སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར། 2018-01-15
ལེའུ་ལྔ་པ། ཟླ་བ་གཉིས་པ།
བྱ་དགའ་སྤྲོད་པའི་མཛད་སྒོ།
དེ་རིང་། སློབ་ཁྲིད་ལྟ་སྐུལ་བ་ང་ཚོའི་སློབ་གྲྭར་ཕེབས་ནས་ཕུལ་བྱུང་སློབ་མར་གཟེངས་རྟགས་སྤྲད་པ་རེད། ཏའེ་ལའོ་ཞིས་སླར་ཡང་ཨང་དང་པོའི་བྱ་དགའ་ཐོབ་པ་ནི་བསྙོན་དུ་མེད་ཅིང་། སུ་ཞིག་གིས་བྱ་དགའ་ཨང་གཉིས་པ་ཐོབ་སྲིད་དམ་ཞེས་ང་ཚོ་ཚང་མ་ཡ་མཚན་སྐྱེས་ནས་ལྐོག་ལབ་བྱས་པ་ཡིན།
ང་ཚོས་ཨང་གཉིས་པའི་བྱ་དགའ་ཕེ་ཐོ་ལའོ་པའོ་ལོ་ཁའོ་ཞིར་སྤྲད་རྒྱུའི་ཐག་གཅོད་པ་ཡིན། ཁོའི་ཁྱིམ་ཚང་ལས་བྱ་དང་། རྩོམ་ཡིག ཡིག་གཟུགས། ཀུན་སྤྱོད་བཅས་ཚང་མ་ཧ་ཅང་ལེགས་པས་བྱ་དགའ་སྤྲད་རིན་འདུག་ཅེས་སློབ་ཁྲིད་ལྟ་སྐུལ་བས་སློབ་གཙོ་དང་ཁ་བརྡ་ཁ་ཤས་བྱས་རྗེས་སྐད་གསང་མཐོན་པོས་མཇུག་འབྲས་དྲིལ་བསྒྲགས་གནང་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཞིག་གྲག་པའི་རྗེས་སུ་ཚང་མའི་མིག་མདངས་པའོ་ལེ་ཁའོ་ཞིའི་ལུས་ཐོག་ལ་འཕངས། པའོ་ལེ་ཁའོ་ཞི་བྲེལ་འཚུབ་ཆེན་པོ་ལངས་ཤིང་ཅི་བྱ་གཏོལ་བྲལ་ངང་མིག་ཆེན་པོ་བགྲད་དེ་རང་གི་རྣ་བར་ཡིད་ཆེས་མི་ཕོད་པ་རེད།
འདི་ན་ཡོང་རོགས། སློབ་ཁྲིད་ལྟ་སྐུལ་བས་པའོ་ལེ་ཁའོ་ཞིའི་མདུན་སྟེགས་སུ་བོས་ཤིང་ཁོར་གཟེངས་རྟགས་བཏགས་པ་དང་། སློབ་སྐུལ་པས་སེམས་འགུལ་ཐེབས་པའི་སྒོ་ནས་པའོ་ལེ་ཁའོ་ཞི། དེ་རིང་ཁྱོད་ལ་བྱ་དགའ་འདི་སྤྲད་པ་ནི་ཁྱོད་ཀྱི་བློ་རིག་དང་བརྩོན་འགྲུས་ཁོ་ནའི་དབང་གིས་མ་ཡིན་ཞིང་། ད་དུང་ཁྱོད་ཀྱི་ཞི་མཐུན་དང་། དཔའ་བརླིང་། ཡིད་ཆེས། ཕ་མར་ཞབས་ཕྱི་ཞུ་བ་བཅས་ཀྱི་རྒྱུ་མཚན་ཡང་ཡིན་ལ། འདིའི་ཐད་ལ་ཁྱོད་རང་གིས་མི་མང་པོ་ལས་བྱེད་སྟངས་བཟང་གི་འདུག་ཅེས་གསུངས། སློབ་སྐུལ་བ་ཁ་ཕྱིར་འཁོར་ནས་ཕྲུ་གུ་ཚོ། དེ་ལྟར་ཨེ་རེད་ཅེས་དྲིས་པ་རེད།
རེད། དེ་ལྟར་རེད། ཚང་མས་མགྲིན་གཅིག་ཏུ་དྲིས་ལན་འདེབས། པའོ་ལེ་ཁའོ་ཞིས་སྐད་ཆ་གང་ཡང་མི་བཤད་ཅིང་མཆུ་ཏོ་དམ་པོར་བཙུམས་ནས་སེམས་ནང་གི་དགའ་བ་བསྲན་གང་ཐུབ་བྱེད་བཞིན་འདུག
སློབ་གྲྭ་གྲོལ་རྗེས། ང་ཚོ་བརྒྱུད་སྒྲོག་ཁང་དུ་པའོ་ལེ་ཁའོ་ཞིའི་ཨ་ཕ་སྟེ་ལྕགས་མགར་མཐོང་བྱུང་། པའོ་ལེ་ཁའོ་ཞི་ནམ་རྒྱུན་དང་འདྲ་བར་ལུས་ཡོངས་དར་སིལ་སིལ་བྱས་ཤིང་ངོ་མདོག་ཧ་ཅང་སྡུག་པོ་རེད། དགེ་རྒན་གྱིས་སློབ་སྐུལ་བའི་རྣ་རྩར་སྐད་ཆ་ཁ་ཤས་བཤད་པ་དང་། སློབ་སྐུལ་བས་པའོ་ལེ་ཁའོ་ཞིའི་ལག་པ་འཇུས་ནས་མགྱོགས་པོར་ལྕགས་མགར་གྱི་ལུས་འགྲམ་དུ་ཁྲིད་སོང་།
ཁྱོད་ལ་རྟེན་འབྲེལ་ཞུ། པའོ་ལེ་ཁའོ་ཞིའི་ཨ་ཕ་ཞེས་སློབ་སྐུལ་བས་གྲོགས་པོ་རྙིང་པ་ཞིག་མཐོང་བ་ལྟར་ཁྱོད་ལ་བུ་ཕུལ་དུ་བྱུང་བ་ཞིག་འདུག དེ་རིང་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། ཕྲུ་གུ་འདི་ལྷན་སྐྱེས་ཀྱི་རིག་པ་སྤྱང་ཞིང་བརྩོན་འགྲུས་ཆེ་བས་འབྱུང་འགྱུར་དོན་ཆེན་འགྲུབ་ངེས་པ་རེད། ཁོ་རང་དེ་འདྲའི་རྒྱུད་བཟང་ཞི་འཇམ་ལྡན་ལ་ཚང་མས་ཁོར་དགའ་པོ་བྱེད་ཀྱིན་ཡོད། ངས་བལྟས་ན། ཁྱོད་རང་ཡང་ཁོའི་ཆེད་དུ་སྤོབས་པ་སྐྱེས་ངེས་རེད་ཞེས་གསུངས།
སློབ་སྐུལ་གྱིས་བསྟོད་བསྔགས་བྱས་པར་ཐོས་པའི་ཚེ་ལྕགས་མགར་ཧ་ལས་སོང་། མཐའ་སྐོར་གྱི་སློབ་གྲོགས་དང་དགེ་རྒན་རྣམས་ལ་བལྟས་ཤིང་ཡང་མགོ་བོ་སྒུར་ནས་བྲེལ་འཚུབ་ཀྱིས་མི་བརྟན་པའི་བུ་ལ་བལྟས་ནས་ཅི་ཞིག་དྲན་ཡོང་བར་མི་ཤེས་པར་ངོ་གདོང་དུ་ངོ་ཚ་བའི་ཉམས་ཤིག་མངོན་ཞིང་། ཁོ་རང་པའོ་ལེ་ཁའོ་ཞིའི་མདུན་དུ་སོང་ནས་ལུས་པོ་མར་སྒུར་ཏེ་བུ་ཕང་དུ་བླངས་པ་རེད།
རྣམ་པ་འདི་མཐོང་དུས་ཚང་མ་ཧ་ཅང་དགའ་ཞིང་གཅིག་རྗེས་གཉིས་མཐུད་ཀྱིས་པའོ་ལེ་ཁའོ་ཞིར་རྟེན་འབྲེལ་ཞུས། འགའ་ཞིག་གིས་ཁོའི་ཕྲག་པར་རྡེབ་ཙམ་བྱེད་པ་དང་། འགའ་ཞིག་གིས་གཟེངས་རྟགས་དེར་རེག་ཅིང་། ངས་ཁོ་རང་ཁྱིམ་དུ་མགྲོན་པོར་ཁྲིད་པ་ཡིན། ལྕགས་མགར་གྱི་མིག་ནང་དུ་མཚར་སྣང་གིས་ཁེངས་ཤིང་རང་གི་བུ་དམ་པོར་འཐམས་ནས་མི་ལྷོད་པ་རེད། ངས་པའོ་ལེ་ཁའོ་ཞི་ཨ་ཕའི་ཕང་པར་དལ་བུར་ངུ་བཞིན་པ་གསལ་ལ་མི་གསལ་བར་ཚོར་ཞིང་སྙིང་ཁོང་ནས་དགའ་བའི་དགོད་སྒྲ་ཞིག་ཤོར་བ་དང་ཡང་ཀུན་ནས་མཚུངས་སོ༎
རྩེད་ཆས་མེ་འཁོར།
དེ་རིང་། པའོ་ལེ་ཁའོ་ཞི་དང་ཁ་ལུང་གཉིས་ངའི་ཁྱིམ་དུ་མགྲོན་པོར་ཡོང་བས་ང་རང་དགའ་སྤྲོ་འདི་འདྲ་གཏན་ནས་སྐྱེས་མ་མྱོང་།
ཁ་ལུང་ཐེངས་དང་པོར་ཡོང་བས་ཅུང་ཟད་ཁ་སྐྱེངས་ཀྱི་འདུག རེད་དེ་ངའི་ཨ་མས་སྔ་ནས་ཁོའི་ལོ་རྒྱུས་ཤེས་པས་ཁོར་དགའ་པོ་བྱེད་པ་རེད། ཁོ་སྒོ་ནང་དུ་འཛུལ་མ་ཐག་གཞུང་དྲང་གི་ན་ཆུང་ཕོ་རྒོད་ངོ་མ་ཞེས་བསྟོད་བསྔགས་བྱས། ཁ་ལུང་གིས་མགོ་སྒུར་ཞིང་དགའ་སྤྲོའི་འཛུམ་མདངས་མངོན། པའོ་ལེ་ཁའོ་ཞིས་ཁོའི་གཟེངས་རྟགས་ཁྱེར་ནས་ང་ཚོ་ལ་གཏམ་བཟང་ཞིག་བཤད་པ་འདི་ལྟར་ཏེ། ངས་བྱ་དགའ་ཐོབ་པ་ནས་བཟུང་ཨ་ཕར་བསྒྱུར་བཀོད་ཆེན་པོ་ཐེབས་ཤིང་ཡང་བསྐྱར་ལས་ཀ་སྒྲུབ་འགོ་ཚུགས་སོང་། ཁོང་གིས་ཉིན་བསྟུད་མར་ལྔ་ཨ་རག་ཐིགས་པ་གང་ཡང་མི་འཐུང་བ་དང་། ང་རང་ཚོང་ཁང་དུ་ཡོང་ནས་ཁོར་རོགས་རམ་བྱེད་ན་བསམ་ཞིང་སྔ་མ་དང་གཏན་ནས་མི་འདྲ་བའི་མི་ཞིག་གྱུར་འདུག་ཟེར། ང་ཚོས་པའོ་ལེ་ཁའོ་ཞིར་ཨ་ཕའི་བྱམས་སྐྱོང་ཐོབ་པས་སེམས་པ་སྔར་ལས་དགའ་བཞིན་ཡོད་པ་ཤེས་སོང་།
ངས་རྩེད་ཆས་ཚང་མ་ཚོམས་ཆེན་ནང་དུ་བཞག་ནས་ཁོ་ཚོ་དང་རྩེད་མོ་སྙིང་ཚིམ་པ་ཞིག་རྩེ་བའི་གྲ་སྒྲིག་བྱེད་པ་ཡིན། འདི་འདྲའི་སྤུས་ལེགས་པའི་མེ་འཁོར་ཞིག་གཏན་ནས་མཐོང་མ་མྱོང་བར་ཡིན་ཚོད་རེད། པའོ་ལེ་ཁའོ་ཞིའི་ཡིད་དབང་གཏན་ནས་འཕྲོག་སོང་། ངས་ཁོར་གཏོང་ཡུ་བཅུར་སྟངས་བསླབས་ནས་མེ་འཁོར་རང་ཉིད་རྒྱུག་ཏུ་བཅུག ཁོའི་མིག་རྡོག་ཧ་ལམ་མེ་འཁོར་སྟེང་དུ་ལྷུང་བ་དང་འདྲ་ཞིང་དམར་སེར་སྤེལ་མའི་འཁོར་སྒམ་ཆུང་ཆུང་དེ་ཚོར་མིག་ཅེ་རེར་ལྟ་བཞིན་འདུག ཁོར་ཡིད་ཚིམས་པ་ཞིག་རྩེ་ཐུབ་པའི་ཆེད་དུ་ངས་ཁོ་རང་གཅིག་པུ་ལ་གཏོང་བཅུག་པ་ཡིན། དེ་མ་ཐག་ཁོ་དགའ་སྤྲོའི་ཞིང་ཁམས་སུ་ལྷུང་སོང་། ངས་པའོ་ལེ་ཁའོ་ཞི་འདི་འདྲའི་དགའ་སྤྲོ་ཆེན་པོ་སྐྱེས་པ་གཏན་ནས་མཐོང་མ་མྱོང་། ང་དང་ཁ་ལུང་གིས་ཐོག་མར་ཁུ་སིམ་མེར་ཁོར་བལྟས་པ་དང་རྗེས་སུ་ཁོའི་ཤུགས་རྐྱེན་ཐེབས་ནས་ཁོ་དང་མཉམ་དུ་རྩེད་མོ་རྩེ་ནས་དགའ་བ་མཉམ་མྱོང་བྱས་པ་ཡིན། ཉེ་འགྲམ་དུ་བཅར་ཆེ་བའི་རྐྱེན་གྱིས་ངས་ཁོའི་ཧ་ལམ་ཕྱི་ལྟར་ནང་གསལ་ཡིན་པའི་རྣ་ཅོག་དེ་མཐོང་ཞིང་རྣ་བ་དེར་ཁོའི་ཨ་ཕས་བརྡུངས་ནས་ཁྲག་བཞུར་དུ་འཇུག་པ་དྲན་ཡོང་བས་མ་ཚད། ཁོའི་ཕྲ་ཞིང་ཞན་པའི་གྲུ་མོ་དེར་རྨས་རྗེས་དང་ཁྲག་རྗེས་ཀྱིས་ཁྱབ་མྱོང་བ་ཡང་ཡིད་ལ་འཁོར།
ཁོས་རྩེད་ཆས་ནམ་ཡང་བཞག་མི་བྲ་བའི་རྣམ་པ་ལ་བལྟས་ནས་ང་རང་ལ་གློ་བུར་དུ་ངར་ཤུགས་ཤིག་སྐྱེད་དེ་རྩེད་ཆས་དང་དཔེ་ཆ་ཐམས་ཅད་ཁོར་སྦྱིན་འདོད་སྐྱེས་པས་མ་ཚད། དེ་ལས་ལྷག་པར་ངས་ད་ལྟ་ཟ་གྲབས་ཡོད་པའི་བག་སོབ་དང་གྱོན་བཞིན་པའི་གོས་ཀྱང་ཁོར་སྦྱིན་འདོད་སྐྱེས། ངས་མེ་འཁོར་ཁོར་སྟེར་འདོད་ན་ཡང་མེ་འཁོར་འདི་ནི་ཨ་ཕས་ང་ལ་སྐྱེལ་བའི་ལེགས་སྐྱེས་ཡིན་པས་ཐོག་མར་ཨ་ཕའི་ཆོག་མཆན་ཐོབ་དགོས་པ་རེད།
ང་རང་ཐེ་ཚོམ་ནས་ཅི་བྱེད་མི་གོ་བའི་ཚེ་ཨ་ཕས་ང་ལ་ཤོག་ལྷེ་ཞིག་སྟེར་ནས་དེའི་ཐོག་པའོ་ལེ་ཁའོ་ཞིས་ཁྱོད་ཀྱི་མེ་འཁོར་དེར་ཧ་ཅང་དགའ་པོ་བྱེད་བཞིན་འདུག ཁོར་རྩེད་ཆས་གཏན་ནས་ཐོབ་མྱོང་མེད་པས་ཁྱོད་ཀྱིས་ཁོ་རང་ལ་བསམ་ཡུལ་ལས་འདས་པའི་དགའ་སྤྲོ་ཞིག་སྦྱིན་འདོད་མེད་དམ་ཞེས་བྲིས་འདུག
ང་རང་དགའ་དྲགས་ནས་དེ་མ་ཐག་མེ་འཁོར་ལག་ཟུང་གིས་བཏེགས་ནས་པའོ་ལེ་ཁའོ་ཞིའི་ལག་ཏུ་སྤྲད་དེ་འདི་ཁྱོད་ལ་སྦྱིན་ཞེས་བཤད་པ་ཡིན།
པའོ་ལེ་ཁའོ་ཞི་ཧ་སངས་ནས་མིག་མི་གཡོ་བར་ངར་ལྟ་བཞིན་ཅི་ཞིག་ཟེར་གྱི་ཡོད་པ་གཏན་ནས་ཤེས་སོང་། ངས་དེ་མ་ཐག་མེ་འཁོར་འདི། ངས་ཁྱོད་ལ་སྦྱིན་པ་ཡིན་ཞེས་བཤད། པའོ་ལེ་ཁའོ་ཞིས་ཧ་གོ་ནས་ལྡབ་ལྡིབ་ཀྱིས་འདི་ཅིའི་ཕྱིར་དུ་ཡིན་ཞེས་དྲིས།
རྒྱུ་མཚན་ཧ་ཅང་ལས་སླ་པོ་རེད། ཨན་ལེ་ཁའོ་ཁྱོད་ཀྱི་གྲོགས་པོ་རེད། ཁོས་ཁྱོད་རང་གིས་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། ཅེས་ཨ་ཕས་ང་ལ་གཏམ་བཤད་རོགས་བྱས། ཨ་མས་ཡང་མཛེས་པའི་མེ་ཏོག་ཆུང་ཆུང་ཞིག་བདམས་ནས་ཁ་ལུང་ལ་སྟེར་ནས་ཞི་འཇམ་ལྡན་པས་ངའི་ཚབ་བྱས་ནས་ཁྱོད་ཀྱི་ཨ་མ་ལ་སྤྲད་རོགས་ཞེས་བཤད།
པའོ་ལེ་ཁའོ་ཞི་འཚེར་སྣང་སྐྱེས་ནས་ངོ་མ་ཡིན་ནམ། ངས་ངོ་མ་འདི་དག་ཁྱིམ་དུ་ཁུར་ཆོག་པ་ཨེ་རེད།
མི་ཆོག་རྒྱུ་ཅི་ཡོད།
པའོ་ལེ་ཁའོ་ཞི་སྒོར་བུད་པའི་ཚེ་དགའ་དྲགས་ནས་མཆུ་ཏོ་ཡང་འདར་བཞིན་འདུག ཁ་ལུང་གིས་ཁོའི་ཕྲག་པར་རྡེབ་ཙམ་བྱས་ནས་ཁོའི་རོགས་བྱས་ཏེ་མེ་འཁོར་ལག་ཕྱིས་ནང་དུ་འཐུམས་པ་རེད།
ཁྱོད་ཚོ་བཀའ་དྲིན་ཆེ། ང་རང་སེམས་པ་ཧ་ཅང་དགའ་བྱུང་། ཉིན་ཅིག་ངས་ཁྱོད་རང་ངའི་ཨ་ཕའི་མགར་ཁང་དུ་ཁྲིད་ནས་ལྕགས་འཛེར་ཞིག་བརྡུངས་ནས་ཁྱོད་ལ་སྟེར་གྱི་ཡིན་ཞེས་པའོ་ལེ་ཁའོ་ཞིའི་མིག་མཐར་མཆི་མས་གང་བཞིན་དགའ་དགའ་སྤྲོ་སྤྲོ་བྱས་ནས་སོང་།
ཟླ་རེའི་གཏམ་རྒྱུད། ཨ་ཕ་ལྟ་སྙོར་བྱེད་པའི་ཕྲུ་གུ
ཆར་པ་ཟིམ་ཟིམ་དུ་བབ་པའི་ཞོགས་པ་ཞིག་ལ་གྲོང་གསེབ་ཀྱི་བུ་ཆུང་ཞིག་གིས་ལག་པར་འཕྲིན་ཡིག་ཅིག་ཁུར་ནས་དབྱིན་ལེ་སུམ་ཅུ་རྐང་ཐང་ཡོང་ནས་ལའེ་ཕུའུ་ཨེར་སིའི་གྲོང་ཁྱེར་སྨན་ཁང་དུ་བསླེབས། ཁོའི་ལུས་ཡོངས་འདམ་པ་འགོས་ཤིང་བྲེལ་འཚུབ་ཆེན་པོས་སྒོ་སྲུང་བ་ལ་ངའི་ཨ་ཕ་ན་ལོར་ཧྥ་རན་སིར་ཟུར་ལས་སོང་བ་རེད། ཁེ་ཉིན་གཞི་ནས་དབྱི་ཐ་ལིར་འབྱོར་ཞིང་ལམ་བར་དུ་ན་ནས་སྨན་ཁང་དུ་བསྡད་དགོས་བྱུང་། ཨ་མས་ཚ་བ་ཕོག་པའི་སྲིང་མོ་ལྟ་སྙོར་བྱེད་དགོས་པས་ང་རང་མཚན་འགྲོས་བྱས་ནས་ཁོར་ལྟ་སྐྱོང་བྱེད་དུ་མངགས་པ་རེད་ཅེས་ཟེར། སྒོ་སྲུང་བ་ཤ་ཚ་ནས་མགོ་བོ་གུག་གུག་བྱས་ཏེ་ཁོ་རང་སྨན་ཞབས་པ་ཞིག་ལ་སྤྲད།
ཁྱོད་ཀྱི་ཨ་ཕའི་མིང་ལ་ཅི་ཟེར། སྨན་ཞབས་པས་དྲིས།
བུ་ཆུང་གིས་གཏམ་ངན་ཐོས་པར་སྐྲག་ཅིང་འདར་སྐད་ཀྱིས་ཨ་ཕའི་མིང་བཤད། སྨན་ཞབས་པར་བག་ཆགས་མེད་པར་འདྲ་སྟེ་བསྟུད་མར་ལོ་དང་། ལས་རིགས། སྨན་ཁང་དུ་སྡོད་པའི་དུས་ཚོད་སོགས་འབྲེལ་ཡོད་གནད་དོན་དྲིས། ཅུང་ཟད་སྒུག་རྗེས། ཁོས་གློ་བུར་དུ་ཅི་ཞིག་དྲན་ཡོང་བར་མི་ཤེས་པར་བུ་ཆུང་ཁྲིད་དེ་ནད་ཁྲི་ཞིག་གི་འགྲམ་དུ་ཁྲིད་དེ་ཨོ། ཁོ་འདི་ན་འདུག་ཅེས་བཤད།
བུ་ཆུང་ཕར་རྒྱུགས་ནས་ཉལ་ཐུལ་གྱི་ཕྱིར་མངོན་པའི་ལག་པ་དམ་པོར་འཇུས་ན་ཡང་། ནད་པ་འགུལ་ཙམ་ཡང་མི་བྱེད། སྙིང་རྗེ་བའི་ཨ་ཕ་འདི་ལྟར་སྐམ་རིད་དུ་གྱུར་པ་ཅི་ཞིག་ཡིན་ནམ། སྐྲ་ཡང་དཀར་པོར་གྱུར་ཞིང་ཁ་སྤུ་ཡང་ཡུན་རིང་བཞར་མེད་པ་འདྲ། ཁོའི་དབུགས་འབྱིན་རྔུབ་དཀའ་ཞིང་ངོ་གདོང་སྐྲང་ནས་དབྱིབས་ཀྱང་འགྱུར་བ་དང་། མིག་དུང་ནང་དུ་རྡིབ་ཅིང་མཆུ་ཏོ་སྔོ་ཞིང་ནག་ལ་ཧ་ལམ་གས་ལ་ཁད་འདུག བཞིན་རས་ཀྱི་དབྱིབས་ར་དང་སྨིན་མཚམས་བར་ད་དུང་སྔོན་གྱི་གྲིབ་གཟུགས་རབ་རིབ་མངོན་གྱི་འདུག ཨ་ཕ། ཁྱོད་མགྱོགས་པོར་ཡར་སད་དང་། ང་བསླེབས་ཐལ་ཞེས་འབོད།
ནད་པས་མིག་ཡར་ཕྱེ་ནས་མདུན་གྱི་བུར་བལྟས་ཀྱང་ཁ་གྲག་ཐུབ་ཀྱིན་མི་འདུག
ཨ་ཕ། ཁྱོད་ཀྱིས་ང་ངོ་མི་ཤེས་སམ། ང་ནི་ཁྱོད་ཀྱི་ཞི་ཞི་ལའོ་ཡིན། ཨ་མས་ང་ཁྱོད་ལྟ་སྙོར་བྱེད་སར་མངགས་བྱུང་། ཁྱོད་ཀྱིས་མིག་ཕྱེ་ནས་ང་ལ་ཅིག་ལྟོས་དང་། ཁྱོད་ཀྱིས་ང་ལ་གཏམ་ཞིག་བཤད་རོགས་ཞེས་ཟེར་བའི་ཚེ། ནད་པས་ཁོར་ཞིབ་ཚགས་ཤིག་བལྟས་རྗེས་སླར་ཡང་མིག་བཙུམས་ཤིང་དཀའ་ཚེགས་ཆེན་པོས་དབུགས་འབྱིན་རྔུབ་བྱེད་བཞིན་འདུག
བུ་ཆུང་ནད་ཁྲིའི་མདུན་དུ་བསྡད་ནས་མིག་མི་ཟུམ་པར་བལྟས་ཏེ་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་འབྱུང་བར་རེ་སྒུག་བྱེད་བཞིན་མཆིས།
ཁོས་ན་ལོར་ཁ་བྲལ་བའི་ཚེ་ཨ་ཕས་དངུལ་ལོན་རྗེས་ཕྱིར་ལོག་ནས་ཁྱིམ་མི་ཚང་མ་དང་བདེ་སྐྱིད་ཀྱི་འཚོ་བ་མཉམ་རོལ་བྱ་རྒྱུ་ཡིན་པའི་ཁ་ཆད་ཡོད་པ་དྲན་ཞིང་། དེ་རིང་སྙིང་རྗེ་བའི་ཨ་ཕ་འདིར་ཉལ་བ་དང་། ཆེས་གཅེས་པའི་བུ་ཡང་ངོ་ཤེས་ཀྱི་མི་འདུག བུ་ཆུང་གིས་དྲན་གྱིན་དྲན་གྱིན་སེམས་པ་ཇེ་སྡུག་ཏུ་གྱུར་ཞིང་དྲན་ལམ་དུ་ཨ་ཕ་འདས་སོང་བའི་གནས་ཚུལ་དང་ད་དུང་ཨ་མས་སེམས་སྡུག་ནས་ཤི་གྲབས་བྱེད་བཞིན་པའི་རྣམ་པ་ཡང་ཤར།
ཁོ་རང་སེམས་ཕམ་ཡིད་ཆད་ཚད་མེད་པའི་དུས་སུ་སྨན་པ་ནང་དུ་སྨན་བརྟག་བྱེད་སར་ཡོང་བ་རེད། ཨོ། སྨན་པ། ངའི་ཨ་ཕ་ཅི་ཞིག་རེད་སོང་། བུ་ཆུང་དངོས་ཡོད་ཀྱི་འཇིག་རྟེན་དུ་སླར་ལོག་ནས་བྲེལ་འཚུབ་ངང་ནད་པའི་གནས་ཚུལ་དྲིས་པ་རེད།
ཕྲུ་གུ ཁོར་མེ་དབལ་ན་བ་རེད། ནད་གཞི་ཅུང་ཟད་ལྕི་མོ་ཡིན་ན་ཡང་ད་དུང་རེ་བ་ཡོད་ཀྱང་སྲིད། ཁྱོད་ཀྱིས་ཁོར་ལྟ་སྐྱོང་ཡག་པོ་གྱིས་དང་། ཁྱོད་ཡོད་པའི་ཚེ་ཁོས་དཀའ་འཕྲང་འདི་ལས་བརྒལ་ཐུབ་ཀྱང་སྲིད་ཅེས་བཤད།
དེའི་ཉིན་ནས་བཟུང་། ཞི་ཞི་ལའོ་ཡིས་བློ་གཅིག་སེམས་གཅིག་གིས་ཨ་ཕར་ལྟ་སྐྱོང་བྱེད་པ་དང་། ཁོས་ཉིན་རྟག་པར་དུས་ཐོག་ཉལ་ཐུལ་ལྟེབས་ཤིང་ཤ་སྦྲང་བདས་པ་དང་། ཨ་ཕར་ཆུ་དང་སྨན་ལྡུད་ཅིང་རང་ཉིད་ངལ་གསོ་ཅུང་ཟད་ཀྱང་བྱེད་ཁོམ་མེད་པ་རེད། ནད་པ་རེ་འགའ་དྲག་ལ་རེ་འགའ་སྡུག་ཅིང་། མཚམས་རེར་མིག་ཕྱེ་ནས་ཞི་ཞི་ལའོ་ལ་བལྟས་ཀྱང་ད་དུང་རིག་པ་གསལ་པོ་མ་རེད།
ཉིན་ཞིག ནད་པའི་སེམས་ཤུགས་དང་གྲུང་སྟོབས་རྒྱས་པས་ཞི་ཞི་ལའོ་ཡིས་རྒྱུན་ཆད་མེད་པར་ཁྱིམ་ཚང་གི་གནས་ཚུལ་བཤད་ཅིང་ཞི་འཇམ་གྱི་སྐད་ཆས་ཁོར་སེམས་གསོ་བྱས་པ་རེད། ནད་པའི་མཆུ་སྒྲོས་འདར་ཞིང་སྔར་ལྟར་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ། ཁོས་རྣ་བ་ལྷགས་ནས་ཞིབ་ཚགས་ཀྱིས་ཉན་བཞིན་ངོ་གདོང་ལ་དགོད་འཛུམ་ཞིག་མངོན་གྱིན་འདུག ཉིན་ལྔ་པའི་ཕྱི་དྲོར། ཨ་ཕའི་ནད་གཞི་གློ་བུར་དུ་ཇེ་ལྕི་རུ་སོང་བས་སྨན་པས་བྱ་ཐབས་མི་འདུག་ཅེས་བཤད་པ་རེད། ཞི་ཞི་ལའོ་གྱང་ཟུར་དུ་འཁུམས་ནས་སེམས་སྡུག་ཆེན་པོས་ངུ་བཞིན་འདུག
གློ་བུར་དུ་ཁོས་ཁང་པའི་ཕྱིར་ནས་ཆ་རྒྱུས་ཡོད་པའི་སྐད་ཆ་ཞིག་ཐོས། དེ་མ་ཐག་ཧང་སང་ནས་འཕར་མཆོང་བྱེད་པ་དང་། ལག་པར་དཀྲིས་རས་རྒྱག་པའི་མི་ཞིག་ཡར་འཛུལ་བྱུང་། ཨ་ཕ། ཞི་ཞི་ལའོ་སྐད་ཅོར་བརྒྱབ་ནས་ཕར་རྒྱུགས་སོང་། མི་དེས་ཕྱིར་བལྟས་ཤིག་བྱས་ནས་སེམས་འགུལ་ཆེན་པོ་ཐེབས་ཤིང་ཞི་ཞི་ལའོ། ངའི་བུ་ཞེས་ཟེར། ཞི་ཞི་ལའོ་ཨ་ཕའི་ཕང་དུ་མཆོང་ཞིང་རང་དབང་མེད་པར་སྐད་ཤུགས་ཆེན་པོས་ངུ་བ་རེད།
དེར་ཡོད་ཀྱི་མི་རྣམས་ཧོན་ཐོར་སོང་། ཨ་ཕས་བུ་ལ་འོ་རྒྱུན་ཆད་མེད་པ་བྱེད་ཞོར་ནད་པ་དེར་ལྟ་བ་རེད། ཞི་ཞི་ལའོ། ཁྱོད་ཀྱིས་མི་གཞན་དག་ང་དང་ནོར་སོང་བ་རེད། ཨ་མས་འཕྲིན་ཡིག་བསྐུར་ནས་ཁྱོད་སྔ་ནས་སྨན་ཁང་དུ་བསླེབས་ཟིན་ཟེར་ཡང་ངས་ཇི་ལྟར་སྒུག་ཀྱང་ཁྱོད་བསླེབས་མ་བྱུང་། སེམས་ཁྲལ་བྱས་ནས་ཤི་ལ་ཁད་རེད་སོང་། ད་འགྲིག་སོང་། ང་ཚོ་སྨན་ཁང་ནས་འགྲོ་ཆོག་པ་རེད། ང་ཚོ་ཁྱིམ་དུ་ལོག་ཅེས་བཤད་ཅིང་ཨ་ཕས་ཁོའི་ལག་པ་འཇུས་ཀྱང་བུ་འགུལ་ཙམ་ཡང་མི་བྱེད་པ་རེད།
ཞི་ཞི་ལའོ་ཡིས་ཁ་ཕྱིར་འཁོར་ནས་ནད་པ་དེར་ལྟ་བཞིན་སེམས་ཐག་ཆོད་པོས་ཨ་ཕ། ང་ད་དུང་འགྲོ་རྒྱུ་མི་འདུག ངས་འདི་ན་ཨ་ཕ་འདི་ཉིན་ལྔ་ལ་ལྟ་སྐྱོང་བྱེད་པ་ཡིན། ཁོར་ང་རང་ཧ་ཅང་མཁོ་བས་ངས་ཁོར་བསྐྱུར་དུ་མི་རུང་ཞེས་བཤད་པ་རེད།
ངོ་མ་བྱམས་སེམས་ཆེ་བའི་ཕྲུ་གུ་བཟང་པོ་ཞིག་རེད། མཐའ་སྐོར་གྱི་མི་ཚང་མས་མགྲིན་གཅིག་ཏུ་བསྟོད་ར་བྱས། ཨ་ཕ་བུའི་བྱམས་སེམས་ཀྱིས་ཡིད་འགུལ་ཐེབས་ནས་ཁོ་དང་མཉམ་དུ་ནད་པ་དེར་ལྟ་སྙོར་བྱས་ནས་ཚེ་མཐའ་བསྐྱལ་རྒྱུའི་ཐག་གཅོད་བྱས།
དེའི་ནུབ་མོར་ནད་པའི་དབུགས་ཆད་པ་རེད། ཁོ་རང་འཇིག་རྟེན་འདི་དང་ཁ་བྲལ་བའི་ཆེས་མཇུག་མཐའི་དུས་ཚོད་ལ་ཁོའི་མིག་ནང་དུ་ཞི་ཞི་ལའོ་ལ་བཀའ་དྲིན་ཚད་མེད་ཀྱིས་ཁེངས་བཞིན་འདུག
རྟ་རྩེད་ཁང་གི་ཕྲུ་གུ
སྤྲོ་དགའ་དུས་ཆེན་མཇུག་རྫོགས་ལ་རན་ཡང་གྲོང་ཁྱེར་ཧྲིལ་བོ་ད་དུང་འཁྲུག་ཆ་དོད་པོ་འདུག
ངེད་ཚང་གི་སྒེའུ་ཁང་འོག་གི་སྟོང་སར་ཝའེ་ཉི་སིའི་རྟ་རྩེད་ཁང་ཞིག་བསླེབས་སོང་། ངས་རྟེའུ་སྙིང་རྗེ་བ་ལྔ་དང་། འཁོར་ལོ་ཁུར་ཞིང་སྒེའུ་ཁུང་ཕྱེ་ཡོད་པའི་ཤིང་རྟ་འཁོར་ལོའི་ཁང་པ་ཆུང་ཆུང་གསུམ་གསལ་པོར་མཐོང་བྱུང་བས་སེམས་ནང་དུ་བཤད་མི་ཤེས་པའི་ཡིད་སྨོན་ཞིག་ཤོར་སོང་། རྟ་རྩེད་ཁང་གི་འཁྲབ་དཔོན་ལ་བུ་ཞིག་ཡོད་ཅིང་ལོ་ཧ་ལམ་བདུན་བརྒྱད་ཙམ་ཡིན་ལ། བཞིན་རས་སྒོར་ཞིང་སྐྲ་ནག་ཅིང་འཁྱུག་པས་ཧ་ཅང་སྤྱང་གྲུང་ལྡན་པ་ཞིག་རེད། ཁོས་ནམ་རྒྱུན་མདོང་གཟུགས་ཅན་གྱི་ཞྭ་མོ་ཞིག་བསྐོན་ཞིང་མཐའ་ཤན་བསྒྲིལ་ཡོད་པའི་གོས་ཤིག་གྱོན་པ་དང་། རྐང་པར་རྣོ་ཞིང་རིང་བའི་འཇུར་རྟ་ཞིག་གྱོན་ཞིང་ཨ་ཙ་རའི་ཆས་ལུགས་རང་རེད། ཁོས་འཁྲབ་པའི་ལེ་ཚན་ཧ་ཅང་ངོ་མཚར་ཆེ་ཞིང་ལྟད་མོ་བ་མང་པོའི་ཡིད་དབང་འཕྲོག
ནུབ་ཅིག་ཨ་ཕ་ངེད་གཉིས་འཁྲབ་སྟོན་ལྟ་རུ་སོང་། གནམ་གཤིས་ཧ་ཅང་གྲང་བས་ལྟ་མཁན་ཉུང་ངུ་ལས་མི་འདུག ཨ་ཙ་རའི་འཁྲབ་སྟོན་བྱེད་པའི་ཚེ་དཀའ་ལས་ཆེན་པོ་རྒྱག་གི་འདུག ཁོ་སྐབས་འགར་མཐོ་ས་ནས་མར་མཆོང་བ་དང་། སྐབས་འགར་ཕྱིར་སྒྱུར་ལོག་བསྟུད་མ་བྱེད། ཡང་ན་རྟ་རྔ་འཇུས་ནས་མགྱོགས་པར་རྒྱུག་ཅིང་ཡང་ན་ལག་པ་གཉིས་སར་བཙུགས་ཤིང་རྐང་པ་གནམ་ལ་དཔྱངས་ནས་དལ་གྱིས་གོག་འགྲོས་བྱེད། རེ་འགའ་ལྕགས་སྐུད་ཐོག་འགྲོ་ཞིང་། རེ་འགའ་དགོད་འཛུམ་འཛུམ་གྱིས་གླུ་དབྱངས་ལེན། འཁྲབ་དཔོན་གྱིས་ཀྱང་ཨ་ཙ་རའི་ཆས་ལུགས་བྱས་ཤིང་རྟ་ལྕགས་ཁུར་ནས་ཚུལ་ལས་འདས་པའི་འཕར་མཆོང་རྒྱག་པ་རེད། ཁོས་བུ་ཡིས་གཞས་གཏམ་དང་རྩལ་རྩེད་བྱེད་པར་མཐོང་བའི་ཚེ་བཞིན་རས་སུ་སྐྱོ་བའི་ཉམས་ཤིག་མངོན་གྱི་འདུག
ངང་ཚུལ་འདི་དག་ལ་བལྟས་ཤིང་ཨ་ཕས་སྒྱུ་རྩལ་པ་ཆུང་ཆུང་འདི་ལ་ཤ་ཚ་ནས་རང་གི་རི་མོ་མཁན་གྲོགས་པོ་སྐུ་ཞབས་ཏའེ་ལེ་སི་དང་ཁ་བརྡ་བྱེད་འགོ་ཚུགས། ཁོ་ཚོ་ཁྱིམ་མི་ཚང་མས་ཤུགས་ཡོད་དགུས་ལས་ཀ་འགུལ་ཡང་ད་དུང་འཚོ་ཕྱིད་བྱེད་ཐུབ་ཀྱི་མི་འདུག ལྷག་པར་དུ་ཕྲུ་གུ་དེ་སྤྱང་གྲུང་འཛོམས་ན་ཡང་སློབ་གྲྭར་འགྲོ་བའི་གོ་སྐབས་མེད་པས། ཁོ་ཚོར་རོགས་རམ་ཞིག་བྱེད་ཐུབ་ན་ཅི་མ་རུང་ཞེས་བཤད་པ་རེད།
རི་མོ་བས་ཨ་ཕའི་བསམ་ཚུལ་དང་ལེན་ཞུས་ཤིང་ལག་པ་བརྡེབས་ནས་ཁྱོད་ཀྱིས་རྩོམ་ཡིག་ཡག་པོ་བྲི་བ་རེད། ངའི་རི་མོ་ཡང་སྡུག་པོ་མིན། ངེད་གཉིས་མཉམ་འབྲེལ་བྱས་ནས་རྟ་རྩེད་ཁང་ལ་ཆེད་འདྲི་ཞིག་བཟོས་ཤིང་ཞོར་དུ་སྒྱུ་རྩལ་པ་ཆུང་ཆུང་འདིའི་པར་རིས་བཀོད་དེ་ཉོ་བྲིན་ཆེས་ཆེ་བའི་《ཅ་ཙེ་ཏའི་ཉིན་རེའི་ཚགས་པར་》ཐོག་ལ་བཀོད་པ་ཡིན་ན་ཁོ་ཚོའི་སྐད་གྲགས་ཁྱབ་ཚད་ཇེ་ཆེར་ཕྱིན་ནས་ཚོང་དར་སྤེལ་འགྲོ་བར་ངེས། དེ་ནི་ཁོ་ཚོར་རོགས་རམ་དངོས་བྱེད་པ་མ་ཡིན་ནམ་ཞེས་བཤད་པ་རེད།
ངོ་མ་ཨ་ཕ་དང་རི་མོ་བའི་འབད་འབུངས་འོག་གྲུབ་འབྲས་བཟང་པོ་ཐོབ་སོང་། གྲོང་མི་ཚོས་ལག་པར་ཚགས་པར་ཁུར་བཞིན་དབྱར་ཆུ་རྒྱས་པ་ལྟར་རས་གུར་དེའི་ཕྱོགས་སུ་རྒྱུགས་པ་རེད། སྒྱུ་རྩལ་པ་ཆུང་ཆུང་དགའ་སྤྲོ་ཚད་མེད་ངང་ཟངས་ཊམ་སྡུད་བཞིན་ཡོད་པ་དང་འཁྲབ་དཔོན་ཡང་དགའ་སྤྲོ་ཆེན་པོ་སྐྱེས་པ་རེད། མི་ཚོགས་མང་པོའི་ལྟད་མོ་བའི་ནང་དུ་ངས་ང་ཚོའི་ལུས་རྩལ་དགེ་རྒན་དང་། བཞིན་རས་བཏེགས་ནས་ལྟ་བཞིན་ཡོད་པའི་རྡོ་བཟོ་བ་ཆུང་ཆུང་དང་ཁོའི་ཨ་ཕ། མཛུབ་མོ་བཀུགས་ནས་ལྟད་མོ་བའི་གྲངས་ཀ་རྩི་བཞིན་པའི་ཁ་ལའོ་ཧྥེ། ད་དུང་སྒྱོགས་དམག་ཏ་ཝུའུ་དང་མཁར་བ་ཁུར་བཞིན་པའི་བུ་ལའོ་ཕེ་ཏི་བཅས་མཐོང་བྱུང་། ཁོ་ཚོ་ཚང་མ་ནི་དེ་འདྲའི་སྒུག་ལོང་མེད་པར་དགའ་འབོད་བྱེད་ཅིང་ལོ་སར་གཏོང་བ་ལས་ཀྱང་དགའ་སྤྲོ་ཆེ།
འཁྲབ་སྟོན་དངོས་སུ་འགོ་ཚུགས་སོང་། སྒྱུ་རྩལ་པ་ཆུང་ཆུང་གིས་རྟའི་ཐོག་དང་། བརྫིས་སྟེགས་ཐོག ཐག་སྐུད་ཐོག་སྒྱུ་རྩལ་ངོམས་ཤིང་། ཡིད་དབང་འཕྲོག་པའི་ལག་རྩལ་གྱིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ། ཅུང་ཟད་སྒུག་རྗེས། ངས་ལུས་རྩལ་དགེ་རྒན་གྱིས་འཁྲབ་དཔོན་གྱི་རྣ་རྩར་ཅི་ཞིག་བཤད་ཀྱིན་ཡོད་པ་མཐོང་ཞིང་ཁོ་ཚོས་ང་ཚོའི་ཕྱོགས་སུ་ལྟ་ཙམ་ལྟ་ཙམ་བྱེད་བཞིན་འདུག སྒྱུ་རྩལ་པ་ཆུང་ཆུང་གིས་མུ་མཐུད་དེ་ཡིད་འཕྲོག་པའི་འཁྲབ་སྟོན་བྱེད་པ་དང་། ཁོས་གོས་ཆས་མི་འདྲ་བ་བརྗེས་ཤིང་འཁྲབ་མི་མི་འདྲ་བ་འཁྲབ་ཀྱིན་འདུག ངའི་མདུན་དུ་བརྒྱུད་ཐེངས་རེར་ཁོས་ང་ལ་བལྟས་ནས་དགའ་བཞིན་དགོད་པ་རེད།
ཆས་ལུགས་ཕུད་རྗེས་ཁོས་ཨ་ཙ་རའི་ཞྭ་མོ་ཁུར་ནས་གུས་འདུད་ཞུ་སར་ཡོང་ཞིང་། དགའ་ཞེན་ཆེ་བའི་ལྟད་མོ་བས་ཚོས་སིལ་ཏོག་དང་སྦྲང་། དངུལ་ཊམ་བཅས་ཞྭ་མོའི་ནང་དུ་འཕེན། ང་རང་ཡ་མཚན་པ་ནི་ཁོ་ངའི་མདུན་དུ་བསླེབས་པའི་ཚེ་ཞྭ་མོ་ཕར་བསྐུངས་ནས་ངའི་ཟངས་ཊམ་གཉིས་ལེན་མ་སོང་། ང་རང་ཅུང་ཟད་སྐྱོ་སྣང་སྐྱེ་སོང་།
འཁྲབ་སྟོན་མཇུག་བསྒྲིལ་སོང་། ང་རང་མི་ཚོགས་ཀྱི་ཁྲོད་ནས་བཙིར་ཏེ་སྒོ་ཁར་སོང་བའི་ཚེ། གློ་བུར་དུ་མི་ཞིག་གིས་ངའི་གོས་འཐེན་བཞིན་པ་ཚོར་བྱུང་། མ་གཞི་ནི་སྒྱུ་རྩལ་པ་ཆུང་ཆུང་རེད། ཁོས་ལག་ཟུང་གིས་སྦྲང་ཟས་གང་ཁུར་ནས་ང་ལ་དགོད་བཞིན་འདུག
ཁྱོད་ཀྱིས་སྦྲང་ཟས་འདི་ལེན་རོགས་ཞུ། ཁོས་ཕ་ཡུལ་གྱི་སྐད་རྒྱག་ནས་བཤད་པ་དང་ངས་མགོ་བོ་གུག་གུག་བྱེད་བཞིན་ལག་ཞོར་དུ་སྦྲང་གསུམ་བླངས་པ་ཡིན།
ངས་ཁྱོད་ལ་འོ་ཞིག་བྱེད་ཆོག་གམ་ཁོས་མུ་མཐུད་དེ་དྲིས།
ལོས་ཆོག འོ་གཉིས་བྱེད་ཀྱང་སྐྱོན་མེད། ངས་ངོ་ཕར་འཁོར་བ་ཡིན། ཁོས་ངོ་གདོང་ཐོག་གི་དཀར་ཕྱེ་ཕྱིས་ཙམ་བྱས་ནས་ངའི་སྐེ་ནས་བཀུགས་ཏེ་ངོ་ལ་འོ་གཉིས་བྱས་ཤིང་། གཅིག་ཁྱོད་ཀྱི་ཨ་ཕར་ཁུར་རོགས། ཁྱོད་ཚོ་བཀའ་དྲིན་ཆེ་ཞེས་བཤད་པ་རེད།
རྩོམ་གསར། 10