སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར། 2018-01-15
ལེའུ་གཉིས་པ། ཟླ་བ་བཅུ་གཅིག་པ།
དུ་ཁུང་ཕྱགས་པའི་ཕྲུ་གུ
ཁ་སང་གི་དགོང་མོ། ང་རང་བུད་མེད་སློབ་ཆུང་དུ་ཨ་ཅེ་ཞུའེ་ཨེར་ཝེ་བཙལ་དུ་སོང་བ་ཡིན། སློབ་གྲྭའི་ཐད་ཀའི་ཁུགས་ལམ་ཞིག་ཏུ་བསླེབས་པའི་ཚེ་ངས་ཤ་ཞན་ལ་གཟུགས་ཆུང་བའི་དུ་ཁུང་ཕྱགས་མཁན་བུ་ཆུང་ཞིག་མཐོང་། ཁོས་ཕྲག་པར་ཁུག་མ་ཆེན་པོ་ཞིག་ཁུར་བ་དང་། ལུས་པོ་ཚང་མར་དུ་དྲེག་ནག་པོ་འགོས་ཤིང་འུ་ཐུག་ནས་དེར་ལངས་འདུག ཁོས་ལག་གཡས་སུ་གཞོག་གྲི་ཁྱེར་ཞིང་ལག་གཡོན་གྱིས་ངོ་བཀབ་ཅིང་མགོ་སྒུར་ནས་ངུ་བཞིན་ཡོད་པ་འདྲ། ལོ་རིམ་གསུམ་པའི་བུ་མོ་སློབ་མ་འགའ་སློབ་གྲྭ་གྲོལ་ནས་ཕྱིར་ཡོང་བས་ཁོའི་མདུན་དུ་སོང་ནས་ཁྱོད་རང་ཅིའི་ཕྱིར་ངུ་བ་ཡིན་ནམ་ཞེས་དྲིས་ཀྱང་།
བུ་ཆུང་གིས་ལན་མི་འདེབས་ཤིང་སྔར་ལྟར་མིག་ཆུ་གཏོང་གི་འདུག
ད་མ་ངུ། ཡང་སྙིང་དོན་དག་ཅི་ཞིག་བྱུང་སོང་། མགྱོགས་པར་ང་ཚོར་ཤོད་དང་། བུ་མོ་ཚོས་ཡང་ཡང་དེད་འདྲི་བྱས།
ངས་དུད་ཚང་ཁ་ཤས་ཀྱི་དུ་ཁུང་ཕྱགས་རོགས་བྱས་ནས་ཟངས་ཊམ་སུམ་ཅུ་ལོན་སོང་། བུ་ཆུང་གི་མགོ་བོ་ཡར་བཏེགས་ནས་མཛུབ་མོས་དུང་ཡོད་པའི་གོས་ཁུག་ཅིག་བསྟན་ནས་དུས་ནམ་ཙམ་ཡིན་མི་ཤེས་པར་དངུལ་དེ་དག་ཟགས་འདུག གལ་ཏེ་ང་རང་ལག་སྟོང་ལོག་པ་ཡིན་ན། དགེ་རྒན་གྱིས་ང་རང་རྡུང་ངེས་རེད། ཅེས་སྐད་ཆ་བཤད་མཚམས་མ་རྫོགས་པར་ཁོས་བསྲན་མ་ཐུབ་པར་སླར་ཡང་མགོ་སྒུར་ནས་ངུས་པ་རེད། བུ་མོ་ཚོས་ཀྱང་ཕངས་སེམས་སྐྱེས་ནས་མིག་ཀྱང་དམར་པོར་གྱུར་སོང་།
ཞྭ་མོའི་ཐོག་བྱ་སྒྲོ་སྔོན་པོ་བཙུགས་ཡོད་པའི་བུ་མོ་ཆེ་བས་ཁུག་མའི་ནང་དུ་ཟངས་ཊམ་གཉིས་བླངས་ནས་ང་རང་སར་གཉིས་ལས་མེད། ང་ཚོས་ཞལ་འདེབས་ཆུང་ངུ་ཞིག་བྱས་ན་འདང་ཨ་མི་འགྲོ་ཞེས་བཤད།
ང་རང་ལ་ཡང་གཉིས་ཡོད། སེམས་ཁྲལ་མ་བྱེད། བུ་མོ་གཞན་ཞིག་གིས་ཀྱང་རང་གི་དངུལ་དེ་ཡར་བླངས་ཤིང་མི་འདི་འདྲ་མང་པོས་ཟགས་ཊམ་སུམ་ཅུ་བསྡུ་ཐུབ་ངེས་རེད་ཅེས་བཤད།
དེ་མུར་མི་ཁ་ཤས་ཀྱིས་དང་ལེན་ཞུ་སོང་། དེ་ནས་དགའ་ཞེན་ཆེ་བའི་བུ་མོས་རང་གི་སློབ་གྲོགས་རྣམས་བོས་འགོ་ཚུགས། ཡ་མ་ལི་ཡ། ལུའུ་དབྱི་སི། ཡ་ཉི་ན། མི་རེས་ཟངས་ཊམ་རེ་ཁུར་ཤོག ད་དུང་སུ་ལ་དངུལ་ཡོད། ཚུར་སྤྲད་རོགས་ཀྱིས།
ཨོ། ངའི་སར་ཁ་ཤས་ཡོད།
མི་ཇེ་མང་ནས་ཇེ་མང་དུ་འདུས་ཤིང་སློབ་མ་མང་པོས་བསམ་བློ་གཏོང་ཁོམ་མེད་པར་རང་གི་མེ་ཏོག་དང་། སྦྲང་ཀ་ར། ཡང་ན་དཔེ་དེབ་ཉོ་སའི་དངུལ་རྩག་རྩིག་ཡར་བླངས་པ་རེད། བྱ་སྒྲོ་སྔོན་པོ་བཙུགས་ཡོད་པའི་བུ་མོས་དངུལ་རྣམས་གཅིག་བསྡུས་བྱས་ནས་སྐད་ཆེན་པོས་བརྒྱད། བཅུ། བཅོ་ལྔ་བཅས་རྩི་བཞིན་འདུག རེད་དེ་ད་དུང་བུ་ཆུང་གི་དགོས་པའི་གྲངས་ཀ་འདང་གི་མེད། དགེ་རྒན་འདྲ་བའི་བུད་མེད་ལོ་ཆུང་ཞིག་ཚུར་ཡོང་ནས་བཀོད་ལེགས་ཀྱི་དངུལ་ཁུག་ནས་དངུལ་ཊམ་ཞིག་ཡར་བླངས་པས་ཚང་མས་དགའ་སྤྲོའི་ཐལ་སྒྲ་སྒྲོག་པ་རེད། ཁྱོད་ཀྱིས་ཤེས་སམ། དངུལ་ཊམ་གཅིག་གི་རིན་ཐང་ནི་ཟངས་ཊམ་བཅུ་ཡིན་པ་རེད་ཨང་། ཚང་མ་ཧ་ཅང་དགའ་ནས་མོ་རང་ལ་བཀའ་དྲིན་ཆེ་ཞུས།
ད་དུང་ལྔ་འདང་གི་མི་འདུག སུ་ལ་ཡོད། ལྟོས་དང་། ལོ་རིམ་ལྔ་པའི་ཨ་ཅེ་ཚོ་བསླེབས་བྱུང་། ཁོ་ཚོར་ཡོད་ངེས་རེད། ཕྲུ་གུ་ཚོ་སེམས་ཤུགས་སྐྱེས་ནས་སྐད་ཆེན་པོས་འབོད་ཤགས་བྱས། ཏག་ཏག་བག་མཛེས་ཤིང་གཅེས་སུ་འོས་པའི་བུ་མོ་ཆེ་བ་ཚོ་བསླེབས་པ་དང་དེ་མ་ཐག་ཟངས་ཊམ་སུམ་ཅུ་སྡུད་ཐུབ་སོང་།
དུས་དེར། མི་ཚོགས་ད་དུང་ཆུ་འབྲུབ་པ་བཞིན་དེའི་ཕྱོགས་སུ་རྒྱུགས་བྱུང་། དུ་ཁུང་ཕྱགས་པའི་བུ་ཆུང་དེར་གོས་དང་སྨད་གཡོགས་གཙང་མ་གྱོན་ཞིང་ཞི་འཇམ་གྱི་དགོད་འཛུམ་མངོན་པའི་བུ་མོ་ཚོས་བསྐོར་བ་དང་། ངོ་གདོང་ཆུང་ཆུང་དམར་སིང་སིང་དུ་ཆགས་ཤིང་གསུབ་ཐབས་བྲལ་བའི་འཚེར་སྣང་ཞིག་ཤར་ཞིང་། བརྗོད་མི་ཚར་བའི་བཀའ་དྲིན་ཞིག་ཀྱང་མངོན་གྱིན་འདུག
ཟངས་ཊམ་སུམ་ཅུ་སྔར་ནས་འདང་ངེས་ཀྱང་དངུལ་ཊམ་ད་དུང་རྒྱུན་ཆད་མེད་པར་བསླེབས་བྱུང་། དངུལ་ཁུར་མེད་པའི་བུ་མོ་ཆུང་ཆུང་ཚོས་ཀྱང་གང་ཞིག་སྐྱེལ་འདོད་པ་ལྟར་མི་ཚོགས་གསེབ་ནས་འཛུལ་ཏེ་ཚོན་སྣ་ལྔ་ལྡན་གྱི་མེ་ཏོག་ཆུན་པོ་ཁོར་སྐྱེལ་བ་རེད།
ཁྱོད་རྣམ་པ་བཀའ་དྲིན་ཆེ། ཁྱོད་ཚོ་ཚང་མ་བཀའ་དྲིན་ཆེ། བུ་ཆུང་དགའ་ཐག་ཆོད་སོང་། ལྟོས་དང་། ཁོའི་ལག་པའི་ནང་དུ་བདེ་དྲོད་དང་བསུང་དྲི་བྲོ་བའི་དངུལ་ཁུར་འདུག་ལ། སྟོད་གོས་ཀྱི་ཁུག་མ་དང་ཞྭ་མོ་ཅས་སུ་མེ་ཏོག་གིས་གང་འདུག ད་དུང་མེ་ཏོག་གི་འདབ་མ་ཁ་ཤས་ཁོའི་རྐང་འགྲམ་དུ་ལྷུང་འདུག དུ་ཁུང་ཕྱགས་པའི་བུ་ཆུང་གིས་རང་ཉིད་ལམ་འགྲོ་འདི་ལྟར་རྒྱུག་པར་ཡིད་ཆེས་གཏན་ནས་བྱེད་མི་ཕོད་ཅིང་དགའ་སྤྲོའི་མིག་ཆུ་ཤོར་སོང་།
གྲོགས་པོ་བཟང་པོ་ཁ་ལུང་།
ང་རང་དང་ཁ་ལུང་མཉམ་དུ་བསྡད་པའི་དུས་ཚོད་ཇི་ཙམ་མང་ན་ཁོ་ཡང་དེ་ཙམ་གཅེས་འོས་པ་ཞིག་རེད། ཉིན་གཉིས་ཀྱི་གུང་གསེང་ལས་མེད་ཀྱང་ངས་ཁོ་རང་ཐུག་འདོད་ཆེན་པོ་སྐྱེས།
ཁ་ལུང་གི་ཨ་ཕ་ནི་མེ་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཡིན། ཨ་ཕའི་རྒྱུད་རྒྱུ་ཐོབ་ཡོད་པའི་རྐྱེན་དང་དེའི་ཁར་ནད་ཕོག་ནས་སློབ་གྲྭར་འགྲོ་རྒྱུ་ལོ་གཉིས་ཕྱིས་པས་ཁ་ལུང་ནི་འཛིན་གྲྭའི་ནང་གི་གཟུགས་ཆེས་མཐོ་བ་དང་། ལུས་ཤུགས་ཆེས་ཆེ་བའི་སློབ་མ་བུ་ཞིག་ཡིན། ཁོས་ལག་པ་ཅིག་གིས་ཙོག་ཙེ་ཞིག་བཏེགས་ཐུབ། སྐྱེ་ཤེད་མགྱོགས་པའི་རྐྱེན་གྱིས་ཡིན་ཚོད་རེད། ཁ་ལུང་གི་གོས་ཕལ་ཆེར་ལུས་པོར་མི་འཚམ་ཞིང་། ཞྭ་མོ་ཆུང་ཆུང་གིས་མགོ་ཆེན་རིལ་རིལ་པོ་དེར་ཐར་གྱིན་མེད། ཁོའི་ཕྱི་གོས་ཚང་མའི་གོས་སྲུབས་ཕྱིར་མངོན་ཞིང་ཀོ་ལྷམ་ཡང་ཧྲལ་ཧྲུལ་དུ་གྱུར་བ་དང་། སྐེ་བཅིངས་ཀྱང་ནམ་རྒྱུན་འཕུར་མཉེད་བྱས་ནས་རྒྱུན་བུ་གཅིག་ཏུ་གྱུར་འདུག འདི་འདྲའི་དགོད་བྲོ་བའི་ཆས་གོས་ཀྱིས་མི་རྣམས་དགོད་ངར་ལངས་སུ་བཅུག ཁོ་རང་མི་ཁེངས་སྐྱུངས་ལྡན་པ་ཞིག་ཡིན་ཞིང་མི་གཞན་དག་གིས་ཁོར་ཅི་ཞིག་དགོས་ཟེར་ན་ཁོས་ཕངས་སེམས་མེད་པར་ཡར་བླངས་ནས་ཚང་མར་བགོས་པས་ཀུན་གྱིས་ཁོར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། རེད་དེ་ཁེངས་དྲེགས་ཆེ་བ་ཁ་ཤས་ཀྱིས་ཁོར་ཧ་ཅང་མི་དགའ་བ་རེད། རྒྱུ་མཚན་ནི་ཁ་ལུང་ནི་མི་དྲང་བདེན་རྟུལ་ཕོད་ཅན་ཞིག་ཡིན་པས་སློབ་གྲོགས་རྣམས་གཅེས་སྐྱོང་བྱེད་པས་མ་ཚད་ཧམ་སྤྱོད་བདེན་མེད་ཀྱི་བྱ་སྤྱོད་དེ་དག་ལ་གཏན་ནས་མི་སྐྲག་པས་རེད། ག་དུས་ཡིན་ནའང་ཁོ་རང་ནུས་ཞན་ཚོའི་སྲུང་སྐྱོབ་ལྷ་ཞིག་བྱེད་འདོད་ཡོད་ཅིང་མིར་ཐུབ་ཚོད་གཏོང་བའི་ངན་པ་རྣམས་ལ་བྱ་ངན་བསྒྲུབ་རྒྱུའི་གོ་སྐབས་སྟེར་ཡེ་མེད་པ་རེད།
ཁ་ལུང་གི་རྩིས་རིག་སྦྱངས་འབྲས་ཧ་ཅང་ཡག་ཅིང་། སློབ་ཁྲིད་བྱེད་པའི་དུས་སུ། ཁོ་རང་ཧ་ཅང་ནན་ཏན་ཆེ་ཞིང་སྐད་ཆ་གང་མོས་ཅིས་ཀྱང་མི་ཤོད་པས་མ་ཚད་སློབ་ཁྲིད་ཁང་དུ་སྐད་ཆེན་པོས་གད་མོ་ཡང་མི་དགོད་པ་རེད། ཁོའི་ལུས་པོ་དེ་ལྟ་བུ་ཞིག་ལ་མཚོན་ན་གུ་དོག་པའི་འདུག་ས་ནི་བཙོན་གཟེབ་ཅིག་དང་འདྲ་མོད། ཡིན་ན་ཡང་ཁོ་རང་འགུལ་ཙམ་ཡང་མི་བྱས་ཤིང་མདའ་ལྟར་དྲང་པོར་བསྲང་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པ་རེད། ང་རང་ཁོམ་སྐབས་ཡོད་དུས་ཁོ་རང་ལྟ་རུ་ཕྱིན་པའི་ཚེ་ཁོས་མིག་ཟུམ་ཟུམ་བྱས་ནས་དགོད་རྐྱང་བྱེད་ཅིང་། ཝེ། ཨན་ལི་ཁའོ། སློབ་ཁྲིད་ནན་ཏན་གྱིས་ཉོན་ཞིག་ཅེས་བཤད་པ་དང་མཚུངས།
སློབ་གྲོགས་ཚང་མ་དང་འདྲ་བར་ཁ་ལུང་ལ་ཡང་རང་ཉིད་ལ་དབང་བའི་ནོར་བུ་མཆོག་གྱུར་ཞིག་ཡོད་ལ་ཉིན་རྟག་པར་དགའ་དྲགས་ནས་འཇོག་མི་འདོད་པ་རེད། ཁོའི་ནོར་བུ་མཆོག་གྱུར་དེ་ཧ་ཅང་དམིགས་བསལ་ཅན་ཞིག་ཡིན། དེ་ནི་ལག་ཡུའི་ཐོག་ཏུ་མུ་ཏིག་གི་ཕྲ་བཀོད་པའི་ཤོག་གྲི་ཆེན་པོ་དེ་ཡིན་ལ། ཁོས་ཕྱི་རོལ་དུ་རྙེད་པ་དང་། ཉིན་ཞིག་ཤོག་གྲི་འདིས་ཧ་ལམ་མིན་ན་ཁོའི་མཛུབ་མོ་བཅད་པ་རེད། ཡིན་ན་ཡང་ཁོས་མི་རྣམས་ལ་སེམས་ཁྲལ་མི་སྟེར་བའི་ཆེད་དུ་རང་ཉིད་རྐྱང་པས་རྨ་ཁ་དཀྲིས་ནས་འཁོན་སྒྲ་ཅིག་ཀྱང་མི་གྲག་པ་རེད།
ཁ་ལུང་བྱམས་སེམས་ཆེ་ཞིང་དྲང་བདེན་ཅན་ཞིག་ཡིན། ང་ཚོས་དུས་རྒྱུན་མཉམ་དུ་ཀུ་རེ་སྣ་ཚོགས་བྱེད་ཀྱང་ཕན་ཚུན་རྩོད་གླེང་གཏན་ནས་མི་བྱེད། རེད་དེ་གལ་སྲིད་མི་ཞིག་གིས་ཁོར་ཁྱོད་ཀྱིས་རྫུན་བཤད་པ་རེད་ཅེས་བཤད་ཕོད་ན་དེ་ནས་ཇུས་ཉེས་སོང་བ་རེད། ཁོས་རང་ཉིད་ཀྱི་སྙན་གྲགས་ལ་དོ་གཟབ་ཆེན་པོ་བྱེད་ཅིང་ཞེ་སྡང་སྐྱེ་བའི་ཞོར་དུ་ཁོང་ཁྲོ་མེ་ལྟར་འབར་བས་ཁུར་ཚུར་ཆེན་པོ་དབྱུགས་ནས་བཤར་སྲིད་ལ། རྐུབ་སྟེགས་བཅག་ཀྱང་སྲིད། རེད་དེ་གནས་ཚུལ་འདི་འདྲ་འབྱུང་ཧ་ཅང་དཀའ་ཞིང་ང་ཚོས་ཁོ་ནི་དྲང་བདེན་བློས་འཁེལ་རུང་བའི་མི་ཞིག་ཡིན་པ་ཡིད་ཆེས་ཡོད་ཅིང་ཁོས་རྫུན་གཏན་ནས་བཤད་མི་སྲིད།
གཟའ་སྤེན་པའི་སྔ་དྲོར། ཁ་ལུང་གིས་ལོ་རིམ་གཉིས་པའི་སློབ་མ་ཞིག་གིས་དངུལ་བོར་ནས་ཁྲོམ་ལམ་དུ་ལངས་ནས་ངུ་བཞིན་ཡོད་པ་མཐོང་བས་ཚམ་ཚོམ་མེད་པར་རང་གི་རྩིག་དངུལ་ཁོར་སྦྱིན་པ་རེད། ཨ་མའི་འཁྲུངས་སྐར་གྱི་ཉིན་མོའི་དུས་སུ། ཁ་ལུང་གི་ཉིན་གསུམ་གྱི་དུས་ཚོད་སྤྱད་ནས་ཤོག་གྲངས་བརྒྱད་ཡོད་པའི་འཕྲིན་ཡིག་ཅིག་བྲིས་ནས་རང་གི་བཀའ་དྲིན་དང་སྨོན་འདུན་མཚོན་པ་རེད། ཁྱོད་ཀྱིས་ཡིད་ཆེས་སམ། འཕྲིན་ཤོག་རེ་རེའི་ཕྱོགས་བཞི་ཀར་ཁོས་སྤུས་ལེགས་ཀྱི་མཐའ་ཤན་སྤྲས་པ་རེད།
དགེ་རྒན་གྱིས་ཁ་ལུང་ཧ་ཅང་དགའ་ཞིང་། ཁོའི་འགྲམ་དུ་འགྲོ་ཐེངས་རེར་ལྟག་རྒྱབ་ལ་བྱམས་བརྩེ་ཆེན་པོས་རྡེག་ཙམ་བྱས་ཤིང་ཆེས་དགའ་བའི་བུ་ཕྲུག་ཅིག་ལ་ཁ་ཡ་བྱེད་པ་དང་ཀུན་ནས་མཚུངས། ང་རང་ལ་མཚོན་ན་ཁ་ལུང་ལ་དགའ་བར་ཕུད་ད་དུང་ཁོ་དང་བྲལ་ཐབས་མེད་པ་རེད། ཁ་ལུང་ལ་ཞི་འཇམ་གཤིས་བཟང་ཞིག་ཡོད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅིང་། རིན་དོད་གང་ལའང་མི་འཛེམས་པར་གྲོགས་པོ་ལ་རོགས་རམ་བྱེད་སྲིད་པས་ངས་དུས་ནམ་ཡང་ཁོ་ལ་དགའ་ཞེན་བྱེད་རིན་ཡོད་པ་ཡིན།
སོལ་སྲེག་པ་དང་མི་དྲག
ང་ཚོའི་འཛིན་གྲྭའི་ནང་དུ་ནའོ་པེ་སི་ནི་ཧ་ཅང་ང་རྒྱལ་ཆེན་པོ་ཡིན། ང་ཚོ་ཚང་མས་ཁོའི་ཨ་ཕ་ནི་ངོ་སོ་ཆེ་ཞིང་འབྱོར་ཕྱུག་ལྡན་པའི་མི་དྲག་ཅིག་ཡིན་པ་ཤེས་ཀྱི་ཡོད།
ཁ་སང་སྔ་དྲོར། ནའོ་པེ་སི་དང་སོལ་སྲེག་བཟོ་པའི་བུ་ཕའེ་ཏི་བར་ཁ་རྩོད་ཤོར་བ་རེད། དོན་དག་འདི་མ་གཞིར་ནའོ་པེ་སིར་བདེན་རྩ་མེད་ཀྱང་ཁོ་རང་ཡིད་མི་ཚིམས་ནས་ནོར་འཁྲུལ་ངོས་ལེན་མི་བྱེད་པས་མ་ཚད། ད་དུང་སེམས་འཚུབ་ཅིང་ཁོང་ཁྲོ་ལངས་ནས་ཁྱོད་ཀྱི་ཨ་ཕ་ནི་སྤྲང་ལོང་ཞིག་རེད་ཅེས་སྐད་ངན་བརྒྱབ། གཟུགས་ཆུང་བའི་ཕའེ་ཏི་ཚིག་པ་ཟ་ནས་ངོ་གདོང་དམར་པོར་ཆགས་ཤིང་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཐུབ་ཅིང་མིག་ཆུའི་རྡོག་པོ་ཆེན་པོ་རེ་རེ་མར་ལྷུང་བ་རེད། ཁྱིམ་དུ་ལོག་རྗེས། ཕའེ་ཏིས་གནས་ཚུལ་ཚང་མ་ཆད་ལུས་མེད་པར་རང་གི་ཨ་ཕར་བཤད་ནས་སྡུག་ཡུས་བགྲངས་པ་རེད།
ཕྱི་དྲོར། ཁོང་ཁྲོ་ཆེན་པོ་ལངས་པའི་ཕའེ་ཏིའི་ཨ་ཕས་དགེ་རྒན་བཙལ་དུ་ཡོང་ནས་མོ་རང་ལ་དོན་འདི་ཞུ་གཏུག་བྱས།
ནའོ་པེ་སིའི་ཨ་ཕ་སློབ་ཁང་དུ་འགྲོ་བཞིན་པའི་སྐབས་སུ་མི་ཞིག་གིས་རང་གི་བུའི་མིང་གླེང་བཞིན་ཡོད་པ་ཐོས་པས་གོམ་པ་འདེགས་མཚམས་བཞག་ནས་དོན་དག་ཅི་ཞིག་བྱུང་སོང་ངམ་ཞེས་དྲིས་པ་རེད།
འདི་འདྲ་རེད། དགེ་རྒན་གྱིས་བརྒྱུད་རིམ་མདོར་བསྡུས་ཤིག་བཤད་པ་སྟེ་ནའོ་པེ་སིས་ཕའེ་ཏི་ལ་ལྟ་ཆུང་བྱས་ནས་ཁོའི་ཨ་ཕ་སྤྲང་པོ་རེད་ཅེས་གཤེ་འདུག
ནའོ་པེ་སིའི་ཨ་ཕའི་བཞིན་རས་དམར་པོར་གྱུར་སོང་། གཉེར་མ་བསྡུས་ནས་ཁྱོད་ཀྱིས་ངོ་མ་དེ་ལྟར་བཤད་པ་ཨེ་ཡིན་ཞེས་དྲིས། ནའོ་པེ་སིས་མགོ་བོ་སྒུར་ནས་ལན་གང་ཡང་མི་འདེབས། ཨ་ཕས་དེ་མ་ཐག་གནས་ཚུལ་ངོ་མ་ཧ་གོ་ནས་ཁོའི་ལག་ངར་ནས་བཟུང་སྟེ་ཕའེ་ཏིའི་འགྲམ་དུ་འཐེན་ནས་མགྱོགས་པོར་དགོངས་དག་ཞུས་ཤིག་ཅེས་བཤད།
སོལ་སྲེག་བཟོ་པ་ཅུང་ཟད་བྲེལ་འཚུབ་ལངས་ཤིང་མགྱོགས་པར་ལག་པ་གཡུགས་ནས་ད་སྐྱུར་ཞོག དགོས་དོན་མི་འདུག་ཅེས་བཤད། རེད་དེ་ནའོ་པེ་སིའི་ཨ་ཕ་ཧ་ཅང་ཁོང་ཁྲོ་ལངས་ཤིང་རྣམ་འགྱུར་བློ་ཐག་ཆོད་པོས་རང་གི་བུ་ལ་མགྱོགས་པར་བཟོད་དགོངས་ཞུས་ཤིག ངས་བཤད་པའི་སྐད་ཆ་ལྟར་རྗེས་ཟློས་ཀྱིས་ཤིག ངས་གླེན་རྨོངས་ཤེས་མེད་ཀྱི་སྐད་ཆ་བཤད་ནས་ཁྱོད་ཀྱི་ཨ་ཕར་དམའ་འབེབས་བྱེད་ཤོར་སོང་། ངས་འདི་འདྲ་བཤད་མི་ཉན། བཟོད་སྒོམ་བྱེད་རོགས། ངའི་ཨ་ཕས་ཁྱོད་ཀྱི་ཨ་ཕའི་ལག་པ་འཇུ་རུ་འཇུག་རོགས་ཞེས་བཤད། སོལ་སྲེག་བཟོ་པ་ཧ་ཅང་དོགས་མི་བདེ་ཞིང་ལྡབ་ལྡིབ་ཀྱིས་དེ་ལྟར་བྱེད་ཡས་མེད། བྱེད་ཡས་མེད་ཅེས་བཤད། ཡིན་ན་ཡང་མི་དྲག་གིས་བློས་མི་གཏོང་བར་བུ་ལ་བཀའ་ཕབ་སྟེ་དེ་མ་ཐག་བཟོད་དགོངས་ཞུ་དགོས་པར་རྒྱུན་འཁྱོངས་བྱས། སྙིང་རྗེ་འོས་པའི་ནའོ་པེ་སིས་མགོ་བོ་སྨད་དུ་བཀུགས་ནས་ཆད་ཆད་མཐུད་མཐུད་ཀྱི་སྐད་ངག་གིས་ངས་གླེན་གཏམ་་་་་བཤད་ནས་ཁྱོད་་་་ཀྱི་ཨ་ཕར་དམའ་འབེབས་་་་་བྱེད་ཤོར་སོང་། ཁྱོད་ཀྱིས་དགོངས་དག་གནང་རོགས། ངའི་ཨ་ཕའི་་་་་ལག་པས་ཁྱོད་ཀྱི་་་་་་ཨ་ཕའི་ལག་པ་འཇུ་རུ་འཇུག་རོགས། ཁྱོད་ཀྱིས་ང་ལ་ཡང་བཟོད་དགོངས་བྱེད་རོགས་ཞེས་བཤད། དེ་ནས་མི་དྲག་གིས་སོལ་སྲེག་བཟོ་པའི་ནག་རོག་གེའི་ལག་པ་ཆེན་པོ་དེ་འཇུས་པ་རེད།
སྐབས་འདིར་ཕའེ་ཏི་ཡང་ནའོ་པེ་སིའི་མདུན་དུ་ཡོང་ནས་ཕན་ཚུན་དམ་པོར་འཁྱུད་པ་རེད། ཁོ་གཉིས་ཀ་མཉམ་དུ་སྡོད་བཅུག་ཆོག་གམ་ཞེས་མི་དྲག་གིས་དགེ་རྒན་ལ་རེ་ཞུ་བྱས། དགེ་རྒན་གྱིས་ཁས་ལེན་སོང་། ཕའེ་ཏིའི་ཨ་ཕས་ཅི་ཞིག་དྲན་པ་ལྟར་མཉམ་གཤིབ་བྱས་ནས་སྡོད་བཞིན་པའི་ཕྲུ་གུ་གཉིས་ལ་བལྟས་ནས་མིག་ནང་དགའ་གཅེས་དང་གནོང་སེམས་ཀྱིས་ཁེངས་འདུག ཁོས་མཛུབ་མོ་སྤོམ་པོས་ནའོ་པེ་སིའི་ཐོད་པར་དལ་བུར་རེག་སྟེ་མི་དྲག་དང་མཉམ་དུ་སློབ་ཁང་ལས་ཐོན་པ་རེད།
དགེ་རྒན་གྱིས་སེམས་བཟང་ཚིག་ནན་གྱིས་ང་ཚོར་ཨ་ཕ་གཉིས་ཀྱི་བཟོད་སྒོམ་བྱས་ཚུལ་སེམས་སུ་ངེས་པར་གྱིས་ཤིག འདི་ནི་ཡིད་དབང་འཕྲོག་པའི་སློབ་ཁྲིད་ཐེངས་ཅིག་རེད་ཨང་ཞེས་བཤད་པ་རེད།
སློབ་གྲོགས་ཁའོ་ལེ་ཏི།
ངས་ཨ་མར་བརྩི་བཀུར་མེད་པའི་སྐད་ཆ་ཁ་ཤས་བཤད་པས་ཁོང་ཧ་ཅང་སེམས་ཕམ་པ་རེད། དེ་རིང་ཚང་མས་ང་ལ་དགོངས་དག་བྱེད་པ་ཡིན་མོད། འོན་ཀྱང་ང་རང་ད་དུང་སེམས་མུག་སྡུག་སྡུག་རེད། ཨ་མ་སེམས་ན་ནས་སྒོ་སྲུང་ལ་ང་ཁྲིད་ནས་སྒོ་རྒྱབ་ན་འཁྱམ་འཁྱམ་བྱེད་སར་མངགས།
ཁའོ་ལེ་ཏི། ཁྱོད་ཀྱིས་ཅི་བྱེད་ཀྱི་ཡོད། ང་རང་ཆུ་བོའི་ངོས་ནས་མདུན་དུ་འགྲོ་བའི་ཚེ་ཁའོ་ལེ་ཏི་འཕྲད་སོང་། ཁོས་ཕྲག་པའི་ཐོག་ལ་ཤིང་ལྗིད་པོ་ཞིག་ཁུར་བཞིན་དབོར་འདྲེན་བཟོ་པ་ཞིག་དང་མཚུངས།
ཁྱོད་ཀྱིས་མཐོང་མ་སོང་ངམ། ཁོས་ཕྱོགས་ཅིག་ནས་ཟོང་འཁོར་གྱི་ཐོག་ནས་མར་སྤྲད་པའི་ཤིང་ཚུར་བླངས་པ་དང་། ཕྱོགས་ཅིག་ནས་དགོད་འཛུམ་འཛུམ་གྱིས་ང་ལ་ངས་སློབ་ཚན་བསྐྱར་སྦྱོང་བྱེད་ཀྱི་ཡོད་ཅེས་ལན་བཏབ་པ་རེད། ང་རང་བསྲན་མ་ཐུབ་ནས་དགོད་མོ་ཤོར། ཁའོ་ལེ་ཏིས་ཀུ་རེ་བྱེད་པ་མ་རེད། ཁོས་ཤིང་ཆས་རྣམས་རང་ཁྱིམ་གྱི་ཚོང་ཁང་དུ་འདྲེན་ནས་གྲ་འགྲིག་པོར་སྤུངས་པ་དང་། ཁའི་ནང་ནས་ནན་ཏན་གྱིས་བྱ་ཚིག་བཤད་སྟངས་ཀྱི་འགྱུར་ལྡོག་སྟེ་བྱ་ཚིག་ནི་བྱ་སྤྱོད་བྱུང་བའི་འགྱུར་ལྡོག་བྱེད་པ་ལས་འགྱུར་ལྡོག་ཡོང་བ་ཞེས་འདོན་གྱི་ཡོད་པ་ངས་གསལ་པོར་ཐོས་ཤིང་ཁོས་བསྐྱར་སྦྱོང་བྱེད་བཞིན་པ་ནི་དེ་རིང་གི་ཧྥ་རན་སིའི་བརྡ་སྤྲོད་སློབ་ཚན་གྱི་ནང་དོན་རེད།
ཁོས་ཤིང་ཆས་ཚང་མ་ནང་ལ་སྤོས་རྗེས། ང་རང་ནང་དུ་འཁྱམ་སར་ཁྲིད། ཐབས་མི་འདུག ཨ་ཕ་ཕྱིར་སོང་ཚར། ཨ་མ་ན་ནས་མལ་ནང་ལྷུང་ཡོད། ལས་ཀ་འདི་དག་ངས་མ་འགུལ་རང་འགུལ་རེད། དེ་རིང་གི་བརྡ་སྤྲོད་ཇི་འདྲའི་དཀའ་མོ་རེད་ཨང་། ཇི་ལྟར་བློར་བཟུང་ཡང་བཟུང་ཐུབ་ཀྱི་མི་འདུག ང་དང་སྐད་ཆ་ཁ་ཤས་ལས་བཤད་ཁོམ་མེད་པར་ཁོས་ཡང་ཁ་ཕྱིར་འཁོར་ནས་ཟོང་འདྲེན་པའི་མི་ལ་དགོང་མོའི་ཆུ་ཚོད་བདུན་པར་ངའི་ཨ་ཕས་ཁྱོད་ལ་དངུལ་སྤྲད་རྒྱུ་རེད་ཅེས་བཤད།
ཟོང་འཁོར་བཏང་ནས་སོང་། ཁོས་ཡང་མཐའ་འཁོར་གྱི་ལོ་མ་རྙིང་པ་དང་ཤིང་ཧྲུག་གཙང་ཕྱགས་བྱེད་འགོ་བརྩམས་པ་རེད། དེ་རིང་ནི་ཆེས་བྲེལ་བ་ཆེ་བའི་ཉིན་ཞིག་ཡིན་ལ་ཁོམ་དལ་ཅུང་ཙམ་ཡང་མ་བྱུང་། ངས་དུས་ཚོད་སྐར་ཆ་གང་ཡིན་ཡང་བརྩོན་ལེན་བྱས་ནས་སློབ་ཚན་བསྐྱར་སྦྱོང་བྱེད་བསམ་ན་ཡང་གཤར་སྦྱོང་འགོ་ཚུགས་ཙམ་ནས་མགྲོན་པ་བསླེབས་བྱུང་། མགྲོན་པ་སོང་རྗེས་སྨྱུ་གུ་བཟུང་ནས་འབྲི་འགོ་ཚུགས་དུས་ཟོང་འཁོར་བསླེབས་བྱུང་། དེ་རིང་ང་རང་ཤིང་ཁྲོམ་དུ་ལན་གཉིས་བརྒྱུགས་པ་ཡིན། རྐང་པ་ཡང་སྦྲིད་བྱུང་ལ། ལག་པ་ཡང་སྲ་མོར་ཆགས་སོང་། གལ་སྲིད་རི་མོའི་སློབ་ཚན་ཡོད་ན་ངས་ཞབས་འདྲེན་ཞུ་ངེས་རེད་ཅེས་བཤད།
ཁྱོད་ཀྱིས་ལས་བྱ་གང་དུ་འབྲི་བ་ཡིན།
ངས་ཁྱོད་ཁྲིད་ནས་ལྟ་སར་འགྲོ
ཁོའི་ཁང་པའི་ནང་དུ་འགྲོ་དུས། ངས་ཇ་ཁང་དང་ཟ་ཁང་གཉིས་ཀ་ཡིན་པའི་ཁང་པ་ཆུང་ཆུང་ཞིག་མཐོང་བྱུང་། ཅོག་ཙེའི་ཐོག་དཔེ་ཆ་དང་ཟིན་དེབ། རྩོམ་ཡིག་ཟིན་བྲིས་བཅས་བཞག་འདུག
འདི་ན་རེད། ངས་ད་དུང་ཁ་བྱང་གཉིས་པ་ཡང་བྲིས་མ་ཚར། ཁོས་ལྕགས་སྨྱུག་བླངས་ནས་ནན་ཏན་གྱིས་འབྲི་བཞིན་པའི་ཚེ།
མི་ཡོད་དམ། ཕྱི་ལ་ཡང་ཤིང་ཉོ་མཁན་ཞིག་བསླེབས་བྱུང་། ཁའོ་ལེ་ཏི་བྱ་འཕུར་བ་ལྟར་ཕྱིར་བརྒྱུགས་ནས་ཤིང་རྒྱ་མར་འདེགས་པ་དང་། རྩིས་རྒྱག་ཅིང་ཐོ་འགོད་བྱས་པ་རེད། ཁོ་སླར་ནང་དུ་ལོག་པའི་ཚེ་ཁ་ནང་དུ་མུ་མཐུད་དེ་རྩོམ་ཡིག་བྲི་དགོས་ཤུགས་སྒྲིམ་ཞིག་ཅེས་འདོན་བཞིན་འདུག དམག་མིའི་རྒྱབ་ཁུར་གྱི་རྗེས་སུ་ཅི་ཞིག་འབྲི་དགོས་སམ་ཚ་མཚམས་དྲན་རྒྱུ་ཡང་མི་འདུག ཨ་ཡོ། ཁ་ཧྥེ་འཁོལ་སོང་། ཁོ་ཡང་ཐབ་ཀའི་མདུན་དུ་བརྒྱུགས་ནས་ཁ་ཧྥེའི་ཁེབས་མ་མར་བླངས་ཤིང་། འདི་ནི་ཨ་མའི་ཁ་ཧྥེ་རེད། ངས་ཁ་ཧྥེ་བཙོ་ཤེས་སོང་། ང་ཚོ་མཉམ་དུ་ཨ་མར་སྐྱེལ་སར་འགྲོ ཁོང་རང་ཧ་ཅང་དགའ་པོ་བྱེད་ངེས་རེད་ཅེས་བཤད་པ་རེད།
ཁའོ་ལེ་ཏིའི་ཨ་མ་ངང་རྒྱུད་འཇམ་ཞིང་ཉམ་ཞན་གྱི་སྒོ་ནས་མལ་ཁྲིའི་སྟེང་དུ་ཉལ་བཞིན་འདུག ཨ་མ། འདི་ནི་ངའི་སློབ་གྲོགས་ཨན་ལེ་ཁའོ་རེད། ཁྱོད་ཀྱི་སྨན་ད་དུང་ཡོད་དམ། ཤིང་ཆས་ངས་མར་ཕབ་ཟིན། ཤ་ཡང་ཁྲོ་ནང་དུ་བཞག་ཡོད། ཁྱོད་ཀྱིས་སེམས་ཁྲལ་མ་བྱེད། ཁྱོད་རང་ལ་ཁ་ཧྥེ་ཕྲན་བུ་བསྣན་དགོས་སམ།
ཨ་མས་ཕོར་པ་ཚུར་བླངས་ཤིང་། ནོར་བུ། ཁྱོད་ཀྱིས་བསམ་བློ་ཞིབ་ཚགས་གཏོང་འདུག ཨ་མ་ཡིད་མགུ་བའི་ངང་དགོད་སོང་། ཁྱོད་ང་ལྟ་རུ་ཡོང་བར་བཀའ་དྲིན་ཆེ། ཨན་ལེ་ཁའོ།
ངས་ཁའོ་ལེ་ཏིའི་ཨ་མ་དཀའ་ཉོབ་དོད་བཞིན་ཡོད་པ་མཐོང་ཞིང་ངེད་གཉིས་དལ་གྱིས་ཁང་པའི་ནང་ནས་ཕྱིར་ཡོང་བ་ཡིན། སྒོའི་ཕྱི་རོལ་དུ་ཡང་འབོད་སྐད་གྲག་བྱུང་། ཟོང་འཁོར་གྱིས་ཤིང་ཆས་སྐྱེལ་ཡོང་བ་འདྲ། ཨ་ཡོ། ཤིང་ཆས་ཡང་བསླེབས་བྱུང་། སང་ཞོགས་བྱ་སྐད་གཏོང་དུས་ནས་ང་རང་ཡར་ལངས་ནས་བརྡ་སྤྲོད་བསྐྱར་སྦྱོང་བྱ་དགོས། ཁྱོད་ལ་ཨ་ཡ་བྱེད་ལེ་མིན་ད། ཁའོ་ལེ་ཏི་ཕྱིར་རྒྱུག་ཅིང་ཁ་ཕྱིར་འཁོར་ནས་ཁྱོད་རང་སྐྱིད་པོ་རང་རེད་འདུག ལས་བྱ་བཟོ་རྒྱུའི་དུས་ཚོད་ཡོད་པས་མ་ཚད་འཁྱམ་འཁྱམ་འགྲོ་རྒྱུའི་དུས་ཚོད་ཀྱང་ཡོད་འདུག་ཅེས་བཤད།
ཁའོ་ལེ་ཏིའི་ངོ་གདོང་དམར་པོ་དང་བདེ་ལྕག་འཁྱུག་པོའི་འགུལ་སྐྱོད་ལ་ལྟ་བཞིན་ང་རང་གིས་ཁའོ་ལེ་ཏི། ཁྱོད་སློབ་སྦྱོང་ལ་ཧུར་བརྩོན་ཆེ་བས་མ་ཚད་ད་དུང་རང་ནུས་གང་ཡོད་ཀྱིས་ཕ་མར་རོགས་བྱས་ཏེ་ངལ་རྩོལ་རྒྱག་པ་རེད། ཁྱོད་རང་ང་ལས་ལྡབ་བརྒྱ་འགྱུར་བཟང་བ་དང་། དཔའ་ངར་ལྡབ་བརྒྱ་འགྱུར་ཆེ། ཁྱོད་རང་གཞི་ནས་བདེ་སྐྱིད་ལྡན་པའི་མི་ཞིག་རེད་ཨང་ཞེས་དབུགས་རིང་འབྱིན་པ་ཡིན།
རྩོམ་གསར། 10