༼ དབྱིངས་ཀུན་གཞི། ༽ 2026-03-27
ངག་རིག་ཚིག་གི་ཕྲེང་ཐག་བསྟར་བ་ལ།།
སྙན་འཇེབས་ཡིད་འོང་འཛུམ་པའི་དཔལ་ཡོན་རྒྱས།།
མཛེས་སྡུག་པདྨ་དཀར་པོའི་ཡལ་འདབ་ཀུན།།
ཟུམ་པ་རྟ་བདུན་འོད་ཀྱིས་འཛུམ་ལ་བྲེལ།།
བདག་སེམས་ཡིད་ཀྱི་དྲོད་ཁོལ་སྨིན་པ་ཡི།།
སྒེག་ལྡན་ཆུང་འདྲིས་སེམས་ཀྱི་མེ་ཏོག་ལ།།
ལས་ཀྱི་ཆར་ཟིམ་ཁྲོད་ནས་དམ་ཚིག་བཞད།།
འགྱུར་མེད་ལས་ཀྱི་སྲུང་མ་ཁྱེད་ཀྱིས་ཆོག།
ཁྱོད་ཞལ་ཟླ་བའི་དཀྱིལ་འཁོར་སྙིང་ལ་སྡུག།
དྲན་པའི་ལྷོ་སྤྲིན་སད་སིད་རི་ནས་ལྡིང་།།
ལས་ཀྱི་འཛོམས་པ་ཡག་མོ་འདི་ན་རྒྱུ།།
ཞེ་འཛིན་ན་བུན་དལ་འགྲོ་ཁྱོད་རྗེས་འཇོག།
ཞལ་ཁྱིམ་རི་བོང་འཛིན་པའི་ཐིག་ལེ་ངོགས།།
འདྲེན་བྱེད་དཀྱུས་རིང་སྨིན་མ་རླུང་གིས་གཡོ།།
བདག་ཡིད་འཛུམ་པའི་འཁྲི་ཤིང་སྡོང་ལོའི་རྩེར།།
ཁྱོད་ཉིད་རྗེས་སུ་འཇོག་པའི་འབབ་སྟེགས་འཛུགས།།
ནུབ་ཁའི་མཚམས་སྤྲིན་དམར་ལ་རང་མདངས་ཆགས།།
ས་སྲོས་དལ་འགྲོས་དྲི་བཞོན་རླུང་བུ་ལ།།
ཞེ་འདང་བརྩེ་བའི་གཡུ་ཆུང་རྡོག་པོ་ཞིག།
མ་བཅོས་ཡིད་ཀྱི་ཁུང་ནས་སྐུལ་སྙིང་བྲོད།།
འཇིག་རྟེན་འཚོ་བའི་རྒྱང་ལྗོངས་མག་མོག་ཅིག།
འཛོམས་པ་ལས་ཀྱི་སྐལ་བ་འདི་ཡིས་ཀྱང་།།
བཅོས་མིན་སེམས་ཀྱི་གཏམ་འདི་མཆི་མས་བརྣངས།།
བདག་སེམས་འཁྲེང་བའི་འཛུམ་ཡང་ཁྱོད་ཀྱིས་བྱས།།
སེམས་ཀྱི་མཚོ་མོའི་དལ་ཁ་ཡོམ་ཡོམ་སྒུལ།།
དྲན་པ་རླུང་གིས་བང་སོ་རི་ལ་བསྙེགས།།
ཕྱིར་མིག་བརྩེ་བའི་མདའ་མོ་སྤྲིན་ལ་འདྲེས།།
མཚོ་གཞུང་གསེར་མིག་ཉ་མོའི་འཁྱུག་རྩལ་ཡག།
གཉིས་འཛིན་དྲན་པའི་ངོས་སུ་རྒྱུ་བ་ཡིས།།
འཕྱོར་ཉམས་སྟངས་སྟབས་གར་ལ་རྩེན་མཁས་པའི།།
ཆུང་གྲོགས་གཡུ་ཆུང་དྲུག་དཀར་སྙིང་ལ་སྡུག།
མཛའ་བའི་ཨ་ལོང་རིང་མོའི་རྒྱུན་ཐག་བསྣོལ།།
སྨིག་སྤྲིན་ལྷོད་ཀྱིས་གཡོ་བའི་རི་འདབས་ན།།
སེམས་ཀྱི་ན་བུན་བུལ་ཞིང་ཉུལ་བྱེད་པའི།།
ངུར་སྨྲིག་ལམ་ལ་འདྲེས་པའི་གཡེར་དྲིལ་ཞིག།
གསང་བའི་གས་སྲུབ་བར་ན་ཐོས་པས་འཛིན།།
ནགས་ཀློང་ནེའུ་གསིང་གཡུ་ཡི་མནྜལ་བཀོད།།
ཤིང་སྣ་མེ་ཏོག་ཚོམ་གྱི་སྐྱེད་ཚལ་མཛེས།།
དྲི་བཞོན་དལ་འགྲོ་རིང་མོའི་རྒྱུན་སྣེ་ལ།།
རས་གཟན་སྨུག་པོ་འདྲེན་བྱེད་དཔྱིད་དུ་གྱུར།།
རྟོག་འགྱུ་སྣང་བའི་རི་མོ་རི་ལ་ཕྱོགས།།
མི་སྡོད་ལོ་ཟླའི་ཕྲེང་ཐག་རི་ནས་བསྐྱལ།།
ཡིད་ཀྱི་སྣང་ཤས་ལྗོན་གྲིབ་འོག་ན་འཚོལ།།
ཁེར་རྐྱང་ཞི་བའི་བདེ་བ་འདི་ཡང་མཆོག།
རྩོམ་གསར། 10