དགའ་གཅེས་སློབ་གསོ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2018-01-15

ལེའུ་དང་པོ།   ཟླ་བ་བཅུ་པ།

སློབ་འགོ་ཚུགས་པའི་ཉིན་དང་པོ།

    སློབ་གྲྭ་ཚོགས་འགོ་ཚུགས་སོང་།   ང་དེ་རིང་ནས་བཟུང་ཏུའུ་ལིན་སློབ་གྲྭར་ལོག་ནས་ལོ་རིམ་བཞི་པའི་སློབ་མ་ཞིག་བྱ་རྒྱུ་རེད།  ལམ་བར་དུ་ངས་ད་དུང་གུང་གསེང་དུས་ཀྱི་རང་དབང་དང་དགའ་སྤྲོའི་འཚོ་བ་ཡིད་ལ་དྲན་བཞིན་ད་རུང་གྲོང་གསེབ་ཀྱི་ཞིང་རར་རྩེད་རྒྱུག་གང་དགའ་བྱེད་པ་དང་མཚུངས། 

   སློབ་གྲྭར་བརྒྱུད་པའི་ཁྲོམ་ལམ་ཐོག་ཏུ་གང་སར་སློབ་མ་དང་ཁྱིམ་བདག་མཐོང་ཞིང་། དཔེ་ཚོང་ཁང་དུ་ཕྲུ་གུ་ཚོས་དགའ་སྤྲོའི་ངང་ནས་ཟིན་དེབ་དང་དཔེ་ཁུག་སོགས་ཡོ་ཆས་ཉོ་བཞིན་མཆིས་ལ།  ཕ་མ་དག་དགོད་འཛུམ་འཛུམ་གྱིས་འགྲམ་དུ་ལངས་ནས་སྒུག་ཅིང་ཕྲུ་གུའི་ཚོའི་འདོད་པ་བསྐོང་གང་ཐུབ་བྱས་པ་རེད།   སྦྱོང་ཆས་གསར་པ་ཐོབ་མཁན་ཚོ་ནི་དགའ་བས་བསྲན་མི་ཐུབ་ཅིང་ཡིད་ལ་མི་འོང་བ་རྣམས་ནི་མགོ་བོ་ཐུར་དུ་གུག་ནས་སེམས་སྡུག་གི་ཡོད་པ་སྨོས་ཅི་དགོས།    ལམ་རྒྱུད་ཀྱི་ཉེན་རྟོག་པ་ཡང་ཧ་ཅང་མང་ཞིང་།  པི་པི་འབུད་ཅིང་ལག་བརྡ་བརྒྱབ་པ་དང་ཤུགས་བསྒྲིམས་ནས་འགྲིམ་འགྲུལ་སྒྲིག་ལམ་སྲུང་འཛིན་བྱེད་ཀྱིན་འདུག   ང་དང་ཨ་མ་ལག་པ་འཇུས་རེས་བྱས་ནས་འཚང་ཁ་ཆེ་བའི་མི་ཚོགས་ཁྲོད་ནས་སློབ་གྲྭའི་སྒོ་ཁར་བཙིར་པ་ཡིན།

   ཨ་ཙི།  སློབ་གྲྭ་མཛེས་སྡུག་ལྡན་པ་ཞིག་མཐོང་སྣང་ལ་ཤར་བྱུང་།   ག་ས་གང་དུ་སློབ་གྲོགས་གསར་པར་བསུ་མ་བྱེད་པའི་སྦྱར་ཡིག་ཡོད་ལ།  ད་དུང་ཞིབ་མོའི་བློ་ཡིས་བཞག་པའི་མེ་ཏོག་སོ་མ་དང་ཁོག་མའི་མཛེས་ལྗོངས་ཀྱང་འདུག   མི་དར་མ་ཚང་མས་ལག་པ་གཅིག་གིས་ཕྲུ་གུ་ཁྲིད་ཅིང་ལག་གཅིག་གིས་བརྡ་ཤོག་འཁུར་བཞིན་བྲེལ་འཚུབ་ཀྱིས་སློབ་གྲྭས་སྔར་ལྷག་གིས་བཀོད་སྒྲིག་བྱེད་པར་སྒུག་བཞིན་འདུག   དགེ་རྒན་ཚོ་ཡང་གདོང་ལ་འཛུམ་མདངས་ཀྱིས་ཁེངས་བཞིན་ངང་རྒྱུད་རིང་ཞིང་ཚམ་ཚོམ་མེད་པར་དྲི་བར་ལན་འདེབས་བཞིན་མཆིས།  ཧ་ཧ།  སློབ་གྲྭ་ནི་ངོ་མ་ཟློས་གར་ཁང་ཞིག་འདྲ་ལ།  མི་ཚང་མས་འཁྲབ་བྱའི་མི་སྣ་རེ་རེ་འཁྲབ་བཞིན་ཡོད། 

 སློབ་གྲྭར་སོ་མར་ཞུགས་པའི་སློབ་མ་དེ་ཚོ་ཧ་ཅང་དགོད་བྲོ་བ་སྟེ་འགའ་ཞིག་ནི་དཔའ་ཁྲིག་ཁྲིག་རྐུབ་སྟེགས་ཀྱི་ཐོག་ལ་སྡོད་པ་དང་།  འགའ་ཞིག་གིས་མཆུ་ཏོ་བརྐྱངས་ནས་སྐད་ཆ་མི་བཤད་ཅིང་།  འགའ་ཞིག་མི་བདེ་ནས་ངུ་ཅོར་རྒྱག་པ་དང་།  ཡང་མིན་ན་སྒོ་འགྲམ་གྱི་ཀ་བར་གླགས་ཡུས་བཤད་དེ་ཁ་ཏ་བསླབ་བྱ་ག་ཚད་བྱས་ཀྱང་ཕ་མ་དང་ཁ་བྲལ་འདོད་མེད་པ་རེད།   ང་རང་ལྐོག་ཏུ་གད་མོ་ཤོར་བ་དང་སེམས་ནང་དུ་ང་རང་དེའི་དུས་ཀྱང་འདི་འདྲའི་ཁྱད་མཚར་བ་ཞིག་ཨེ་ཡིན་ནམ་སྙམ་བྱུང་། 

 ལོ་གསུམ་འགྲོ་མྱོང་བའི་ཚོམས་ཆེན་བརྒྱུད་པའི་སྐབས་སུ།  ང་ལ་ཡི་གེ་སློབ་མྱངས་པའི་བུད་མེད་དགེ་རྒན་ཞིག་གིས་ལག་པ་གཡུགས་ནས་ཨན་ལི་ཁའོ།  ད་ལོ་ཁྱོད་ཁང་ཐོག་ལ་འགྲོ་དགོས་པ་རེད།  རྗེས་མར་ཁྱོད་ང་ཚོའི་སློབ་ཁང་འགྲམ་དུ་བརྒྱུད་དགོས་པ་གཏན་ནས་མཐོང་རྒྱུ་མ་རེད་ཅེས་བཤད་བྱུང་།   ངའི་སེམས་པ་སྐྱུར་ལྷང་ངེར་ཆགས་ཤིང་གླེན་དགོད་མ་ཆད་པར་མགོ་བོ་གཡུག་གཡུག་བྱེད་པ་ཡིན།  འོ་རེད།  ངས་ད་དུང་སློབ་གཙོ་ཡང་མཐོང་བྱུང་།  ཁོང་གི་སྐྲ་དཀར་པོ་དེ་བས་མང་དུ་སོང་བ་དང་།  ལུས་འགྲམ་དུ་ལོ་རིམ་དང་པོའི་ཕྲུ་གུ་ཚོ་དང་ཁྱིམ་བདག་གིས་བསྐོར་ནས་འདུག

 ངས་ཕར་ལྟ་ཚུར་ལྟ་བྱེད་པའི་དུས་སུ་མི་ཞིག་གིས་ངའི་ཕྲག་པར་རྡེག་ཙམ་བྱེད་བྱུང་།  ངས་ཁ་ཕྱིར་འཁོར་ནས་བལྟས་དུས།  ལོ་རིམ་གསུམ་པའི་སྐྲ་འཁྱིལ་དགེ་རྒན་རང་རེད་འདུག   ཁོང་གིས་ང་ལ་གཟབ་ནན་གྱིས་ཨན་ལི་ཁའོ།  ཁ་གྱེས་རན་ཐལ།   དགེ་རྒན་གྱིས་ཁྱོད་རང་དྲན་གྱི་ཡིན་ཞེས་བཤད་བྱུང་།   ངོ་མ་ངས་སྔ་ནས་ཆ་རྒྱུས་ཡོད་པའི་མི་དང་ཁ་གྱེས་པ་ནི་སེམས་སྐྱོ་བའི་དོན་དག་ཅིག་ཡིན་པ་ཤེས་ཀྱང་།   དེ་རིང་དེ་བས་སེམས་ཕམ་པའི་སྣང་བ་ཞིག་སྐྱེས་བྱུང་།   ངས་སེམས་ནང་དུ་བརྩེ་བའི་དགེ་རྒན་ལགས།  ངས་ནམ་ཡང་ཁྱེད་ཉིད་བརྗེད་མི་སྲིད་ཅེས་འདོན་པ་ཡིན།

 ཆུ་ཚོད་བཅུ་པ་རེད་སོང་།  ང་རང་ཡུན་རིང་རེ་སྒུག་བྱེད་པའི་སློབ་ཁང་གསར་པར་འགྲོ་ཐུབ་སོང་།   ངས་རྩིས་ཤིག་རྒྱག་དུས་འཛིན་གྲྭ་གསར་པར་མི་ལྔ་བཅུ་ང་ལྔ་ཡོད་པ་དང་།  ལོ་རིམ་གསུམ་པའི་སློབ་གྲོགས་རྙིང་པ་མི་བཅོ་ལྔ་ལས་མི་འདུག་ཅིང་ནམ་ཡང་སྦྱངས་འབྲས་ཨང་དང་པོ་བླངས་པའི་ཏའེ་ལའོ་ཞི་ཡང་དེའི་ཁྲོད་དུ་ཡོད་ཅིང་།   དེ་མིན་ཚང་མ་ནི་ངོ་གདོང་གསར་པ་ཤ་སྟག་རེད། 

 དགེ་རྒན་གསར་པ་བསླེབས་བྱུང་།  ཁོང་གི་སྐུ་གཟུགས་ཧ་ཅང་ཆེ་ཞིང་།  སྐྲ་ལོ་རབ་ཏུ་དཀར་བ་དང་།   ཐོད་པར་ད་དུང་གཉེར་རིས་ཟབ་མོ་ཞིག་འདུག   དགེ་རྒན་འདིའི་སྐད་གསང་ཧ་ཅང་མཐོ་ཞིང་མིག་ཟུང་ལ་འོད་མདངས་བཀྲ་བས་མིའི་སེམས་ཀྱང་མངོན་གསལ་དུ་མཐོང་ཐུབ་པ་ལྟ་བུ་ཞིག་རེད།  ང་རང་གིས་ཁོང་ནི་ཅུང་གཟབ་ནན་ལྡན་པ་ཞིག་ཡིན་སྣང་ཤར་ཞིང་དགོད་རྒྱུར་ཧ་ལམ་མི་དགའ་བ་འདྲ།  ཨོ།  ངས་བྱམས་བརྩེ་ལྡན་པའི་སྐྲ་འཁྱིལ་དགེ་རྒན་དྲན་བྱུང་།  ཁོང་གི་འཛུམ་དགོད་ཀྱིས་ང་རང་ལ་དུས་ནམ་ཡང་ཡང་ཞིང་སྐྱིད་པའི་སྣང་བ་ཞིག་སྟེར་གྱིན་རེད།  

 སྐབས་འདིར་ངས་སློབ་གྲྭ་སྔ་ལྟར་བྲོ་བ་ལྡན་པ་ཞིག་ཡིན་སྣང་མི་ཤར།  དྲན་ཚོད་ལ་ད་དུང་ཟླ་བ་དགུའི་རིང་གི་དུས་ཚོད་ཡོད་ཅིང་།   བགྲང་མི་ཚར་པའི་ལས་བྱ་དང་།  ཚན་པའི་ཚོད་རྒྱུགས།  དཔྱད་བསྡུར་སོགས་ཇི་འདྲའི་སུན་སྣང་ལྡན་པ་ཞིག་རེད་ཨང་།   སློབ་ཁང་ལས་བུད་རྗེས་ང་རང་བྱ་འཕུར་བ་ལྟར་ཨ་མའི་མདུན་དུ་རྒྱུགས་པ་ཡིན།  ཨ་མས་ང་པང་དུ་བླངས་ནས་ཞལ་འཛུམ་ཏེ་ཨན་ལི་ཁའོ།  རིག་པ་སྒྲིམས་ཤིག   སློབ་དུས་གསར་པས་ཁྱོད་ཀྱི་འཚར་ལོངས་བྱུང་ཚུལ་ལ་བདེན་དཔང་གྱིས་ཤིག་ཨང་ཞེས་བཤད་བྱུང་།   

ངའི་དགེ་རྒན་གསར་པ།

 དེ་རིང་ནི་སློབ་གྲྭ་ཚུགས་པའི་ཉིན་གཉིས་པ་རེད།  ངས་དགེ་རྒན་གསར་པ་དེ་ཚང་མའི་མིག་སྣང་དུ་ཇེ་ཡག་ནས་ཇེ་གཅེས་སུ་འགྱུར་བཞིན་པ་མཐོང་བྱུང་།

 ལྟོས་དང་།  ཞོགས་པར་སློབ་ཁང་དུ་འགྲོ་མ་ཐག་ཁོང་ཁྲིད་སྟེགས་ཀྱི་མདུན་དུ་བཞུགས་ཚར་ཞིང་།  དགོད་འཛུམ་འཛུམ་གྱིས་ང་ཚོ་ལ་ཞོགས་པ་བདེ་ལེགས་ཞེས་འབོད་པ་རེད།  སྐབས་འགར་ངོ་མི་ཤེས་པའི་སློབ་གྲོགས་ཁ་ཤས་སྒོ་སྲུབས་ནས་མགོ་བསྲིངས་ཏེ་ཁོང་ལ་ཁ་ཡ་བྱེད་པ་རེད།  ལྷག་པར་དུ་སློབ་མ་ཁ་ཤས་ཐད་ཀར་ནང་དུ་ཡོང་ནས་དགེ་རྒན་ལ་གུས་བཀུར་ཞུས་ནས་འཚམས་འདྲི་བྱེད་པ་དང་།  ཡང་ན་གཅེས་ལང་གི་ཚུལ་གྱིས་དགེ་རྒན་ལ་མུ་མཐུད་དེ་ཁོ་ཚོར་སློབ་ཁྲིད་བྱ་དགོས་པའི་རེ་བ་ཞུས་ཤིང་དེའི་རྗེས་བྲལ་མི་ཕོད་པ་ལྟར་ཕྱིར་ལོག་པ་རེད།  སློབ་མས་སེམས་ནང་བཞག་པའི་དགེ་རྒན་ནི་ངན་པ་ཞིག་མིན་ངེས་པས་ང་རང་ལྐོག་ཏུ་སྤྲོ་བ་ལངས་བྱུང་། 

 མིང་ཐོ་འབོད་པའི་རྗེས་སུ་དགེ་རྒན་གྱིས་ང་ཚོར་མིང་ཚིག་གསར་པ་དཔོད་འབྲི་བྱེད་དུ་བཅུག   ཁོང་གིས་དཔེ་ཆ་ཁུར་ནས་ཚུར་འགྲོ་ཕར་འགྲོ་བྱས་ཤིང་དུས་ཐོག་ང་ཚོའི་སྦྱོང་དེབ་ཐོག་ཤར་བའི་ཡིག་ནོར་དང་ཡི་གེ་འབྲི་དུས་འདུག་སྟངས་མི་ལེགས་པའི་སྐྱོན་ཆ་ཡོ་བསྲང་བྱས་པ་རེད།

 གློ་བུར་དུ། དགེ་རྒན་འགྲམ་པ་དམར་པོ་ཆགས་པའི་སློབ་གྲོགས་ཤིག་གི་མདུན་དུ་འགྲོ་མཚམས་བཞག་ཅིང་མར་སྒུར་ནས་ལག་པས་ཁོའི་མགོ་བོར་བྱིལ་བྱིལ་བྱས་ཏེ་བརྩེ་སེམས་ཆེན་པོས་ཁྱོད་རང་ལ་མི་བདེ་བའི་ཚོར་བ་མ་བྱུང་ངམ་ཞེས་དྲིས་པ་རེད།

 སྐབས་དེར་གྲལ་རྒྱབ་ཡོད་པའི་བསྟན་བཤིག་ཚ་པོ་ཞིག་གིས་བར་སྐབས་དེར་བསྟུན་ནས་རྩེད་ཆས་བླངས་ནས་རྐུབ་སྟེགས་ཀྱི་ཐོག་ཏུ་མཆོང་པ་རེད།   སྐབས་དེར་ཏག་ཏག་དགེ་རྒན་དེ་མུར་ཁ་ཕར་འཁོར་སོང་།  བུ་ཆུང་དེས་བྲེལ་འཚུབ་ཀྱིས་མགོ་བོ་སྒུར་ནས་ཆད་གཅོད་དང་ལེན་བྱ་རྒྱུ་སྒུག་ནས་བསྡད།  བསམ་ཡུལ་ལས་འདས་པ་དགེ་རྒན་གྱིས་ཁོའི་ལྟག་རྒྱབ་ལ་རྡེག་ཙམ་བྱས་ནས་སྐད་དམའ་ངུས་རྗེས་མ་དེ་ལྟར་མ་བྱེད་ཅེས་མངག་གཏམ་བྱེད་པ་ལས་དེ་མིན་གང་ཡང་བཤད་མ་སོང་། 

   དཔོད་འབྲི་བྱས་རྗེས།   དགེ་རྒན་གྱིས་ཁུ་སིམ་མེར་ང་ཚོར་བལྟས་ཤིང་།   སྐད་གསང་མཐོན་པོས་བུ་ཕྲུག་ཚོ།  ང་ཚོས་མཉམ་དུ་སྤྲོ་སྐྱིད་ལྡན་པའི་ལོ་གཅིག་འཚོ་དགོས་པ་རེད།  ཁྱོད་ཚོས་སློབ་སྦྱོང་ཡག་པོ་བྱེད་ཅིང་སྒྲིག་ལམ་སྲུང་བ་དང་།  སྦྱངས་འབྲས་བཟང་ཞིང་ཀུན་སྤྱོད་ལེགས་པའི་ཕུལ་བྱུང་སློབ་མ་ཞིག་བྱེད་དགོས།  ངའི་ཕ་མ་ཚོ་ཞིང་ཁམས་ལ་ཕེབས་ཚར་བ་རེད།  འཇིག་རྟེན་འདིར་ང་རང་གཅིག་པུ་ལས་ལྷག་མེད།   ཁྱོད་ཚོ་ནི་ངའི་གཉེན་ཉེ་རེད།   ངའི་ཕྲུ་གུ་ཚོ།  ངས་རང་སེམས་ཀྱིས་ཁྱོད་ཚོ་དགའ་འདོད་ཡོད་ཅེས་བཤད་པ་རེད།   དགེ་རྒན་གྱི་མིག་མཆི་མས་བརླན་སོང་།  ང་ཚོའི་འཛིན་གྲྭ་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན།   ང་རང་ལ་ཁྱོད་ཚོའི་བདེ་སྡུག་ལོངས་སུ་སྤྱོད་དུ་འཇུག་རོགས་དང་།   ག་དུས་ཡིན་ཡང་ངས་ཁྱོད་ཚོའི་ནང་གི་གང་ཡང་རུང་བ་ཞིག་ལ་ཆད་པ་གཅོད་འདོད་རྩ་བ་ནས་མེད།  ད་ལྟར་ངས་ཁྱོད་ཚོར་ཁས་ལེན་དམ་བཅའ་བྱེད་དུ་འཇུག་རྒྱུ་མིན།   ཁྱོད་ཚོའི་སེམས་ནང་དུ་ངའི་རེ་བ་དང་ལེན་ཞུས་ཚར་བ་ངས་ཐག་གིས་ཆོད།  བཀའ་དྲིན་ཆེ།

 ཚང་མའི་མདུན་དུ་དགེ་རྒན་གྱིས་གུས་འདུད་ཆེན་པོ་ཞིག་ཞུས་བས་སློབ་མ་ཚང་མས་མིག་རྡོག་ཆེར་བགྲད་པ་དང་།   ཅུང་ཙམ་སྒུག་རྗེས་སློབ་ཁང་ནང་དུ་སྤྲོ་དགས་ཁྱབ་སོང་།  ང་རང་དེ་རིང་ལྟ་བུའི་སེམས་འགུལ་ཐེབས་མ་མྱོང་ཞིང་།  ངས་དགེ་རྒན་གསར་པ་འདི་ནི་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡིན་སྣང་ཤར་བ་དང་།  དགོད་རྒྱུ་དགའ་བའི་སྐྲ་འཁྱིལ་དགེ་རྒན་ལས་མི་དམན་ཞིང་ད་དུང་དེ་བས་ཞི་འཇམ་ལྡན་པ་ཞིག་ཡིན་ནའང་སྲིད།

 སློབ་གྲྭ་གྲོལ་སོང་།  ང་ཚོ་རེ་རེ་བཞིན་ཁུར་སིམ་མེར་སྡོད་གནས་ནས་ཁ་བྲལ་བ་ཡིན།  རྐུབ་སྟེགས་ཐོག་ཏུ་མཆོང་པའི་སློབ་མ་བུ་ཆུང་དེ་དགེ་རྒན་གྱི་འགྲམ་དུ་ཕྱིན་ནས་ཁ་སྐྱེངས་པའི་ཚུལ་གྱིས་དགེ་རྒན་ལགས།  ང་ལ་བཟོད་སྒོམ་གནང་རོགས་ཞེས་བཤད།  དགེ་རྒན་གྱིས་ཁོའི་ཐོད་པར་འོ་ཞིག་བྱས་ནས་སྐྱོན་མེད།   མགྱོགས་པོར་ཕྱིར་ལོག་ངའི་བུ་ཕྲུག་བཟང་པོ་ཞེས་བཤད་པ་རེད།  

བསམ་ཡུལ་ལས་འདས་པའི་ཆག་སྒོ།

 དེ་རིང་ཞོགས་པར།  ཨ་ཕས་ང་རང་སློབ་གྲྭར་བསྐྱལ་ནས་སློབ་གྲྭའི་སྒོ་འགྲམ་དུ་བསླེབས་ཚེ།  ང་ཚོས་ལམ་འགྲོ་བ་མི་མང་པོས་སྐད་ཅོར་བརྒྱབ་སྟེ་སློབ་གྲྭའི་ཕྱོགས་སུ་རྒྱུག་སོང་བར་མཐོང་།  ཨ་ཕ་ཡ་མཚན་ཆེན་པོ་སྐྱེས་ཤིང་ཕྱོགས་གཅིག་ངའི་ལག་པ་འཇུས་ནས་གོམ་འགྲོས་ཇེ་མགྱོགས་སུ་བཏང་ཞིང་།  ཕྱོགས་གཅིག་ནས་གློ་བུར་གྱི་དོན་རྐྱེན་ཞིག་བུད་པ་མ་ཡིན་ནམ་ཞེས་ཤབ་ཤུབ་བྱེད་བཞིན་འདུག

 ང་ཚོ་བཙིར་རེས་བྱས་ནས་སློབ་གྲྭར་བསླེབས་ཚེ།  ངལ་གསོ་ཁང་གི་ནང་དུ་ཚང་མ་སློབ་མ་དང་ཁྱིམ་བདག་རེད།  སློབ་གཙོའི་གཞུང་ལས་ཁང་བསྐོར་ནས་ཐར་ས་མི་འདུག་ཅིང་མི་རྣམས་ཀྱིས་དེ་གར་གླེང་མོལ་བྱེད་བཞིན་ཡོད་ལ།  ཁ་ཤས་ཀྱིས་སྐེ་རིང་དུ་བརྐྱངས་ནས་ནང་དུ་ལྟ་གང་ཐུབ་བྱེད་ཀྱི་འདུག   མཚམས་རེར་མི་ཁ་ཤས་ཀྱིས་སྙིང་རྗེ་བའི་ཕྲུ་གུ།  སྙིང་རྗེ་བའི་ལོ་ཕའེ་ཏི་ཞེས་ཤུགས་རིང་འབྱིན་བཞིན་མཆིས། 

 འགུལ་བཞིན་པའི་མི་མགོ་དེ་དག་ལས་བརྒལ་རྗེས།  ངས་ཉེན་རྟོག་པའི་ཞྭ་མོ་མཐོ་པོ་དང་ད་དུང་སློབ་གཙོའི་འོད་རིལ་རིལ་གྱི་མགོ་བོ་དེ་དག་རབ་རིབ་ཀྱིས་མཐོང་བྱུང་།   ཅུང་ཟད་སྒུག་རྗེས།   འཕྱིང་ཞྭ་མཐོ་པོ་གྱོན་པའི་སྐུ་ཞབས་ཤིག་བསླེབས་བྱུང་།  མི་རྣམས་ཀྱིས་ཁྱོད་ཀྱིས་ཅིག་བཤད་ང་ཡིས་ཅིག་གླེང་ནས།  འགྲིག་སོང་།  འགྲིག་སོང་།  སྨན་པ་བསླེབས་སོང་ཞེས་བཤད་པ་རེད།

 ཨ་ཕས་འགྲམ་དུ་ལངས་ཡོད་པའི་དགེ་རྒན་ལ་ཡང་སྙིང་ཅི་ཞིག་བྱུང་སོང་ཞེས་དྲིས།

 ཕྲུ་གུ་ཆུང་ཆུང་ཞིག་གི་རྐང་པ་འཁོར་ལོས་མནན་ནས་རྨས་པ་རེད།

 རྐང་པའི་རུས་པ་ཡང་བཅག་འདུག  ལས་ངན། དགེ་རྒན་ཞིག་གིས་ཡང་དེ་ལྟར་ལན་བཏབ།

 མ་གཞིར་རྨས་ཕོག་པའི་བུ་ཆུང་དེ་ནི་ལོ་རིམ་གསུམཔའི་ལའོ་ཕའེ་ཏི་རེད།  སྔ་དྲོར་སློབ་གྲྭར་འགྲོ་དུས་ལའོ་ཕའེ་ཏིས་ལོ་རིམ་དང་པོའི་སློབ་མ་ཞིག་ཨ་མའི་ལག་པ་ལས་བྲལ་ནས་གཅིག་པུ་གཞུང་ལམ་གྱི་དཀྱིལ་དུ་རྒྱུག་པ་དང་ཡིད་འཇོག་མ་བྱས་ནས་སར་འགྱེལ་བ་རེད།   ཏག་ཏག་དེའི་དུས་སུ་ཐག་མི་རིང་བར་ན་ཤིང་རྟ་འཁོར་ལོ་ཞིག་སླེབས་པ་དང་ཁ་ལོ་བས་ཁ་བསྒག་ཁོམ་མེད་པར་བལྟས་བལྟས་རིག་རིག་ལ་ཕྲུ་གུའི་སྟེང་དུ་རྡུང་རན་པའི་སྐབས་དེར།   དཔའ་ངར་ཆེ་བའི་ལའོ་ཕའེ་ཏི་མདའ་འཕེན་པ་ལྟར་འཕུར་རྒྱུག་བྱས་ནས་ཕྲུ་གུ་ལམ་འགྲམ་དུ་འབུད་ཐུབ་བྱུང་ཡང་། རང་ཉིད་བྲོས་བྱོལ་མ་ཁོམ་ནས་རྐང་པར་མནན་པ་རེད།

 མི་རྣམས་ཀྱིས་ཨེ་མ་མ་ཞེས་བསྟོད་བསྔགས་བྱེད་པའི་ཚེ་བུད་མེད་ཅིག་སྨྱོན་པ་ལྟར་མི་ཚོགས་ནས་ལམ་ཞིག་འབྱེད་དེ་ཚོམས་ཆེན་དུ་རྒྱུག་སོང་།  མོ་རང་ནི་ལའོ་ཕའེ་ཏིའི་ཨ་མ་རེད།  དེ་མུར་ཡང་བུད་མེད་ཅིག་བྲེལ་འཚུབ་ཀྱིས་རྒྱུགས་ཡོང་ནས་ལའོ་ཕའེ་ཏིའི་ཨ་མ་འཐམས་ཏེ་སྐད་ཤུགས་ཆེན་པོས་ངུ་བ་དང་།  མོ་ནི་སྲོག་སྐྱོབ་པའི་ཕྲུ་གུའི་ཨ་མ་རེད།   སྐྱོ་སྡུག་ཆེ་བའི་ཨ་མ་གཉིས་ཕན་ཚུན་སྐྱོར་རེས་བྱས་ནས་གོམ་པ་རེ་རེ་བཞིན་སློབ་གཙོའི་གཞུང་ལས་ཁང་གི་ཕྱོགས་སུ་བསྐྱོད།

 སྐབས་འདིར་ལའོ་ཕའེ་ཏི་སྨན་ཁང་དུ་བསུ་ས་ཡོང་བའི་ཤིང་རྟ་འཁོར་ལོ་སློབ་གྲྭའི་སྒོ་ཁར་བསྡད་སོང་།   སློབ་གཙོས་ལའོ་ཕའེ་ཏི་པང་དུ་ཁུར་ནས་ཕྱིར་བསླེབས་བྱུང་།   ལའོ་ཕའེ་ཏིའི་བཞིན་རས་ཐལ་མདོག་ཅན་གྱུར་ཅིང་མིག་ཟུང་དམ་དུ་བཙུམ་པ་དང་།   ནུས་ཟད་ཀྱི་མགོ་བོ་ཆུང་ཆུང་སློབ་གཙོའི་ཕྲག་པར་བསྙེས་འདུག   མི་ཚང་མས་སྐད་ཆ་མི་ཤོད་ཅིང་ལའོ་ཕའེ་ཏིའི་ཨ་མའི་ངུ་སྒྲ་གསལ་ལྷང་ངེར་ཐོས་པ་ལས་མཐའ་འཁོར་ཀུན་ཏུ་ཧ་ཅང་ཁུ་སིམ་མེར་འདུག 

 སློབ་གཙོས་དཔུང་ཟུང་གིས་ལའོ་ཕའེ་ཏི་རན་ཙམ་བཀྱག་ནས་ཚང་མ་ལ་དཔའ་བོ་ཆུང་ཆུང་འདི་གསལ་པོ་ཞིག་མཐོང་དུ་བཅུག་པ་རེད།  དགེ་རྒན་དང་ཁྱིམ་བདག་ཡིན་ནའང་འདྲ།   ཕྲུ་གུ་ཚོ་ཡིན་ནའང་འདྲ།   ཚང་མས་ཁོ་ལ་འོ་མདའ་རྒྱུན་ཆད་མེད་པར་འཕེན་ཞིང་མགྲིན་གཅིག་ཏུ་ལའོ་ཕའེ་ཏི།  ཁྱོད་ངོ་མ་དཔའ་ངར་ཆེ།

ལའོ་ཕའེ་ཏི།  ཁྱོད་དཔེ་མི་སྲིད་པ་ཞིག་རེད།  ཅེས་བཤད་པ་རེད།  མི་འགའ་ཞིག་གིས་ད་དུང་ལུས་པོ་མར་སྒུར་ནས་ཁོའི་ལག་པ་དང་དཔུང་པར་འོ་ཡང་མོ་ཞིག་བྱས། 

   ལའོ་ཕའེ་ཏིས་མིག་དལ་གྱིས་ཕྱེ་ཞིང་ཟུངས་ཟད་པའི་སྒོ་ནས་ངའི་དཔེ་ཁུག་གང་དུ་ཡོད་དམ་ཞེས་བཤད།   སྲོག་སྐྱོབ་པའི་ཕྲུ་གུའི་ཨ་མས་མིག་ཆུ་བསྲན་ནས་དཔེ་ཁུག་ཕར་སྤྲད་དེ་ཞི་འཇམ་གྱིས་སེམས་ཁྲལ་མ་བྱེད།  བུ་ཕྲུག   ངས་ཉར་ཚགས་བྱེད་རོགས་བྱེད་ཡོད་ཅེས་བཤད།   མཚམས་འདིར་ལའོ་ཕའེ་ཏིའི་ཨ་མའི་གདོང་ལ་ཡང་འཛུམ་རིས་ཅུང་ཟད་ཤར་བྱུང་།

   མི་རྣམས་ཀྱིས་སློབ་གཙོ་དང་ལའོ་ཕའེ་ཏི་བསྐོར་ནས་མདུན་དུ་ཕྱིན་སོང་།  སློབ་གཙོས་གཟབ་གཟབ་བྱས་ནས་ལའོ་ཕའེ་ཏི་ཤིང་རྟའི་འཁོར་ལོའི་ཐོག་བཞག་ཅིང་ཤིང་རྟ་འཁོར་ལོ་དལ་གྱིས་རྒྱང་རིང་དུ་སོང་བར་མིག་གིས་སྐྱེལ་མ་བྱས།   ང་ཚོ་ཚང་མས་ཤིང་རྟའི་འཁོར་ལོ་མིག་གིས་མི་མཐོང་བའི་བར་དེར་སྒུག་རྗེས་གཞི་ནས་འཇམ་འཇགས་འཇགས་སློབ་ཁང་དུ་ལོག་པ་ཡིན།


  • ལེ་ཚན་སྔོན་མ།:སངས་རྒྱས་ཀྱིས་མེ་ཏོག་ཐོགས་པ།
  • ལེ་ཚན་རྗེས་མ།:དགའ་གཅེས་སློབ་གསོ།