ཕ་ཡུལ་དང་དར་ལྕོག

གཡོར་གྲུ།        2018-11-16

གངས་ཀྱི་རི་བོས་གཤོག་པ་མཁའ་ལ་བརྐྱངས།།

དེ་ལ་ཉི་ཟླ་གཉིས་ཀྱི་གློ་ཟུང་བཏགས།།

རླུང་བུ་སྔོན་པོ་གཡུག་པའི་རི་སྒང་ན།།

གདོད་མའི་དར་ལྕོག་ཁ་གང་དཔྱངས་ནས་ཡོད།།

 

རླབས་ཀྱི་མེ་ཏོག་སྟོང་པའི་བྲང་ལ་བརྡབས།།

དེ་ལ་ངང་ངུར་གཉིས་ཀྱི་ཟླ་གཟུགས་བྲིས།།

གཡུ་ཡི་མཚོ་མོ་འཁྱིལ་བའི་མཐའ་ཁ་ན།།

གནའ་བོའི་དར་ལྕོག་ཡུག་ཅིག་བསྣར་ནས་ཡོད།།

 

ཡར་ཀླུང་ཁོག་ནས་མཆེད་པའི་སྤྲེའུ་ཚོགས་ནི།།

ལོ་མའི་གྱོན་པ་མནབས་པའི་མེས་པོ་སྟེ།།

གདོང་དམར་མི་ཡི་གཏམ་རྒྱུད་རིང་མོ་ཡང་།།

དར་ལྕོག་ངོས་ན་བཏགས་པའི་ཡིག་འབྲུ་འགའ།།

 

རྟ་ཕོའི་རྨིག་པས་ས་ཡི་རྡུལ་ཚོགས་དཀྲུགས།།

ཀི་སྒྲ་རིང་མོས་སྤྲིན་གྱི་བང་རིམ་བརྟོལ།།

བཙན་པོའི་དཔུང་གི་བློ་སྤོབས་རྒྱས་ས་ན།།

དར་ལྕོག་རེ་རེ་དཔའ་བའི་ཉམས་ཀྱིས་གཡུག།

 

རྩྭ་ཐང་ཡངས་པོས་ནོར་ལུག་པང་དུ་འཁྱུད།།

རྫི་གླུ་སྙན་མོས་གནམ་ས་རལ་ཞིང་ཕྱེ།།

སྨུག་ཆུང་སྦྲ་ནག་གྲུ་བཞིའི་སྤྱི་གཙུག་ན།།

དར་ལྕོག་རེ་རེ་འབྲུ་དྲུག་དབྱངས་ཀྱིས་སྤུར།།

 

ཕུ་ཡི་རས་པ་བསམ་གཏན་མལ་དུ་ཞུགས།།

འདབས་གྱི་བཙུན་པས་རིག་པའི་འཐབ་མོ་བཀྱེ།།

རྒྱབ་ཕིབས་གསེར་གྱིས་བྲིས་པའི་ཟུར་ཞིག་ན།།

དར་ལྕོག་རེ་རེ་དད་པའི་ཤུགས་ཀྱིས་འདར།།

 

དུས་ཀྱི་འཚུབ་མ་ནག་པོ་ལྡང་ཙ་ན།།

དར་ལྕོག་འགུལ་བའི་སྟངས་ཀ་གཞན་ཞིག་བྱུང་།།

ཨར་འདམ་རྣོ་ལྕགས་འཐབ་པའི་ཕ་ཡུལ་ནི།།

དར་ལྕེ་ས་ལ་དྲུད་སའི་དུར་ཐང་རེད།།

 

ཡིག་འབྲུ་མེད་པའི་དར་ལྕོག་རལ་བོ་ཞིག།

ཡ་གིའི་རི་ལ་རླུང་གིས་འཐག་པ་ན།།

གནའ་མིས་བསགས་པའི་རུས་པ་ཁྱོར་བ་གང་།།

ས་རྡུལ་འཁྲུགས་པའི་ཀློང་ན་འོད་ཀྱིས་འཛར།།

 

ལོ་ཟླས་ཟོས་པའི་དར་ཤིང་གོག་པོ་དེ།།

སུ་ཡི་ཐབ་ཚང་ནང་ན་སྡུག་གིས་འབར།།

གྲོང་དང་དགོན་གྱི་མི་ཚོགས་མང་པོའི་ཁྲོད།།

དེ་རུ་དགོང་ཟས་རོལ་བ་ག་ཙམ་མཆིས།།

 

མི་རྐྱང་སེམས་པ་གཙང་བོའི་གཞུང་ལ་ལྷུང་།།

གཙང་བོ་འཁྱག་པས་བཟུང་ནས་ལོ་མང་ཐལ།།

ནམ་མཁར་ཨི་ཁུང་གཏོད་པའི་མེ་སྟག་ཀྱེ།།

འོད་ཀྱི་ཐིགས་པ་རྡོག་ཅིག་གང་དུ་གཏོར།།


  • ལེ་ཚན་སྔོན་མ།:ཐང་ནག་གིས་ལོ་ཀ་འཚོལ་བ།
  • ལེ་ཚན་རྗེས་མ།:བརྩེ་བ་ལྷོག་ལྷོག