དགའ་གཅེས་སློབ་གསོ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2018-01-15

ལེའུ་བཞི་པ།  ཟླ་བ་དང་པོ།

སི་ཏེ་ཏིའི་དཔེ་མཛོད་ཁང་།

 དེ་རིང་། སི་ཏེ་ཏིས་ང་ཁྲིད་ནས་ཁོའི་ཁྱིམ་དུ་འཁྱམ་སར་སོང་།  ཐེངས་དང་པོ་ཁོའི་དཔེ་མཛོད་ཁང་ཆུང་ཆུང་དེ་མཐོང་བས་སྤྲོ་སེམས་མི་ལངས་ཀ་མེད་དུ་གྱུར།

 སི་ཏེ་ཏིའི་ཁྱིམ་ཚང་ཕྱུག་པོ་མིན་པས་དཔེ་ཆ་དེ་འདྲ་མང་པོ་མེད་ན་ཡང་།  ཁོས་དཔེ་ཆ་ཉར་ཚགས་བྱ་རྒྱུར་ཧ་ཅང་དགའ་བ་རེད།  ལྟོས་དང་།  བྱིས་པའི་དུས་སུ་འདོན་མྱོང་པའི་རིས་དེབ་དང་།  ཆུང་དུས་ཀྱི་སློབ་དེབ།  གཉེན་ཉེ་བ་དང་གྲོགས་པོ་ཚོས་བྱིན་པའི་དཔེ་ཆ་ཐམས་ཅད་ཁོས་ཉར་ཚགས་ཡག་པོ་བྱས་ཡོད་པ་རེད།  ཕ་མས་ནམ་རྒྱུན་བྱིན་པའི་རྩིག་དངུལ་ཡང་ཚང་མས་ཀྱང་དཔེ་ཆ་ཉོས་པས།  ཨ་ཕས་ཁོས་དཔེ་ཆ་ལ་འདི་འདྲའི་དགའ་པོ་བྱེད་བཞིན་ཡོད་པ་མཐོང་དུས་ཁོ་ལ་སྟར་ཤིང་གི་དཔེ་ཁྲི་མཛེས་ཅན་ཞིག་སྤྲད་པས་མ་ཚད།  ད་དུང་ཁོ་ལ་བུ།  ཁྱོད་རང་འབྱུང་འགྱུར་གོ་ཆོད་ངེས་རེད་ཅེས་སྐུལ་ལྕག་བྱས།

 དཔེ་ཁྲི་རིམ་པ་གསུམ་དུ་བགོས་ཤིང་སྟེང་ལ་སེང་ཡོལ་སྔོ་སྐྱ་ཞིག་དཔྱངས་འདུག  གལ་ཏེ་ཡོལ་བ་ཕར་འཐེན་པ་ཡིན་ན་གར་སྟེགས་ཆེན་པོ་ཞིག་གི་ནང་དུ་བསླེབས་པ་ལྟར་ཚོན་མདངས་རྣམ་ལྔ་བཀྲ་ཞིང་གྲལ་བསྟར་བསྒྲིགས་པའི་དཔེ་ཆ་མིག་ལམ་དུ་ཁྲ་ལམ་མེར་མངོན་པ་རེད།

 དཔེ་མཛོད་ཁང་ནང་དུ་དཔེ་ཆ་ཕུན་སུམ་ཚོགས་པོ་འདུག   གཏམ་རྒྱུད་དང་།   ཡུལ་སྐོར་ལམ་ཡིག  སྙན་ངག་གཅེས་བཏུས།  རིས་དེབ་སོགས་ཧ་ཅང་མང་།  སི་ཏེ་ཏིས་དཔེ་ཆ་སྣ་ཚོགས་སྡེབ་སྦྱོར་གང་འཚམས་བྱེད་པར་ཇུས་འགོད་བྱས་ཤིང་།  ཁོས་དཔེ་ཆ་ངོས་དཀར་པོ་རྣམས་དམར་པོའི་ཟུར་དུ་བཞག་པ་དང་།  དཔེ་ཆ་སེར་པོ་རྣམས་ནག་པོའི་ཟུར་དུ་བཞག་ཅིང་།  དཔེ་ཆ་སྔོ་སྐྱ་རྣམས་དཀར་པོའི་ཕྱོགས་སུ་བཞག་པར་ཧ་ཅང་དགའ་པོ་ཡོད། རྒྱང་རིང་དུ་བལྟས་པ་ཡིན་ན་མཛེས་སྡུག་ལྡན་པའི་མཛེས་ལྗོངས་རི་མོ་ཞིག་དང་ཀུན་ནས་མཚུངས་སོ༎

 སི་ཏེ་ཏིས་རིག་པ་བསྒྲིམས་ནས་དཔེ་ཆའི་དཀར་ཆག་ཞིབ་ཚགས་ཤིག་སྒྲིག་བཟོ་བྱས་ཤིང་དཔེ་ཆ་དོ་དམ་པ་ངོ་མ་དང་འདྲ་བར་རང་གི་ནོར་བུ་དེ་ཚོར་ལྟ་རྟོག་བྱེད་བཞིན་མཆིས།  ཁོམ་སྐབས་ཡོད་དུས་ཁོས་རང་གི་དཔེ་ཆར་དམིགས་ནས་ཞིབ་ལྟ་བྱས་ཏེ་རང་གི་དགའ་མོས་ལྟར་དཔེ་ཆའི་གོ་རིམ་སྒྲིག་པ་དང་། ཡང་ན་དཔེ་ཆའི་ཐོག་གི་ཐལ་རྡུལ་ཞིབ་མོ་རྣམས་རྡེབ་པ་རེད།  དུས་ཡུན་ཁ་ཤས་འགོར་རྗེས་ཁོས་དཔེ་ཆའི་ཁ་སེམས་ཆུང་གིས་ཕྱེ་ནས་དེའི་ནང་གི་འཚེམ་གྲུབ་ལྷོད་མིན་བཅས་ལ་ལྟ་ཞིང་དུས་ཐོག་བཟོ་བཅོས་བྱས་པ་རེད།  ངས་ཆེས་ཡ་མཚན་པའི་སྒོ་ནས་ངའི་ཁོ་དང་དུས་མཉམ་དབང་བའི་དཔེ་ཆ་དག་རྙིང་པར་གྱུར་འདུག་པ་དང་།  ཁོའི་དཔེ་ཆ་ད་དུང་སོ་མ་ཉོ་བ་ལྟ་བུ་གསར་པ་རེད་འདུག་པ་ཤེས་བྱུང་། 

 ཨེ། ཅིའི་ཕྱིར་ངའི་དཔེ་ཆ་ནམ་ཡིན་ཡང་ལྟེབ་རིས་དོད་ཅིང་མདོག་ངན་ཞིག་ཏུ་འགྱུར་སླ་བ་རེད་ཨང་།

 དེ་ནི་ཁྱོད་ཀྱིས་ཁོ་ཚོར་བདག་གཉེར་ཡག་པོ་མ་སྤྲད་ཅིང་གཟབ་གཟབ་གཏན་ནས་མ་བྱེད་པ་རེད་ཅེས་སི་ཏེ་ཏིས་དཔེ་ཆ་ཡར་བླངས་ནས་དལ་བུར་དེའི་ཕྱི་སྐོགས་ལ་རེག་ནས་སེམས་ཆུང་གིས་དཔེ་ཁྲིའི་ནང་དུ་བཞག་ནས།  ལྟོས་དང་།   ཁོ་ཚོར་ཧམ་སྤྱོད་ཚ་པོ་བྱ་རྒྱུ་ཡོད་མ་རེད་ད་ཞེས་ཟེར།

 ང་ཚོ་མཉམ་དུ་དཔེ་ཆ་ལྟ་བའི་ཚེ་ཁོས་སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་ཞིག་པང་བཞིན་པ་དང་འདྲ་བར་མཛུབ་མོ་ཐུང་ཐུང་དེ་དལ་བུར་ཤོག་ངོས་སུ་བཤུད་ཅིང་བློ་གཅིག་སེམས་གཅིག་གིས་དེའི་ཐོག་གི་ཡིག་འབྲུ་རེ་རེ་བཞིན་ཀློག་པ་རེད།   ང་རང་ཁོའི་ཁྱིམ་དུ་ཆུ་ཚོད་གཅིག་ལྷག་བསྡད་ན་ཡང་།   ཁོས་དཔེ་ཆ་ལས་གཞན་པ་གང་ཡང་ང་ལ་བསྟན་མ་སོང་།  ངས་དཔེ་ཆ་དང་འགྲོགས་རྒྱུ་ནི་ཁོའི་ཆེས་ཆེ་བའི་དགའ་བ་ཡིན་རྒྱུ་རེད་སྙམ་བྱུང་། 

 ཁྱིམ་དུ་བསླེབས་ཚེ་ཨ་ཕས་ང་ལ་སི་ཏེ་ཏི་བལྟས་ཚོད་ལ་སྤྱང་པོ་མེད་པ་འདྲ་ཞིང་བྱ་སྤྱོད་ཀྱང་བག་ཆགས་པོ་རང་མེད་ལ།  བཟོ་ལྟ་ཡང་མི་དཀྱུས་མ་ཞིག་དང་ཁྱད་པར་གང་ཡང་མེད་མོད།  འོན་ཀྱང་གང་ཡིན་མི་ཤེས་པར་ངས་ཁོ་རང་ཐུན་མོང་མ་ཡིན་པ་ཞིག་ཡིན་མདོག་ཤར་གྱི་འདུག  ཁོའི་ལུས་ཐོག་ལ་ངས་སློབ་སྦྱོང་བྱེད་པའི་ཡིད་འགུགས་ནུས་པ་ཞིག་འདུག་ཅེས་བཤད་པ་རེད།

 དེ་ནི་ཁོས་མི་རྣམས་ལ་ཧ་ཅང་དྲང་བདེན་ཡིན་པས་ཨེ་ཡིན་ཞེས་ཨ་ཕས་ལག་པ་ངའི་ཕྲག་ཐོག་ཏུ་བཞག་ནས་དགོད་བཞིན་དེ་ལྟར་བཤད།

 རེད་དེ། ངོ་མ་ཡ་མཚན་པ་ཞིག་རེད།  ང་རང་ཁོའི་ཁྱིམ་དུ་སོང་བ་ཡིན་ན་ཁོས་སྐད་ཆ་མང་པོ་མི་བཤད་ཅིང་ང་རང་ལ་རྩེད་ཆས་ཀྱང་མི་སྦྱིན།  ཡིན་ན་ཡང་ང་རང་ཁོའི་ཁྱིམ་དུ་འགྲོ་རྒྱུ་ཧ་ཅང་དགའ་ཞིང་ཁོ་དང་མཉམ་དུ་འགྲོགས་འདོད་ཀྱང་ཡོད།

 དེ་ནི་ཁྱོད་ཀྱིས་ཁོ་དཔེ་མི་སྲིད་པ་ཞིག་རྩིས་ཀྱིན་ཡོད་པས་རེད་ཅེས་ཨ་ཕས་འཛུམ་དམུལ་ལེར་བྱས་ནས་སི་ཏེ་ཏི་ནི་འགྲོགས་ཆོག་པའི་ཕྲུ་གུ་བཟང་པོ་ཞིག་རེད་ཅེས་བཤད།  

ལྕགས་མགར་གྱི་བུ།

 པའོ་ལེ་ཁའོ་ཞི་ནི་ལྕགས་མགར་གྱི་བུ་རེད།  ཁོའི་ལུས་པོ་ཧ་ཅང་རིད་ཅིང་ངོ་མདོག་སྐྱ་ཐལ་ཅན་ཡིན་ལ།  མིག་ནང་དུ་སེམས་སྡུག་ཆེན་པོས་ཁེངས་བཞིན་ཡོད།  ངོ་མ་ཤ་ཚ་བའི་རྩྭ་འཇག་མ་རྐང་གཅིག་དང་ཡོངས་སུ་མཚུངས།  ཁོས་མི་ལ་ཞི་འཇམ་ལྡན་ཞིང་འགལ་བ་ཅི་ཞིག་བྱུང་ན་ཡང་ཨང་དང་པོར་དགོངས་པ་མ་ཚོམས།  ངར་དགོངས་དག་བྱེད་རོགས་ཞེས་བཤད་པ་རེད།  ཁོས་སློབ་སྦྱོང་བྱ་རྒྱུར་ཧ་ཅང་དགའ་ཞིང་འཛིན་གྲྭའི་ནང་གི་ཕུལ་བྱུང་སློབ་མ་ཨང་གཅིག་ཨང་གཉིས་ཡིན།

 ལྕགས་མགར་གྱི་གཤིས་རྒྱུད་དྲག་རྩུབ་ཆེ་ཞིང་ཆང་གིས་བཟི་ཕྱིན་དོན་མེད་དུ་བུར་རྡུང་རྡེག་གཏོང་བ་དང་། ཡང་ན་ཁོའི་དཔེ་ཆ་དང་ཟིན་དེབ་ག་ས་ག་ལ་དབྱུག་པ་རེད།  སློབ་གྲོགས་ཚོས་ནམ་རྒྱུན་པའོ་ལེ་ཁའོ་ཞིའི་ལུས་ཐོག་ལ་རྨས་རྗེས་སྔོན་སྨུག་མཐོང་ཐུབ་ཀྱིན་ཡོད་ལ།  མིག་ཀྱང་སྐྲང་ནས་སྟར་ཀ་ལྟ་བུ་གྱུར་པའམ་མཐོང་།  སློབ་གྲོགས་ཚོས་ཡི་མི་རང་ནས་ཁོའི་ཨ་ཕར་སྨོད་བཤད་བྱེད་པའི་ཚེ་ཁོས་དེ་མུར་ཁས་ལེན་མི་བྱེད་ཅིང་ངའི་ཨ་ཕས་ང་རྡུང་མེད།  ང་རང་གིས་ཡིད་འཇོག་མ་བྱས་ནས་འགྱེལ་པ་རེད་ཅེས་དག་སེལ་བྱས་པ་རེད།

 ཉིན་ཞིག  དགེ་རྒན་གྱིས་ཁོའི་རྩོམ་ཡིག་འབྲི་དེབ་མེས་ཕྱེད་ཚིག་བྱེད་པ་མཐོང་ནས་དེ་མ་ཐག་རྒྱུ་མཚན་དྲིས་པས།  པའོ་ལེ་ཁའོ་ཞིས་རང་ཉིད་ཀྱིས་ཡིད་གཟབ་མ་བྱས་ནས་མེ་ནང་དུ་ཤོར་བ་རེད་ཅེས་གསལ་བཤད་བྱས་ཀྱང་།  དོན་དངོས་སུ་ལྕགས་མགར་ཆང་གིས་བཟི་ནས་ཚུར་ལོག་དུས་སྣུམ་སྒྲོན་རྡོག་པས་བརྒྱབ་ནས་བཟོས་པ་རེད།

 ནུབ་ཅིག་ཨ་ཅེ་ཞུའེ་ཨེར་ཝེས་མི་ཞིག་བར་འཁྱམས་སུ་སྐད་ཆེན་པོས་ངུ་བཞིན་ཡོད་པ་ཐོས་ནས་མགྱོགས་པར་ཕྱིར་རྒྱུགས་ནས་ལྟ་བའི་ཚེ།  པའོ་ལེ་ཁའོ་ཞི་ལུས་ཡོངས་ཀྱི་རྒྱུས་པ་འཁུམས་ནས་ས་ཐོག་འགྱེལ་འདུག་པ་མཐོང་།  མ་གཞིར་པའོ་ལེ་ཁའོ་ཞིས་ལྕགས་འགར་སར་སོང་ནས་དངུལ་བསླངས་ཏེ་བརྡ་སྤྲོད་དཔེ་ཆ་ཉོ་འདོད་ཀྱང་ཁོའི་ར་བཟི་བའི་ཨ་ཕས་ཁང་ཐོག་ནས་རྡོག་ཐོ་བརྒྱབ་སྟེ་འཕངས་པས་རྨས་སྐྱོན་ཆེན་པོ་ཕོག་པ་རེད།

 ལྕགས་འགར་གྱིས་ཆང་འཐུང་རྒྱུར་ཧ་ཅང་དགའ་ཞིང་ཉིན་རྟག་པར་ར་བཟི་ཡང་།  ཁྱིམ་མི་རྣམས་ལ་བག་སོབ་ཉོ་བྱེད་ཀྱི་དངུལ་ཁུར་མི་ཡོང་ཞིང་། སྙིང་རྗེ་བའི་པའོ་ལེ་ཁའོ་ཞིས་དུས་ནམ་ཡང་སྡུག་སྐད་མི་རྒྱག་ཅིང་ཕོ་བ་ལྟོགས་ནས་སློབ་གྲྭར་སོང་བ་རེད།

 ཁ་ལུང་ནི་སེམས་བཟང་ཞིག་ཡིན་པས་ལྐོག་ཏུ་པའོ་ལེ་ཁའོ་ཞིར་བག་སོབ་ཁུར་ནས་ཁོ་ལྟོགས་དུས་ཁམ་གང་དོ་ཟ་ཆོག་གི་ཡོད་ཀྱང་། ཁ་ལུང་གིས་གནས་ཚུལ་དྲི་བ་ལ་ཡང་པའོ་ལེ་ཁའོ་ཞིས་མཐའ་གཅིག་ཏུ་ཨ་ཕས་ཟས་མི་སྦྱིན་པའི་གཏམ་ཅིས་ཀྱང་མི་བཤད་ནས་ལྕགས་མགར་གྱི་ལ་རྒྱ་སྲུང་བ་རེད།  ཐེངས་འགའ་ཞིག་ལྕགས་འགར་ཕྱད་ཕྱོད་ངང་སློབ་གྲྭར་བསླེབས་པའི་ཚེ།  པའོ་ལེ་ཁའོ་ཞིས་ཁོ་མཐོང་མ་ཐག་སྐྲག་ནས་ལུས་ཡོངས་འདར་ཀྱང་ད་དུང་དགོད་འཛུམ་འཛུམ་ངང་ཡར་རྒྱུགས་ནས་བརྩེ་བ་ཆེན་པོས་ཨ་ཕ་འབོད་མོད།  ཡིན་ན་ཡང་འགན་འཁྲི་མེད་པའི་ཨ་ཕའི་མིག་ལམ་དུ་རང་གི་བུ་གཏན་ནས་མི་མཐོང་ཞིང་ཁོང་ཁྲོ་ཆེན་པོ་མདུན་དུ་འགྲོ་ཞིང་སྐད་ཆ་གང་ཡང་མི་བཤད་པ་རེད།

 པའོ་ལེ་ཁའོ་ཞི་ངོ་མ་སྙིང་རྗེ་བ་ཞིག་རེད་ཨང་།  ཁོས་ཕོག་ཐུག་དེ་འདྲ་མང་པོ་མྱོང་རྗེས་ཧྲལ་ཟིན་པའི་ཟིན་དེབ་ལྷན་པ་མི་རྒྱག་ཐབས་མེད་ཅིང་།  ཡང་ན་མི་གཞན་པའི་ས་ནས་དཔེ་ཆ་གཡོར་ཏེ་སློབ་ཚན་སྦྱོང་བ་རེད།   ཁོའི་གོས་ཧ་ཅང་རྙིང་ཞིང་རྒྱབ་གོས་ཀྱི་རལ་ཁར་བཅུར་ཁབ་ཀྱིས་བཅུར་བ་དང་།  དོར་མ་རིང་དྲགས་པས་སར་འདྲུད་འདུག  མདོག་ངན་ཞིང་ལྗིད་པའི་ལྷམ་ཆེན་ནམ་རྒྱུན་རྐང་པ་ལས་ཕྱིར་ལྷུང་ཞིང་བལྟས་པ་ཙམ་གྱིས་གད་སྙིགས་ནས་བསྡུ་ཡོང་བ་ཡིན་པ་ཤེས་ཐུབ།  དེ་ལྟར་ཡིན་མོད་ཁོས་ད་དུང་སློབ་སྦྱོང་ལ་བརྩོན་འགྲུས་བྱས་ཤིང་ལེ་འདེད་ཅུང་ཟད་ཙམ་ཡང་མི་བྱེད་པ་རེད།  ངས་དུས་རྒྱུན་དུ་གལ་སྲིད་ཁོ་ལ་ཁྱིམ་དུ་ཅ་སུན་པོ་བཟོ་མཁན་མེད་པར་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན།  སྦྱངས་འབྲས་དེ་བས་ཡག་པོ་ཡིན་ངེས་ཞེས་སྙམ་གྱི་ཡོད།

 དེ་རིང་ཞོགས་པར།  ང་ཚོས་པའོ་ལེ་ཁའོ་ཞིའི་ངོ་གདོང་དུ་སླར་ཡང་སྦར་རྗེས་དམར་ཞིང་ཟབ་པ་ཞིག་མཐོང་བས་ཁྲོ་བ་མ་བཟོད་ནས།  སློབ་གྲོགས་ཤིག་གིས་ཡང་ཁྱོད་རང་གི་ཨ་ཕ་རེད་པཱ།  ད་ཡང་ཁྱོད་ཀྱིས་ཁོར་སྲུང་སྐྱོང་བྱེད་འདོད་པ་ཨེ་ཡིན།  ཁྱོད་ཀྱིས་སློབ་གཙོ་ལ་བཤད་དགོས།  ཁོང་གིས་ཁྱོད་ལ་རོགས་བྱས་ནས་ཐག་གཅོད་བྱ་རྒྱུ་རེད་ཅེས་བཤད།

 པའོ་ལེ་ཁའོ་ཞི་གློ་བུར་དུ་འདུག་སྟེགས་ནས་ཡར་འཕར་ཞིང་ངོ་གདོང་དམར་པོར་གྱུར་བ་དང་།  མཆུ་ཏོ་འགུལ་ཙམ་བྱས་ཏེ་འདི་ནི་ངོ་མ་མ་རེད།  ངའི་ཨ་ཕས་ནམ་ཡང་ང་རང་རྡུང་གི་མེད་ཅེས་བློ་ཐག་རྦད་གཅོད་ཀྱིས་དེ་ལྟར་བཤད་མཚམས་འཇོག་པ་དང་མིག་ཆུ་ཐག་ཐག་ཙོག་ཙེའི་ཐོག་ལྷུང་།   ང་ཚོས་སྐད་ཆ་བཤད་མི་ཕོད་ཅིང་སེམས་ནང་དུ་ཁོ་ནི་བསམ་པ་ཆེས་བཟང་ཞིང་ཆེས་ཤ་ཚ་བ་ཞིག་རེད་སྙམ་བྱུང་།

 ངའི་ཀླད་པའི་ནང་ཐེ་ཚོམ་གྱིས་གང་ཞིང་ལྕགས་མགར་ཨ་ཕས་ཕྲུ་གུ་འདི་འདྲ་བཟང་པོར་སེམས་སྡུག་སྟེར་ཕོད་ཀྱི་བྲ་ཨང་།  ངས་ཇི་ལྟར་བྱས་ན་གཞི་ནས་ཁོར་དགའ་སྤྲོ་ཅུང་ཟད་སྐྱེ་ཐུབ་ཀྱི་རེད་ཨང་།   

ཝུའུ་ལན་ཏི་སློབ་བྱོལ་བྱེད་པ།

 སློབ་གྲོགས་ཚང་མའི་ནང་དུ།  ངས་ཆེས་མི་དགའ་བ་ནི་ཝུའུ་ལན་ཏི་ཡིན།  ཁོ་ནི་མི་ཡ་མཚན་ཅན་ཞིག་ཡིན་ལ་དུས་ནམ་ཡང་རང་གི་བྱ་ངན་ལ་ཁྲེལ་གཏན་ནས་མི་ཤེས་ཤིང་།  མི་ལ་དགའ་སྤྲོ་སྐྱེ་བའི་དོན་དག་སྣ་གཅིག་ཀྱང་མི་སྒྲུབ་པ་རེད།   ཁྱིམ་བདག་ཚོ་སློབ་གྲྭར་ཡོང་ནས་ཕྲུ་གུ་ཚོར་བཀའ་བཀྱོན་པའི་ཚེ་ཁོས་ཟུར་དུ་ལངས་ནས་ལྷག་མ་བཏགས་པ་དང་།  མི་གཞན་པར་ཆད་པ་ནན་མོར་ཕོག་པའི་ཚེ་ཁོ་དགའ་ནས་ཅི་དགོས་མི་ཤེས་པར་གྱུར།

 ཝུའུ་ལན་ཏི་བཙན་པོར་སྐྲག་ཅིང་ཉམ་ཆུང་ལ་ཞན་ཐུབ་བྱེད་པ་དང་།  ཁ་ལུང་གི་མདུན་དུ་བྱི་བ་ལས་སྙིང་ཆུང་ལ།  རྐྱ་ཞན་རྡོ་བཟོ་ཆུང་ཆུང་དང་ལག་པ་ཅིག་ལ་རྨས་སྐྱོན་ཡོད་པའི་ཁའེ་ལའོ་ཞིའི་མདུན་དུ་རྔམ་རྔམ་རྫིག་རྫིག་ཡིན་ཞིང་ཁོ་ཚོ་རྐང་འོག་ཏུ་བརྫིས་ན་གཞི་ནས་སྙིང་ཚིམས་པ་འདྲ།   ཚང་མས་གུས་བཀུར་བྱེད་པའི་པའོ་ལེ་ཁའོ་ཞི་ལ་ཁོས་ལྟ་ཙམ་ཡང་མི་བྱེད་ཅིང་ལྷག་པར་དུ་ཕྲུ་གུའི་སྲོག་བསྐྱབས་ནས་རྨས་སྐྱོན་ཕོག་པའི་ལའོ་པེ་ཏི་ལ་འཕྱ་སྨོད་བྱས་པ་རེད།

 ཆེས་ཐལ་དྲགས་པ་ནི་ཝུའུ་ལན་ཏིས་སུན་སྣང་གཏན་ནས་མེད་པར་རང་ལས་ཆུང་བའི་ཕྲུ་གུ་ཚོར་བརྙས་ཚོད་བཏང་ནས་ངེས་པར་དུ་མི་གཞན་དག་ཁ་ཤོར་སྣ་རལ་མི་བཟོ་ན་བློ་མི་བདེ་བ་རེད།

 ཝུའུ་ལན་ཏི་སུ་ལ་ཡང་མི་སྐྲག་པ་ཞིང་དགེ་རྒན་ཡང་མིག་སྣང་དུ་མི་འཇོག་ཅིང་ནམ་ཡིན་ཡང་ཨ་ལ་པ་ལའི་བཟོ་ལྟ་ཞིག་ལས་མེད།  ཁོས་དུས་རྒྱུན་བྱ་ངན་རྩག་རྩིག་བསྒྲུབ་རྒྱུར་ཧ་ཅང་དགའ་ཞིང་མི་གཞན་པའི་ཅ་ལག་བརྐུས་ཟིན་ན་ཡང་སྐྱོན་མེད་ཉེས་མེད་ཀྱི་རྣམ་པ་ཞིག་བརྫུས་ཐུབ།  ཚང་མས་མི་དགའ་བའི་རྐྱེན་གྱིས་ཁོས་རང་འགུལ་གྱིས་མི་རྣམས་དང་ཁ་རྩོད་བྱེད་པ་དང་། ཡང་ན་ཁབ་མགོས་དོགས་ཟོན་མེད་པའི་སློབ་གྲོགས་ལ་བསྣུན་པ་རེད།

 ཝུའུ་ལན་ཏིའི་དཔེ་དེབ་དང་ཡིག་ཆས་ཧྲལ་ཧྲུལ་དུ་གྱུར་ཞིང་བཙོག་ཅིང་རྙིང་པ་ཡིན།  ཟུར་གསུམ་འཇལ་ཆས་ཀྱང་ཆག་ཚར་བ་རེད།   ཁོས་ལག་པའི་མཛུབ་མོར་སོ་བཏབ་པར་དགའ་ཞིང་སེན་མོ་ཚང་མ་གྲ་མི་སྙོམས་ལ།  ལྕགས་སྨྱུག་གི་ཐོག་ལ་ཡང་སོ་རྗེས་ཟབ་མོ་དང་ཡང་མོས་གང་བཞིན་མཆིས།  ཁོའི་གོས་ལ་སྣུམ་དྲེག་འགོས་ཤིང་གང་སར་མི་ཚོ་དང་རྒྱག་རེས་བརྒྱབ་ནས་ཧྲལ་པའི་ཨི་ཁུང་རེད།  ཁོའི་ཨ་མ་གོ་མི་ཆོད་པའི་བུའི་རྐྱེན་གྱིས་ནད་ཚབས་ཆེན་ཕོག་པ་དང་། ཨ་ཕ་ཁོང་ཁྲོ་ལངས་ནས་ཁོ་ཁྱིམ་ནས་ཕྱིར་ཕུད་ལན་གསུམ་བྱས་པ་རེད།

 རྒྱུ་མཚན་གང་ཡིན་མི་ཤེས་པར་ཝུའུ་ལན་ཏིས་སློབ་གྲྭ་དང་སློབ་གྲོགས།   དགེ་རྒན་བཅས་ལ་ཞེ་སྡང་ཆེན་པོ་སྐྱེས་ཤིང་བློ་གཅིག་སེམས་གཅིག་གིས་ཚང་མ་དང་ཁ་གཏད་བྱས་པ་རེད།   དགེ་རྒན་གྱིས་ཐབས་བྱས་ནས་ཁོར་རོགས་རམ་བྱས་ཀྱང་ཕན་འབྲས་གང་ཡང་མ་ཐོབ།  དགེ་རྒན་གྱི་བསླབ་བྱ་ཁོས་རྡུལ་ཙམ་ཡང་ཉན་ལོང་མེད་པས་མ་ཚད་དགེ་རྒན་ཚོ་གླེན་ལྐུགས་རེད་ཅེས་ཟུར་ཟ་བྱས།  དགེ་རྒན་གྱིས་ཆད་གཅོད་ནན་མོར་བྱེད་པ་དང་ཐུག་པའི་ཚེ་ཁོས་ལག་པས་ངོ་བཀབ་ནས་ངུ་ཁུལ་བྱས་མོད། དོན་ངོ་མ་ལྐོག་ཏུ་དགོད་ཀྱི་ཡོད་པ་རེད།  སློབ་གྲྭས་ཁོར་ཉིན་གསུམ་སློབ་མཚམས་འཇོག་པའི་བཀའ་ཕབ་ན་ཡང་ཁོ་ཕྱིར་ལོག་རྗེས་སྔར་ལས་ཀྱང་གཏུམ་དྲག་ཆེ་ཞིང་གཡོ་སྒྱུ་ཅན་ཞིག་ཏུ་གྱུར་འདུག

 ཉིན་ཞིག་ཏའེ་ལའོ་ཞིས་སེམས་ཀྱིས་མ་བཟོད་ནས་ལྐོག་ཏུ་ཁོ་ལ་ཁྱོད་ཀྱིས་ད་མཚམས་འཇོག་བྱོས་དང་།  དགེ་རྒན་དོགས་མི་བདེ་བ་ཅི་འདྲ་རེད་འདུག་ཅེས་བཤད་ཀྱང་ཁོས་དང་ལེན་བྱ་རྒྱུ་ཕར་ཞོག   ཁོང་ཁྲོ་ཆེན་པོས་ཟུར་དུ་སོང་།  ངས་ལྕགས་འཛེར་གྱིས་ཁྱོད་ཀྱི་ཕོ་གྲོད་མི་འབིགས་རི་ཞེས་འཇིགས་སྐུལ་བྱས།

 དེ་རིང་སྔ་དྲོར།  ཝུའུ་ལན་ཏི་ངོ་མ་ཕྱིར་ཕུད་གཏོང་སོང་།  ཁྱོད་ཀྱིས་ཅི་ཞིག་ཡིན་པ་ཤེས་སམ།  ཁོས་སློབ་ཁྲིད་བྱེད་པའི་ཚེ་ཤོག་སྦག་སྦར་བ་རེད།  རྣ་ཅོག་གས་ལ་ཁད་པའི་སྐད་སྒྲ་སློབ་ཁང་ནང་དུ་ཁྱབ་པས་ཚང་མས་ཅི་དགོས་མི་ཤེས་པར་གྱུར་ཞིང་དགེ་རྒན་སྐྲག་ཐག་ཆོད་དེ་ཝུའུ་ལན་ཏི། ཕྱིར་སོང་ཞེས་བཀའ་གནང་བྱུང་།

 ང་མིན།  ཝུའུ་ལན་ཏི་ངན་དགའ་བྱས་ཏེ་རང་གི་སྐྱོན་ཆ་གཏན་ནས་ངོས་ལེན་མི་བྱེད།

  ཕྱིར་སོང་།  དགེ་རྒན་ཁོང་ཁྲོ་ལངས་ཤིང་ཡང་ཡང་བཤད།

 ཕྱིར་འགྲོ་ལེ་མིན།  ཝུའུ་ལན་ཏིས་བསྙོན་དོར་ནས་མུ་མཐུད་དེ་ངོ་རྒོལ་བྱེད།

 དགེ་རྒན་གྱིས་བཟོད་ཐབས་བྲལ་ནས་མདའ་འཕངས་པ་ལྟར་ཕར་འཕུར་ནས་ཁོའི་དཔུང་པ་ནས་བཟུང་སྟེ་འདུག་སྟེགས་ལས་འཇུས་ནས་ཁུར་སོང་།  ཝུའུ་ལན་ཏིས་རྐང་པ་གཡུགས་ན་ཡང་དགེ་རྒན་གྱིས་བཙན་ཤེད་ཀྱིས་ཕྱིར་འདྲུད་ནས་སློབ་གཙོའི་གཞུང་ལས་ཁང་དུ་ཁྲིད་པ་རེད།

 དགེ་རྒན་སློབ་ཁང་དུ་ལོག་རྗེས།  ཐོད་པའི་གཉེར་རིས་དེ་བས་མང་པོར་སོང་བ་འདྲ།  ཁོང་གིས་ལག་ཟུང་གིས་མགོ་བོར་བཀབ་སྟེ་ལོ་སུམ་ཅུ་རེད་སོང་། ངས་ཐེངས་དང་པོར་འདི་འདྲའི་སློབ་མར་ཐུག་སོང་། ཧ་ཅང་འཇིགས་སུ་རུང་བ་ཞིག་རེད་ཅེས་ཤབ་ཤུབ་བྱས།

 ང་ཚོ་ཁུར་སིམ་མེར་གྱུར་ཞིང་སྐྱོ་སྡུག་གིས་མནར་བའི་དགེ་རྒན་ལ་སེམས་གསོ་ཇི་ལྟར་བྱེད་དགོས་པ་མི་ཤེས།  གློ་བུར་དུ་ཏའེ་ལའོ་ཞི་ཡར་ལངས་ནས།  དགེ་རྒན། ང་ཚོ་ཚང་མས་ཁྱོད་ལ་དགའ། ཁྱེད་རང་སེམས་པ་མ་སྡུག་ཅིག་ཅེས་བཤད་པ་རེད།

 དགེ་རྒན་ཞི་འཇགས་སུ་སོང་ཞིང་སྐད་ཤུགས་ཆེན་པོས་འགྲིག་གི   ཕྲུ་གུ་ཚོ།  ང་ཚོས་མུ་མཐུད་དེ་སློབ་ཁྲིད་བྱེད།   ཐམས་ཅད་ཚར་སོང་བ་རེད་ཅེས་བཤད།  

ཟླ་རེའི་གཏམ་རྒྱུད། ན་ཆུང་རྔ་རྡུང་པ།

  1848ལོའི་ཟླ་བ7པའི་ཚེས24ཉིན།  དབྱི་ཐ་ལི་དམག་ཚོགས་ཀྱིས་བཀའ་དང་ལེན་བྱས་ནས་མཐོ་ས་ཆེ་གེ་མོ་ཞིག་གི་ཁང་སྟོང་ཞིག་བཟུང་འགན་ཁུར།  ཁོ་ཚོ་དམིགས་ཡུལ་དང་ཐག་ཉེར་བསླེབས་པའི་ཚེ་གློ་བུར་དུ་ཨའོ་ཏི་ལིའི་བརྒྱ་ཤོག་གཉིས་ཀྱི་དམག་མིས་རུབ་རྒོལ་བྱེད་པ་དང་ཐུག་ཅིང་ཁང་སྟོང་དུ་ཕྱིར་མི་བྱོལ་ཐབས་མེད་པ་རེད།  ཁོ་ཚོས་ཁང་ཐོག་སོང་ཞིང་སྒེའུ་ཁུང་ནས་མེ་མདའ་རྒྱག་པ་དང་།  དབྱི་དམག་གི་བཀོད་འདོམས་པ་ནི་ལོ་ན་བཞི་བཅུ་ལྷག་སོན་པའི་གཟུགས་རིང་ཏ་ཝུའུ་རེད།  ཁོས་མཚམས་མཚམས་སུ་འཕྲལ་ཐག་འཕྲལ་གཅོད་ཀྱིས་བཀོད་པ་བཏང་ནས་དགྲ་བོ་དང་ཐབས་མཁས་ཀྱིས་འཛིང་རེས་བྱས།  ཨའོ་དམག་གི་མེ་མདའ་ཕྱོགས་བཞི་ནས་བརྒྱབ་པས་དབྱི་དམག་གིས་སྲུང་འགོག་བྱ་རྒྱུར་ཉེན་ཁ་ཆེན་པོར་ཐུག  ཏ་ཝུའུ་བྲེལ་འཚུབ་ལངས་ཤིང་དམག་དཔོན་གཞོན་པ་ཁྲིད་དེ་བྲེལ་མྱུར་གྱིས་ཁང་པ་ལས་ཁ་བྲལ་ཞིང་།  ཅུང་ཟད་འགོར་རྗེས་ཁོ་ཚོ་སླར་ཡང་སྒེའུ་ཁུང་གི་འགྲམ་དུ་ལོག་ནས་དམག་མིའི་ནང་གི་རྔ་རྡུང་པ་ཕར་བོས་པ་རེད།

 རྔ་རྡུང་པ་ནི་ལོ་ན་བཅུ་བཞིའི་ན་ཆུང་ཞིག་ཡིན་ལ།  གཟུགས་ཆུང་ཞིང་སྤྱང་གྲུང་དོད།  ཏ་ཝུའུ་ཡིས་ཤོག་ལྷེ་ཆུང་ངུ་ཞིག་གི་ཐོག་ལ་ཡི་གེ་བྲིས་པས་མ་ཚད་ཐག་པ་དུམ་བུ་ཅིག་ཁུར་ནས་བྲེལ་འཚུབ་ཀྱིས་རྔ་རྡུང་པ།  ཁྱོད་ལ་སྤོབས་པ་ཡོད་དམ་ཞེས་དྲིས།

 ཡོད།  ང་ལ་ཡོད།  ཅེས་རྔ་རྡུང་པ་ཆུང་ཆུང་གིས་ལུས་པོ་མདའ་ལྟར་དྲང་པོར་བསྲངས་ནས་བཤད།

 ཏ་ཝུའུ་ཡིས་སྒེའུ་ཁུང་ཕྱིར་མཛུབ་མོ་བཙུགས་ནས་མདུན་ཕྱོགས་སུ་ལྟོས་དང་།  མེ་མདའི་རྩེ་གྲིའི་འོད་བཀྲག་བཞིན་པའི་ས་ཆ་ནི་རང་དམག་གི་སྡོད་ས་རེད།   ཁྱོད་ཀྱིས་ཤོག་ལྷེ་འདི་མཐོང་བའི་དམག་དཔོན་ཨང་དང་པོར་སྤྲོད་ཅིག་ཅེས་བཤད་པ་དང་།  རྔ་རྡུང་པ་ཆུང་ཆུང་གིས་གཟབ་ནན་གྱིས་མགོ་བོ་གུག་ཙམ་བྱས་ནས་ཐག་པར་བརྒྱུད་ནས་སྒེའུ་ཁུང་གི་ཕྱིར་བསླེབས་པ་རེད།

 ཏ་ཝུའུ་ཡིས་མགྱོགས་པོར་རང་དམག་གི་གཡུལ་སར་སྐྱེལ་སོང་།  ཡན་ལག་རུ་ཁག་འདིའི་ཤི་གསོན་ནི་ཁྱོད་ཀྱི་སྤོབས་པ་དང་རྐང་ཤུགས་ལ་རག་ལས་ཞེས་ཡང་ནས་ཡང་དུ་མངག་གཏམ་བྱས་པ་རེད། 

 རྔ་རྡུང་པ་ཆུང་ཆུང་བདེ་བར་ས་ཐོག་བསླེབས།  གློ་བུར་དུ་ཁོའི་མདུན་རྒྱབ་ཀྱི་ཕྱོགས་ལྔ་དྲུག་ནས་དུ་བ་ནག་པོ་འཕྱུར་བས་དགྲ་བོས་ཁོ་མཐོང་བ་རེད།  ཁོས་སྲོག་དང་བསྡོས་ནས་མདུན་ཕྱོགས་སུ་རྒྱུག  ཛ་དྲག་ཆེ་བའི་མེ་མདའ་རྒྱག་ཐེངས་གཅིག་བརྒལ་རྗེས་ཁོ་ས་ཐོག་འགྱེལ།

 རེད་མ་སོང་།    ཏ་ཝུའུ་ཡིས་བསྲན་མ་ཐུབ་པར་སྐད་ཅོར་རྒྱག་ཅིང་རེ་ཐག་ཆད་སོང་བ་འདྲ་མོད།  ཅུང་ཟད་སྒུག་དུས་རྔ་རྡུང་བ་ཆུང་ཆུང་ཡང་བསྐྱར་ཡར་ལངས་ནས་རྐང་མགོ་ཐོགས་ཞོར་མདུན་ཕྱོགས་སུ་འཕུར།  ཏ་ཝུའུ་སེམས་ཧ་ཅང་འཚུབ་ཅིང་ངོ་མདོག་ནག་རོག་རོག་ཏུ་གྱུར།  གལ་སྲིད་ན་ཆུང་གི་ཆ་འཕྲིན་སྐྱེལ་ཐུབ་པ་ཡིན་ན་མི་དྲུག་ཅུ་ཅི་ཡང་མི་སྐྱོན་ཞིང་།   དེ་ལས་ལྡོག་ན་འཐབ་ནས་ཤི་བའམ་དགྲ་བོས་བཟུང་བ་ལས་དེ་མིན་ཐབས་མེད་པ་རེད།

 ཐག་རིང་ནས་ལྟ་དུས་རྔ་རྡུང་པ་ཆུང་ཆུང་གི་མཐའ་སྐོར་དུ་སླར་ཡང་ཐལ་རྡུལ་འཚུབ།  ཁོས་གློ་བུར་དུ་གོམ་ཁ་ལྷོད་ཅིང་རྐང་པ་འཐེང་ནས་འགྲོ་བ་དང་།  ཅུང་ཟད་སྡོད་ཅིང་ཡང་རྒྱུག་འགོ་ཚུགས་ཤིང་ལམ་བར་དུ་མར་བསྡད་ནས་ངལ་གསོ་ཐེངས་མང་རྒྱག་པ་རེད།   ཏ་ཝུའུའི་སེམས་རབ་ཏུ་འཚུབ་ནས་དེ་མ་ཐག་སྐད་སྒྲ་ནན་མོ་ཞིག་རྒྱག་འདོད་སྐྱེས། 

 ཁང་འོག་གི་མེ་མདའ་རྒྱག་ཤུགས་ཇེ་ཆེར་ཕྱིན་སོང་། དམག་དཔོན་བྲེལ་བྲེལ་འཚུབ་འཚུབ་ངང་རྒྱུགས་ཡོང་ནས་དགྲ་དམག་གིས་སྦྱར་ཡིག་དཀར་པོ་བསྟན་ནས་ང་ཚོར་མགོ་བཏགས་ཞུ་དགོས་པའི་བཀའ་གཏོང་བྱུང་།  ཅི་བྱེད་དགོས་སམ།  ང་ཚོ་ཧ་ཅང་ཉེན་ཁ་ཆེ་ཞེས་སྙན་ཞུ་བྱས་པ་རེད། 

 ཁོ་ཚོར་ཁ་ཡ་བྱེད་མི་དགོས།  ཏ་ཝུའུ་ཡིས་སྐད་ཤུགས་ཆེན་པོས་འབོད་ཅིང་མིག་སྐད་ཅིག་ཀྱང་རྔ་རྡུང་བ་ཆུང་ཆུང་གི་ལུས་པོ་དང་ཁ་མི་བྲལ་བ་རེད། ན་ཆུང་ས་རྒྱ་ཡངས་པོར་བསླེབས་ཤིང་ཁོ་རང་ཧ་ལམ་རྒྱུགས་མི་ཐུབ་པ་འདྲ་ཞིང་གོམ་པ་རེ་རེ་བཞིན་མདུན་དུ་འདྲུད་བཞིན་མཆིས།   སྐད་ཅིག་ཅིག་ལ་ཁོ་ཤིང་སྡོང་དང་རྩྭ་གསེབ་ཀྱིས་བཀབ་ནས་གཏན་ནས་མི་མཐོང་བར་གྱུར་སོང་།

 སྙིང་རྗེ་བའི་ཕྲུ་གུ  ཨ་དོགས་འགྱེལ་ནས་ཤི་སོང་བ་འདྲ།  ཏ་ཝུའུ་ཁང་འོག་ཏུ་རྒྱུགས་སོང་།  དགྲ་བོའི་སྒྱོགས་མདེའུ་རླུང་ནག་འཚུབ་པ་བཞིན་ཕྱོགས་ཡོངས་ནས་རྒྱག་བྱུང་བས་ས་གཞི་ཐམས་ཅད་རྨས་མས་གང་ཞིང་ཟུངས་ཁྲག་དམར་པོ་བཞུར་བཞིན་འདུག  སྤོབས་པ་སྐྱེད་ཅིག  གཡུལ་ས་སྲུང་དགོས།  རོགས་སྐྱོར་དམག་དཔུང་མགྱོགས་པར་བསླེབ་རན་རེད།  ཏ་ཝུའུ་ཡིས་མཐའ་གཅིག་ཏུ་རྒྱུན་སྲུང་བྱེད། 

 དགྲ་དམག་རིམ་བཞིན་ཁང་པ་དང་ཉེ་སར་བསླེབས་ཤིང་གོ་མཚོན་སྤྲད་དེ་མགོ་བཏགས་དགོས་པའི་འབོད་སྐད་ཡང་ཡང་སྒྲོག  དམག་མི་ཁ་ཤས་སྐྲག་ནས་ངོ་གདོང་དུ་རེ་བ་ཟད་པའི་རྣམ་འགྱུར་མངོན་ཞིང་འགོག་རྒོལ་གྱི་མེ་ཤུགས་རིམ་བཞིན་ཇེ་ཞན་དུ་གྱུར།  ཆེས་མཐའ་མཇུག་གི་དུས་ཚོད་བསླེབ་རན་འདུག  ཏ་ཝུའུ་ཡིས་དམག་གྲི་དབྱུགས་ཏེ་རང་སྲོག་བློས་གཏོང་བྱེད་ལ་ཁད་པའི་ཚེ། གློ་བུར་དུ་དམག་དཔོན་གཞོན་པ་ཁང་ཐོག་ནས་མར་རྒྱུགས་ཏེ་དཔུང་རོགས་བསླེབས་སོང་ཞེས་བཤད་པ་རེད། 

 རྒྱོབ་ཅིག  གསོད་ཅིག  སྒེའུ་ཁུང་ཕྱི་རོལ་དུ་དབྱི་ཐ་ལིའི་རྟ་དམག་ཚོ་ཅིག་གིས་མདའ་གྲི་དབྱུགས་ནས་ཚུར་མཆོང་བཞིན་འདུག  དབྱི་དམག་གི་དམག་སྤོབས་དེ་མུར་ཆེན་པོར་གྱུར་ནས་མི་ཚང་མ་དཔའ་ངར་ལྷག་པར་ཆེ་ཞིང་ཞུམ་མེད་ཀྱིས་འགོག་རྒོལ་བྱས་པ་རེད།

 དམག་འཐབ་ཛ་དྲག་ཆེ་བ་ཞིག་བྱས་རྗེས་དབྱི་དམག་གིས་རྒྱལ་ཁ་ཐོབ་པ་དང་།  ཏ་ཝུའུ་རྒྱུག་མདས་རྨས་པས་གནས་སྐབས་ཀྱི་བྱེས་དམག་སྨན་ཁང་དུ་སྨན་བཅོས་བྱེད་སར་སྐྱེལ།  ཁོ་རང་རྨས་མ་ཚོའི་གསེབ་ནས་བརྒྱུད་པའི་ཚེ་ཏ་ཝུའུ་ཞེས་སྐད་ཤུགས་དམའ་ངུ་ཞིག་གིས་ཁོ་རང་འབོད་བཞིན་ཡོད་པ་ཐོས།

 ཁྱོད་ཡིན་ནམ།   ཏ་ཝུའུ་ཉེ་འགྲམ་དུ་ཕྱིན་ནས་ལྟ་དུས་ན་ཆུང་རྔ་རྡུང་པ་རང་རེད་འདུག  ཁྱོད་རང་ལ་རྨས་ཕོག་པ་ཨེ་རེད།   ངས་ལས་འགན་སྒྲུབ་ཐུབ་སོང་།  ཤོག་ལྷེ་འཐབ་ཇུས་པུའུ་ལ་སྤྲད་པ་ཡིན།  ཁྱོད་ཀྱི་དཔུང་པར་ཅི་བྱས་སོང་།  ད་དུང་ཁྲག་ཟགས་ཀྱིན་འདུག  རྔ་རྡུང་པ་ཆུང་ཆུང་དཔྱངས་ཁྲིའི་ཐོག་ཉལ་ཞིང་བྲང་ཁར་ཁྲ་ཡོལ་རྩུབ་མོ་བཀབ་འདུག  ངོ་གདོང་དཀར་ཞིང་ཞན་ན་ཡང་མིག་ལས་ནོར་བུ་ལྟ་བའི་འོད་ཟེར་འཕྲོས་བཞིན་ཡོད།  ཁོ་མ་གཞི་ཡར་འདུག་བསམ་མོད་འགུལ་ཙམ་བྱེད་ཚེ་དབུགས་ཧལ་ཧལ་དུ་གྱུར་པ་རེད།  ངའི་དཔའ་བོ།  ཁྱོད་རང་དཔེ་མི་སྲིད་པ་ཞིག་རེད།  ཁྱོད་རང་གིས་རང་ཉིད་ཀྱི་འགན་འཁྲི་སྒྲུབ་ཐུབ་སོང་།  ངས་རང་ནུས་ཡོད་དགུ་བཏོན་པ་ཡིན།  རྔ་རྡུང་པ་ཆུང་ཆུང་དགོད་མོ་ཤོར་སོང་།  ཏ་ཝུའུ་ཁོའི་ཉེ་འགྲམ་བཅར་ནས་སེམས་ཁུར་ཆེན་པོས་ཁྱོད་ལ་རྨས་ཕོག་ནས་ཁྲག་མང་པོ་བཞུར་སོང་ངམ་ཞེས་དྲིས།

 ཁྲག་ཤོར་བ་ཨང་། ན་ཆུང་དགོད་བཞིན་ཉལ་ཐུལ་ཡར་ཕྱེ་བ་རེད།  ལྟོས་དང་།  ཏ་ཝུའུ་ཧོན་ཐོར་ནས་ཕྱིར་ནུར་གོམ་པ་གཉིས་བྱེད་དགོས་བྱུང་སོང་། རྔ་རྡུང་པ་ཆུང་ཆུང་གི་རྐང་པ་ཡ་གཅིག་མེད་པར་གྱུར་འདུག   ཁོའི་རྐང་པ་གཡོན་པའི་པུས་མོའི་མན་ནས་བཅད་དེ་སེང་རས་མཐུག་པོས་དཀྲིས་འདུག་པ་དང་དེའི་ཐོག་ལ་ཁྲག་དམར་པོ་སིམ་གྱི་འདུག  དེའི་ཚེ་དམག་མིའི་སྨན་པ་ཞིག་གིས་ཏ་ཝུའུ་ལ་ཁོས་སྲོག་དང་བསྡོས་ནས་སྲ་བསྒྲིམས་མ་བྱས་ན་གནས་ཚུལ་འདི་འདྲ་སྡུག་པོ་ཡིན་རྒྱུ་མ་རེད།  ཐབས་མེད་འུ་ཐུག་ནས་པུས་མོའི་མན་ནས་གཅད་དགོས་བྱུང་སོང་།  གཤའ་བཅོས་བྱེད་པའི་ཚེ་ཁོས་མིག་ཆུ་ཐིགས་གཅིག་ཀྱང་གཏོང་མ་སོང་ལ་སྐད་ངན་ཅིག་ཀྱང་ཤོར་མ་སོང་།  ངོ་མ་ང་ཚོའི་དབྱི་ཐ་ལིའི་ཕོ་གསར་གྱི་གཟི་བརྗིད་རང་རེད་ཨང་།

 ཏ་ཝུའུ་ཡིས་རྔ་རྡུང་པ་ཆུང་ཆུང་ལ་ཡུན་རིང་བལྟས་ཤིང་ཞྭ་མོ་དལ་གྱིས་ཕུད་རྗེས་ཟོལ་མེད་ཀྱི་དམག་མིའི་གུས་འདུད་ཅིག་ཞུས་པ་རེད།

 ཏ་ཝུའུ།  ཁྱོད་ཀྱིས་ང་ལ་དམག་གུས་ཞུ་རྒྱུ་ག་ལ་འོས། རྔ་རྡུང་པ་ཆུང་ཆུང་ཧ་ལས་ནས་དེ་ལྟར་བཤད།

 རང་གི་མངའ་འོག་ལ་ནམ་རྒྱུན་ནས་རྩུབ་སྤྱོད་བྱེད་གོམས་པའི་ཏ་ཝུའུ་སྐབས་འདིར་བརྩེ་སེམས་ཀྱིས་རབ་ཏུ་ཁེངས་བཞིན་ང་རང་ནི་ཏ་ཝུའུ་ཙམ་ཡིན་ལ།  ཁྱོད་རང་ནི་དཔའ་བོ་ཞིག་རེད་ཨང་ཞེས་བཤད་རྗེས་ལག་པ་བརྐྱངས་ཏེ་རྔ་རྡུང་པ་ཆུང་ཆུང་གི་ཐོད་པར་བརྩེ་འདང་ལྡན་པའི་འོ་ལན་གསུམ་བྱས་པ་རེད།

ཕྲག་དོག

 ཐེངས་འདིར་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྗོད་དོན་རྩོམ་ཡིག་འགྲན་བསྡུར་ནང་དུ་བྲིས་སྟངས་ཆེས་ཡག་པ་ནི་ད་དུང་ཏའེ་ལའོ་ཞི་རེད།   ཧྭ་ཏེ་ཉི་ཁོང་ཁྲོ་མེ་ལྟར་འབར་ཞིང་ཁོ་རང་གིས་བྱ་དགའ་ཨང་པོ་ཐོབ་འགྲོ་བསམ་གྱི་ཡོད་པ་རེད།  ཧྭ་ཏེ་ཉི་གཏམ་འདོད་ཚ་པོ་ཡིན་ཞིང་རང་ཉིད་ལ་མཛེས་ཆས་སྤྲས་རྒྱུར་ཧ་ཅང་དགའ་བའི་སྐྱོན་ཆ་ཡོད་པ་དེ་ངའི་བློར་གཤོང་ཡང་ཁོས་དུས་ནམ་ཡང་ཏའེ་ལའོ་ཞིར་ཕྲག་དོག་བྱས་པ་དེས་ང་རང་ལ་སུན་སྣང་ཆེན་པོ་སྐྱེ་རུ་བཅུག  སློབ་སྦྱོང་ཐོག་ཁོས་ཏའེ་ལའོ་ཞི་དང་མཐོ་དམའ་ཞིག་འགྲན་བསམ་ན་ཡང་།  ཁོས་བརྩོན་འགྲུས་ཇི་ལྟར་བྱས་ཀྱང་ད་དུང་ཏའེ་ལའོ་ཞིའི་རྒྱབ་ཏུ་ལུས་པ་རེད།  སྒྲོ་མ་བཏགས་ནས་བཤད་ན་ཏའེ་ལའོ་ཞི་ཕུལ་དུ་བྱུང་བ་ཡིན།  ཕྱོགས་གང་ཅིའི་ཐད་ནས་ཁོ་ལས་ཆེས་བཟང་བ་རེད།  ཧྭ་ཏེ་ཉི་ཕྲག་དོག་ཧ་ཅང་ཆེ་ཞིང་ནམ་རྒྱུན་བརྙས་བཙལ་ནས་ཏའེ་ལའོ་ཞིར་འཕྱ་སྨོད་བྱེད་པ་དང་།  དགེ་རྒན་དྲང་བདེན་མིན་པར་ལེ་འདེད་བྱས་པ་རེད།  སློབ་ཁྲིད་ཚོགས་ཐེངས་རེར་ཏའེ་ལའོ་ཞིས་དགེ་རྒན་གྱི་དྲི་བར་དྲིས་ལན་མྱུར་ཞིང་ཆ་ཆང་བར་འདེབས་པ་ཡིན་ན་ཧྭ་ཏེ་ཉིས་དེ་མུར་ངོ་གདོང་ནག་རོག་གེར་བྱས་ཤིང་མགོ་བོ་སྒུར་ནས་སྐད་ཆ་མི་བཤད་པ་རེད།  ཁོས་ཡང་ན་མ་ཚོར་བར་ལྟར་འདུག་ཅིང་ཡང་ན་སུས་བལྟས་ཀྱང་ཞེ་མུར་བའི་བཅོས་མའི་དགོད་འཛུམ་ཞིག་སྟོན་སྲིད།  དེ་ནི་ཡི་མི་རང་པའི་ཟུར་དགོད་ཅིག་ཡིན་པ་ང་ཚོ་ཚང་མས་ཤེས་པ་རེད།  དེས་ན་དགེ་རྒན་གྱིས་ཏའེ་ལའོ་ཞིར་བསྟོད་བསྔགས་བྱས་ཕྱིན་ཚང་མས་མ་གྲོས་རང་མཐུན་གྱིས་ཧྭ་ཏེ་ཉིའི་རྣམ་འགྱུར་ལ་བལྟས་སྲིད།  ཆེས་རྩེད་མཚར་ཆེ་བ་ནི་རྡོ་བཟོ་བ་ཆུང་ཆུང་ཡིན་ལ།  སྐབས་འདིར་ཁོས་བཞད་གད་སློང་བའི་རྣམ་འགྱུར་སྟོན་སྲིད་པ་རེད།

 དེ་རིང་།  ཚང་མས་སླར་ཡང་ཧྭ་ཏེ་ཉིའི་ཕྲག་དོག་བྱེད་ཚུལ་མཐོང་ནས་ངོ་མ་ཧ་ལས་དགོས་པ་ཞིག་རེད།

 སློབ་ཁྲིད་བྱས་རྗེས་དགེ་རྒན་གྱིས་རྩོམ་ཡིག་སྦྱངས་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་ཏའེ་ལའོ་ཞི་རེད་ཅེས་དྲིལ་བསྒྲགས་བྱེད་པའི་ཚེ་ཧྭ་ཏེ་ཉིས་ཧབ་ཆི་ཚ་ཐག་ཆོད་པ་ཞིག་རྒྱག་པ་དང་།  དགེ་རྒན་གྱིས་དེ་མ་ཐག་ཁོའི་བསམ་ཚུལ་ཤེས་ནས་གཟབ་ནན་གྱིས་ཧྭ་ཏེ་ཉི།  སེམས་ནང་དུ་ཕྲག་དོག་གི་དུག་སྦྲུལ་མ་གསོ་ཨང་།  སྦྲུལ་འདིས་མིའི་རང་ཚོད་འཛིན་པའི་ནུས་པ་མེད་པར་བྱེད་པས་མ་ཚད་ཁྱོད་རང་ཉིན་རེ་བཞིན་སེམས་མི་སྐྱིད་པ་བཟོས་ངེས་རེད་ཅེས་བཤད།  

 ཏའེ་ལའོ་ཞི་ཕུད་ཚང་མས་ཧྭ་ཏེ་ཉི་ལ་ལྟ་ཞིང་།  ཁོས་ཁ་ཆེན་པོ་གདངས་ནས་གང་ཞིག་བཤད་འདོད་པ་ཡིན་ཡང་མཐར་གང་ཡང་མི་བཤད་ཅིང་ཚིག་པ་ཟ་ནས་དེར་བསྡད་པ་དང་།  ངོ་གདོང་སྐབས་འགར་དཀར་ཞིང་སྐབས་འགར་དམར་པོར་གྱུར།

 དགེ་རྒན་གྱིས་སློབ་ཁྲིད་བྱེད་རིམ་ཧྭ་ཏེ་ཉིས་ཤོག་བུའི་ཐོག་ཡི་གེ་བྲི་བཞིན་འདུག་པ་འདི་ལྟར་ཏེ།  ངས་དགེ་རྒན་གྱིས་ཕྱོགས་རེས་བྱས་ཤིང་དྲང་བདེན་མ་ཡིན་པར་བྱ་དགའ་ཨང་དང་པོ་ཐོབ་པར་ཡིད་སྨོན་བྱེད་ཀྱིན་མེད།  ཁོས་ཏའེ་ལའོ་ཞི་ལ་ལྟ་རུ་འཇུག་རྒྱུའི་གྲ་སྒྲིག་བྱེད་ཡོད་པ་མངོན་གསལ་རེད།  ཏའེ་ལའོ་ཞིའི་ཉེ་འགྲམ་དུ་བསྡད་ཡོད་པའི་སློབ་གྲོགས་ཁ་ཤས་ཀྱིས་ཤབ་ཤུབ་བྱེད་བཞིན་འདུག  དེའི་ནང་གཅིག་གིས་སྨྱུག་གྲིས་ཤོག་གུའི་བྱ་དགའི་གཟེངས་རྟགས་ཤིག་བཟོས་ཏེ་དེའི་ཐོག་ལ་སྦྲུལ་ནག་པོ་ཞིག་བྲིས་པ་དང་།  དགེ་རྒན་སློབ་ཁང་ནས་ཕྱིར་མ་སོང་བར་དུ་སྒུག་རྗེས་ཁོ་ཚོས་དགོད་འཛུམ་འཛུམ་གྱིས་ཧྭ་ཏེ་ཉིའི་འགྲམ་དུ་ཡོང་ནས་མ་ཡིན་ཡིན་མདོག་གིས་ཤོག་བུའི་གཟེངས་རྟགས་དེ་ཁོར་སྤྲད་པ་རེད།  ཧྭ་ཏེ་ཉི་ཁོང་ཁྲོ་ལངས་ནས་ལུས་པོར་འདར་ཞིང་དེ་མ་ཐག་ཛ་དྲག་ཆེ་བའི་འཐབ་འཛིང་ཞིག་རྒྱག་རན་སོང་།

 འདི་ང་ལ་སྤྲོད་ཅིག   ཏའེ་ལའོ་ཞི་ཡར་ལངས་ནས་ཤོག་བུའི་བྱ་དགའི་གཟེངས་རྟགས་ཧྲལ་ནས་ཞིབ་མོར་བཏང་བ་ན།  ཧྭ་ཏེ་ཉིའི་ངོ་གདོང་དམར་པོར་གྱུར་ཞིང་མེ་ལྕེ་ཞིག་འབར་བ་དང་འདྲ།  ཁོས་མགོ་བོ་སྒུར་ཞིང་ད་གིན་བྲིས་པའི་ཤོག་ལྷེ་དེ་རིལ་རིལ་མཉེད་ནས་ཁ་ནང་དུ་བཅུག་ཅིང་བཅའ་བའི་རྗེས་སུ་གད་སྙིགས་ཟོ་བའི་ནང་དུ་འཕེན་པ་རེད།

 སློབ་གྲྭ་གྲོལ་སོང་།  སེམས་བཟང་བའི་ཏའེ་ལའོ་ཞི་ཧྭ་ཏེ་ཉིའི་འགྲམ་དུ་ཕྱིན་ནས་ཁོའི་སར་ལྷུང་བའི་དཔེ་ཆ་ཡར་བླངས་རོགས་བྱས་པས་མ་ཚད་ད་དུང་ཁོའི་འཕྲེད་འགེལ་བྱེད་པའི་དཔེ་ཁུག་ལེགས་སྒྲིག་བྱས་ཏེ་འཛུམ་དམུལ་ལེར་སློབ་ཁང་ནས་ཁ་བྲལ་བ་རེད།  མགོ་ནས་མཇུག་བར་ཧྭ་ཏེ་ཉིས་སྐད་ཆ་མི་བཤད་ཅིང་ངོ་ཚ་ནས་མགོ་བོ་ཡར་བཏེགས་མི་ཕོད་པ་རེད།


  • ལེ་ཚན་སྔོན་མ།:དགའ་གཅེས་སློབ་གསོ།
  • ལེ་ཚན་རྗེས་མ།:དགའ་གཅེས་སློབ་གསོ།