བརྩེ་བ་ལྷོག་ལྷོག

མྱུག་ཆར།        2018-11-19

ཆུང་འདྲིས་ཕུ་བོའི་ཞེ་ལ།།

མེ་ཏོག་ཚོམ་བུ་བཞད་ཡོད།།

ང་ཡི་སྲིང་མོ་ཆུང་ཆུང་།།

མེ་ཏོག་དེ་དང་འདྲ་བྱུང་།།

ཕུ་བོའི་སྙིང་གི་མཐིལ་ལ།།

ཁྱོད་ཀྱི་བདེ་སྡུག་བྲིས་ཡོད།།

ཆུང་འདྲིས་མིག་ལ་འཁྲུལ་ན།།

མདུན་ན་ཡོད་ཡོད་འདྲ་བྱུང་།།

མི་ཡི་གོམ་འགྲོས་ཟེར་བ།།

དལ་བ་དལ་བུ་ཞིག་རེད།།

ལམ་སྣེ་གར་ཡོད་སྙམ་ནས།།

དྲན་པ་བྱུར་བུར་སྤུངས་ཡོད།།

མི་ཚེ་མི་ཚེ་ཟེར་བ།།

བཤད་ན་ཁག་པོ་ཞིག་རེད།།

སྤྱོད་ཤེས་རང་ལ་བྱུང་ན།།

གསེར་དངུལ་སྐུད་པས་བསླས་འདྲ།།

དོ་ནུབ་གློ་བར་གློ་བུར།།

ཁྱེད་རང་ཞེ་ལ་འཁོར་ཡོང་།།

ང་ཡི་སྙིང་གི་སྲིང་ཆུང་།།

སྐྱིད་པོ་བདེ་མོར་བཞུགས་སམ།།

བར་ཐག་རི་ཡིས་བཅད་ཀྱང་།།

སེམས་ཐག་རྣོ་སྐུད་སྦྲེལ་ཡོད།།

མི་ཡུལ་ས་ཆར་འགྲིམ་པར།།

ཕུ་བོའི་ཞེ་སེམས་མི་བདེ།།

ཁྱེད་རང་ལོ་ན་ཆུང་བས།།

ཕུ་བོར་སེམས་ཚེགས་ཆེ་བ།།

ཁྱེད་རང་སྐྱིད་ན་བདེ་ན།།

ཕུ་བོའི་བསམ་དོན་འགྲུབ་ཡོང་།།

གར་འགྲོ་ཆ་མེད་མ་གནང་།།

ཡབ་ཡུམ་ཐུགས་བློ་མི་བདེ།།

ཕུ་བོའི་ཞེ་སེམས་མི་སྐྱིད།།

ཚེ་ལ་བདེ་སྐྱིད་མི་ཡོང་།།

མི་ཡུལ་མི་ཡུལ་ཟེར་བ།།

བཤད་ན་དཀའ་མོ་ཞིག་ཡིན།།

མི་ལ་བློ་གཏད་མ་གནང་།།

རང་ལམ་རང་གིས་ཟིན་དགོས།།

སྙིང་རུས་རྡོ་རུས་མེད་ན།།

རྒྱུ་དང་ནོམ་པ་མི་འཁོར།།

འགྲིག་པ་མི་ལ་ཡོང་ན།།

བསོད་ནམས་ཡར་ཡར་འཕེལ་འགྲོ།

ལས་རླུང་གཡུགས་ཐེངས་རེ་ལ།།

སྐྱོ་དགོས་ཞེ་ལ་མ་ཤར།།

མི་ཡི་དར་རྒུད་ཟེར་བ།།

འཇིག་རྟེན་ཆོས་ཉིད་ཅིག་ཡིན།།

སེམས་ལ་སེམས་པ་མང་བ།།

སྡུག་གི་སྣོན་མ་ཞིག་ཡིན།།

བྱ་ཉུང་དོན་ཉུང་བྱོས་དང་།།

བསམ་དོན་རི་མོ་འགྲུབ་ཡོང་།།

སྣང་བ་འཁྱམ་པོ་ཞིག་ཡིན།།

ཡིད་ཆེས་དེ་གར་མ་གནང་།།

དངོས་ཡོད་འཚོ་བར་གཞོལ་དང་།།

བདེ་སྐྱིད་ཞེ་ལ་འཁོར་ཡོང་།།

སེམས་རྩ་བལ་ལས་མ་སྙི།།

ཡོད་ཚད་གཞན་ལ་མ་བསྟུན།།

ཞེ་འདྲིས་སྲིང་མོ་ཆུང་ཆུང་།།

གར་འགྲོ་གནམ་གྱིས་སྲུངས་ཤིག།


  • ལེ་ཚན་སྔོན་མ།:ཕ་ཡུལ་དང་དར་ལྕོག
  • ལེ་ཚན་རྗེས་མ།:དགུན་གཞུང་གི་སྐད་ཆ།