འཇམ་དབྱངས་མཁྱེན་རབ་ཀྱིས་བསྒྱུར། 2017-04-01
དཔྱིད་ཀར་ཆུ་རྒྱས་པ།
དཔྱིད་ཀར། ཁ་བ་དེ་མ་ཐག་ཏུ་ཞུ་ལ། ཆུ་བོ་བལྟས་བལྟས་རིག་རིག་ལ་རྒྱས་ནས་འགྲམ་ངོགས་གཉིས་མགྱོགས་མྱུར་ངང་བསྣུབས་སོང་། གཤོང་ས་ཁ་ཤས་ཆུ་བོས་ཁེངས་ཤིང་། སྲོག་ཆགས་ལ་ཆག་སྒོ་འབྱུང་བའི་ལྟས་ངན་པ་ཕྱོགས་བཞི་མཚམས་བརྒྱད་ནས་ཁྱབ་ཡོང་ལ། གནོད་སྐྱོན་ཆེས་ཚབས་ཆེན་ཕོག་པ་ནི་རི་བོང་དང་ཨ་བྲ་སོགས་ཡིན། ད་དུང་གཞན་ས་ངོས་དང་ས་འོག་ཏུ་འཚོ་བའི་སྲོག་ཆགས་ཆུང་ཤས་འགའ་ཡང་ཡོད། ཆུ་བོས་འཕྲལ་མར་ཁོ་ཚོའི་སྡོད་ཁང་གཤགས་པ་ན་སྲོག་ཆགས་དེ་ཚོས་སྡོད་ཁང་བསྐྱུར་ཏེ་ཕྱིར་མི་འབྲོ་ཐབས་མེད་བྱུང་།
སྲོག་ཆགས་ཆུང་ཆུང་ཀུན་སྲོག་ཉེན་ལས་ཐར་ཐབས་བསམ་ན། བྲོས་མྱུར་ཇི་ཙམ་མགྱོགས་པ་དང་བྲོས་ཐག་རྒྱང་ཇི་ཙམ་རིང་ན་དེ་ཙམ་གྱིས་ཡག གཟུགས་ཐུང་སྲེ་མོང་རང་གི་ཚང་ལས་ཕྱིར་བྲོས་ནས་སྡོང་ཕྲན་ཐོག་འཛེགས་ནས་དེ་རུ་ཙོག་པུར་བསྡད་དེ་ཆུ་བོ་སྣུབ་པར་བསྒུག་པ་དང་། སྲེ་མོང་བྲོས་ནས་འགྲོ་བའི་ཚུགས་ཀ་ནི་དངོས་གནས་སྙིང་རྗེ་འདུག རྒྱུ་མཚན་ནི་ཁོ་ཧ་ཅང་ལྟོགས་པའི་ཕྱིར་ཡིན།
ཆུ་བྲུག་པ་ཧ་ཅང་མགྱོགས། ཨ་བྲ་མགྱོགས་མྱུར་གྱིས་བྲོས་པ་མིན་ན། བྲུག་ཡོང་བའི་ཆུ་རང་གི་ཚང་ནང་དུ་འཁྱིལ་ཡོང་ནས་དབུགས་བཀག་ནས་འཆི་ངེས། ཁོ་ས་འོག་ནས་ཕྱིར་བུད་ཅིང་ཆུ་ངོས་སུ་འཕགས་ནས་མྱུར་དུ་སྐམ་ས་ཞིག་བཙལ་ཏེ་ཉེན་ཁར་གཡོལ་དགོས།
ཨ་བྲ་ཡི་རྐྱལ་རྩལ་ནི་ཕུལ་དུ་བྱུང་བ་ཞིག་ཡིན། ཁོ་སྨི་བཅུ་ཁ་ཤས་ཆུ་ལ་རྐྱལ་རྗེས་ད་གཟོད་ཆུ་འགྲམ་ཏུ་ཐོན་པ་ཡིན། ཁོས་རང་ནི་སྟབས་ལེགས་པར་བསམ་པ་སྟེ། ཁོའི་སྣུམ་ཤུར་ཤུར་གྱི་པགས་པ་མ་གཞི་ཤིན་ཏུ་མཐོང་སླ་ཡང་། ད་རེས་འདབ་ཆགས་དང་དུད་འགྲོ་གཅིག་གིས་ཀྱང་མ་མཐོང་བ་རེད།
ཁོ་འགྲམ་ངོགས་སུ་བདེ་བླག་ངང་འཛེགས་རྗེས་ས་འོག་ཏུ་འཛུལ་ནས་གབ།
ཤིང་སྡོང་ཐོག་གི་རི་བོང།
དཔྱིད་ཆུ་རྒྱས་བཞིན་པའི་དུས་སུ་དོན་དག་ཅིག་བྱུང་བ་ནི། ཡངས་ཤིང་རྒྱ་ཆེ་བའི་ཆུ་བོ་ཞིག་གི་དཀྱིལ་ན་གླིང་ཕྲན་ཞིག་ཡོད་ལ། གླིང་ཕྲན་དེའི་སྟེང་ན་རི་བོང་ཞིག་འཚོ་བཞིན་ཡོད། རི་བོང་དེ་ཉི་མ་རེ་རེ་བཞིན་དགོང་མོར་ནགས་རྫོབ་ཀྱི་ཁྲོད་ནས་ཕྱིར་བུད་དེ་སྦྱར་དཀར་གྱི་ཤིང་ལྤགས་སྙི་མོ་འབྲད་པ་དང་། ཉིན་དཀར་འཇམ་ཐིང་ཐིང་ངང་ནགས་རྫོབ་ཁྲོད་གབ་ནས་འདུག་པ་མ་གཏོགས། སྤྱང་ཀིས་མཐོང་ན་སྲོག་ཤོར་བ་ལ་སྐྲག་དགོས།
རི་བོང་དེ་ད་དུང་ཆུང་ཆུང་ཞིག་ཡིན་ལ། བློ་རིག་ཀྱང་རྣོན་པོ་ཞིག་མིན།
རི་བོང་གིས་ནམ་ཡང་ཆུ་བོ་སྟེང་དུ་བྱུང་བའི་འགྱུར་ལྡོག་ལ་ཉམས་མི་འཇོག ཆུ་བོས་འཁྱགས་རོམ་རྡོག་པོ་མང་པོ་གླིང་ཕྲན་གྱི་མཐའ་སྐོར་ནས་སྒྲ་གྲགས་ན་ཡང་། ད་དུང་ཤེས་མ་སོང་།
ཆུ་ལོག་བྱུང་བའི་ཉིན་དེར། རི་བོང་ནགས་རྫོབ་ཁྲོད་ཀྱི་རང་ཚང་དུ་གཉིད་འདུག ཚ་ཟེར་གྱི་ཉི་མས་རི་བོང་གི་ལུས་པོ་ཡོངས་རྫོགས་དྲོ་ཐིང་ཐིང་དུ་བསྒྱུར་བས་གཉིད་དུ་ཡུར་སོང་། ཁོས་ཆུ་བོ་མྱུར་མོར་ཁོ་རང་གཉིད་དུ་ཡུར་བའི་གླིང་ཕྲན་ཐོག་རྒྱས་ཡོང་བ་དེ་གཏན་ནས་མ་ཚོར། ཁོ་ལུས་འོག་གི་སྤུ་ཡོངས་རྫོགས་རློན་ཟིན་རྗེས་ད་གཟོད་ཐོལ་གྱིས་གཉིད་ལས་སད།
ཁོ་ཡར་མཆོངས་མར་མཆོངས་བྱས་ནས་འབྲོ་བསམ་བའི་ཚེ། མཐའ་སྐོར་དུ་ཆུ་བོས་ཁེངས་ཟིན།
ཆུ་ལོག་ཆེན་པོ་བྱུང་འདུག ཡིན་ནའང་ཆུས་རི་བོང་གི་རྐང་བོལ་ལ་མ་གཏོགས་རྒྱག་མ་ཐུབ། ཁོ་མགྱོགས་པོར་གླིང་ཕྲན་གྱི་དཀྱིལ་དུ་བྲོས་ན་དེ་རུ་ད་དུང་སྐམ་ས་ཡོད།
འོན་ཀྱང་ཆུ་བོ་མགྱོགས་པོར་རྒྱས་ཡོང་ལ། གླིང་ཕྲན་དེ་བས་ཀྱང་ཆུང་དུ་འགྲོ་བ་དང་བསྟུན་ནས་སྐམ་ས་ཡང་དེ་ལས་ཀྱང་ཇེ་ཆུང་དུ་གྱུར། རི་བོང་ཕར་ཚུར་མཆོང་རྒྱུག་བྱེད་བཞིན་ཅུང་མ་འགོར་བར་གླིང་ཕྲན་ཡོངས་ཆུ་ནང་དུ་སྣུབ་འགྲོ་བ་ཤེས་ནའང་། ངར་ཆེ་བའི་རྦ་རླབས་དྲག་པོ་ནང་མཆོང་མི་ཕོད་པས་འདི་འདྲའི་ཆུ་ཆེན་གྱི་རྦ་རླབས་ཁྲོད་ཁོ་ཆུ་ངོགས་སུ་སླེབས་མི་ཐུབ་པ་ཐག་ཆོད་རེད། ཁོ་འདི་ལྟར་སྙིང་འཕར་ལུས་འདར་གྱིས་ཉིན་ཞག་གཅིག་སོང་།
ཉིན་གཉིས་པའི་སྔ་མོར། སྐམ་ས་ལག་མཐིལ་གྱི་ཆེ་ཆུང་ཙམ་ལས་ལྷག་མེད། སྟབས་ལེགས་པ་ཞིག་ལ་སྡོང་རྒན་སྦོམ་པོ་ཞིག་ལ་རྨ་ཤུལ་མང་པོ་བཏོད་ཡོད་པ་ཞིག་ཡོད། སྐྲག་ནས་ཧོན་ཐོར་དུ་གྱུར་བའི་རི་བོང་བརྒྱུགས་ནས་སྡོང་རྒན་ལ་ཡང་ནས་ཡང་དུ་བསྐོར།
ཉིན་གསུམ་པར། ཆུ་བོ་སྡོང་བོའི་རྩ་རུ་འཁྱིལ་འདུག རི་བོང་གིས་ཤུགས་གང་ཡོད་བཏོན་ནས་སྡོང་བོ་སྟེང་ལ་འཛེག་ན་ཡང་། མཆོངས་ཐེངས་རེར་ཆུ་ནང་མར་ལྷུང་།
མཇུག་མཐར་རི་བོང་ས་ངོས་དང་ཉེ་བའི་ཡལ་ག་སྦོམ་པོ་ཞིག་གི་སྟེང་མཆོངས་ཐུབ་སོང་། ཡུན་རིང་ཞིག་འགོར་རྗེས་ད་གཟོད་གནས་བཅའ་ས་ཞིག་རྙེད་ལ་དེའི་སྟེང་ཆུ་བོ་མ་ཐོན་བར་དུ་འདུག་དགོས།
ད་ནི་ཆུ་བོ་ཡར་བྲུག་མི་ཐུབ།
ཁོ་བཀྲེས་ལྟོགས་ལ་སྐྲག་མི་དགོས། རྒྱུ་མཚན་ནི་སྡོང་རྒན་གྱི་ཤུན་ལྤགས་མཁྲེགས་པོ་ཡིན་ན་ཡང་ཕོ་བ་ལྟོགས་པའི་སྐབས་སུ་ཟ་ཆོག
ཁོང་གི་སྲོག་ལ་འཇིགས་སྐུལ་ཆེས་ཆེ་བ་ནི་རླུང་ཡིན་ལ། རླུང་གིས་སྡོང་བོའི་ཡལ་ག་ཕར་གཡོ་ཚུར་འཁྱོག་བྱེད་དུས། རི་བོང་གཡོ་འགུལ་དྲག་པས་ཡལ་ག་འཛིན་མི་ཐུབ་ལ། ཁོ་དར་ཤིང་ཐོག་ཏུ་ཁ་སྦུབ་ནས་ཉལ་ཡོད་པའི་གྲུ་པ་ཞིག་དང་གཉིས་སུ་མེད། རྐང་འོག་གི་ཡལ་ག་ཡང་རླུང་ཁྲོད་གཡོ་བའི་གཡོར་མོའི་འཕྲེད་རྒྱུག་དང་མཚུངས། འོག་ན་གཏིང་མཐའ་མེད་པའི་ཆུ་དྲག་པོ་བཞུར་བཞིན་འདུག
རི་བོང་གིས་རང་གི་འོག་གི་ལང་ལོང་དུ་འཕྱུར་བའི་ཆུ་རྒྱུན་དྲག་པོར་ལྟ་བཞིན་ཆུའི་ནང་སྡོང་རྒན་དང་ཤིང་རུལ། ད་དུང་སྲོག་ཆགས་ཀྱི་རོ་སོགས་ཁོའི་མིག་མདུན་ནས་ཁྱེར་སོང་།
རི་བོང་དེས་རི་བོང་གཞན་ཞིག་རྦ་རླབས་དང་བསྟུན་ཆུས་ཁྱེར་འགྲོ་བ་མཐོང་ལ། ཡར་མར་ཡམ་ཡོམ་གྱི་ཚུགས་ཀས་ཁོ་དངངས་སྐྲག་གིས་འདར་བཞིན་འདུག རྐྱེན་ལམ་དུ་ཤོར་བའི་རི་བོང་དེའི་རྐང་བ་སྡོང་རུལ་ཞིག་ལ་ཐོགས་ནས་གྲོད་པ་གནམ་ལ་ཡར་གཏད་པ་དང་རྐང་ལག་བཞི་པོ་མཁྲེགས་པོར་གྱུར་ལ། སྡོང་བོའི་ཡལ་ག་ལྟར་ཆུ་ཁར་གཡེང་ནས་འཁུར་བཞིན་འདུག རི་བོང་དེ་འདི་ལྟར་སྡོང་བོ་ཐོག་ཏུ་ཉལ་ནས་ཉིན་གསུམ་ལུས།
མཇུག་མཐར་ཆུ་བོ་མར་བྲི་སོང་། རི་བོང་ད་གཟོད་སྐམ་ས་རུ་བབས།
ད་སྐབས་རི་བོང་འདི་ལྟར་ཆུ་བོའི་དཀྱིལ་གྱི་གླིང་ཕྲན་དུ་དབྱར་མ་སླེབས་བར་དུ་མི་སྡོད་ཀ་མེད་བྱུང་ལ། དབྱར་ཁར། ཆུ་བོ་བྲི་སྐབས་ད་གཟོད་ཆུ་བོའི་འགྲམ་ངོགས་སུ་བསླེབ་ཐུབ།
རྩོམ་གསར། 10