལ་ཞིང་ལག་པ་རྐྱོང་བ་དང་།  མིག་སྔོན་པོ་དམ་པོར་བཙུམས་འདུག   དམག་མི་ཞིག་གིས་ཁོའི་རྔུལ་ལེན་ཕྱེ་བའི་ཚེ་མདེའུ་གློ་བ་གཡོན་པར་ཕོག་ཅིང་ཁྲག་དམར་པོ་ཤར་ཤར་དུ་ཕྱིར་བཞུར་གྱིན་འདུག   ཁོ་ཤི་སོང་།  དམག་མིས་དབུགས་རིང་འཐེན་ཞིང་སྐྱོ་སྡུག་གི་མིག་ཆུ་བསྙིལ།  དཔའ་ངར་ལྡནཔའི་བུ་ཆུང་།  དམག་དཔོན་སྐྱོ་བ་དང་ཁྲོ་བ་གཉིས་ལྡན་གྱིས་སྐད་ཆ་དེ་ཡང་ཡང་བསྐྱར་ཟློས་བྱས་པ་རེད།

 ཁོ་རང་ཁུར་སིམ་མེར་ཕར་འགྲོ་ཞིང་སྒེའུ་སྟེགས་སུ་དཔྱངས་ཡོད་པའི་ཚོན་གསུམ་དར་ཆ་མ་བླངས་ནས་དལ་མོར་ཕྲུ་གུའི་ལུས་ཐོག་ཏུ་བཀབ།  དམག་མི་ཚོ་གྲག་འགུལ་མེད་པར་ན་ཆུང་གི་ཀོ་ལྷམ་དང་། ཞྭ་མོ། གྲི་ཆུང་།  དབྱུག་པ་ཆུང་ངུ་བཅས་བསྡུ་ལེན་བྱས་པ་རེད།  ཚང་མ་འཇམ་ཐིང་ངེར་ལངས་ནས་བུ་ཆུང་ལ་ཆེས་རྔམ་བརྗིད་ལྡན་པའི་དམག་མིའི་གུས་འདུད་ཞུས་པ་རེད།   ཆུ་ཚོད་ཁ་ཤས་འགོར་རྗེས།   དམག་མིའི་ཚོ་ཁག་གཞན་ཞིག་འདིར་བརྒྱུད་པའི་ཚེ་ཤིང་སྡོང་ཆེན་པོའི་འོག་ཏུ་ཚོན་གསུམ་དར་ཆས་བཀབ་པའི་བུ་ཆུང་ཞིག་མཐོང་བས་ཚང་མས་ཀྱང་གྲི་རིང་བཏེགས་ནས་གུས་འདུད་ཞུས་པ་དང་།  དམག་དཔོན་འབྲིང་གྲས་ཤིག་གིས་ལུས་པོ་མར་སྒུར་ནས་རྩྭ་དང་མེ་ཏོག་བཏོག་ནས་བུ་ཆུང་གི་ལུས་ཐོག་ཏུ་གཏོར་ཞིང་།   དཔུང་སྡེ་ཧྲིལ་བོའི་དམག་མི་ཚང་མས་ཀྱང་མེ་ཏོག་བཏུས་ནས་ཁོར་གཏོར་བ་རེད།  དམག་དཔོན་འབྲིང་བ་གཞན་ཞིག་གིས་རང་གི་གཟི་བརྗིད་གཟེངས་རྟགས་དེ་བུ་ཆུང་ལ་བཏགས་པ་དང་།  ད་དུང་གཅིག་ཕར་འགྲོ་ནས་ཁོའི་གྲང་ཞིང་འཁྱགས་པའི་ཐོད་པར་འོ་ཞིག་བྱས།   དཔའ་ངར་ཆེན་པོ་རེད་ཨང་། ལུན་པ་ཏིའི་ན་ཆུང་ཞེས་དཔོན་དམག་ཚང་མས་མགྲིན་གཅིག་ཏུ་སྐད་ཤུགས་ཆེན་པོས་འབོད་སྐད་བརྒྱབ།

 བུ་ཆུང་འཇམ་འཇགས་སེར་མེ་ཏོག་དང་རྩྭ་ཚོམ་གྱི་གསེབ་ཏུ་ཉལ་ཞིང་ཐལ་མདོག་གི་བཞིན་རས་ལས་འཛུམ་མདངས་ཤིག་མངོན་འདུག  ཁོས་མི་རྣམས་ཀྱིས་གུས་འདུད་དང་བསྟོད་བསྔགས་བྱེད་པར་ཉན་བཞིན་ཡོད་པ་དང་འདྲ་ཞིང་རང་སྲོག་བློས་བཏང་བར་གཟི་བརྗིད་ཚད་མེད་ཅིག་ཡིན་སྣང་ཡང་ཤར་བཞིན་ཡོད་དོ༎


  • ལེ་ཚན་སྔོན་མ།:དགའ་གཅེས་སློབ་གསོ།
  • ལེ་ཚན་རྗེས་མ།:དགའ་གཅེས་སློབ་གསོ།