2026-03-19
མིག་ཟུང་གཙང་བོའི་འགྲམ་དུ།།
ཁྱོད་གདོང་པདྨ་འཁྲུངས་ཡོད།།
ཞེན་ཆགས་ཉི་མའི་འོད་ཀྱིས།།
ཁྱོད་ལུས་རྟག་ཏུ་བསྲུངས་ཡོད།།
སེམས་སོང་ཁྱོད་དང་ལྷན་དུ།།
ཚེ་གཞུག་བསྐྱལ་རྒྱུ་བྱུང་ན།།
འཁོར་བའི་དཀའ་སྡུག་སྣ་ཚོགས།།
འཁུར་ལ་ངལ་བ་མི་འདུག།
འཇིག་རྟེན་རི་གྲོང་འདི་རུ།།
མོ་སྨན་བརྒྱ་སྟོང་ཡོད་ཀྱང་།།
ནང་སེམས་མཚོ་མོའི་ཁ་རུ།།
ཁྱོད་ལས་ཡག་ཅིག་མ་འཁོར།།
སྣ་ཚོགས་ལས་ཀྱི་ཀློང་ནས།།
ལུས་སེམས་རབ་ཏུ་བྲེལ་ཀྱང་།།
སྙིང་སྡུག་སྙིང་གི་ནོར་བུ།།
ཞེ་ནས་འབོར་ཐབས་མི་འདུག།
ནོམ་ཆེན་རྒྱུ་དང་འབྱོར་བ།།
ཐོབ་དང་མ་འཐོབ་མི་འདུག།
སེམས་སོང་སེམས་ཀྱི་བུ་མོ།།
དབང་ན་དེ་གས་ཚིམ་འགྲོ།།
འདྲིས་འདོད་མི་འདུག་མ་གསུང་།།
གྱེས་པའི་ལག་བརྡ་མ་གཏོང་།།
སྣང་བའི་འཇིག་རྟེན་འདི་ནས།།
ལས་སྐལ་མདུད་པ་མཐུད་འགྲོ།།
རང་དབང་མི་འདུག་མ་ཟེར།།
བར་ཐག་རིང་སོང་མ་བསམ།།
སྐྱིད་ཀྱི་གཞིས་ཁྱིམ་གཅིག་ཏུ།།
མི་འགྱང་ལྷན་དུ་འཛོམ་ཡོང་།།
མི་ཁའི་རླུང་ནག་ལྡང་ཞིང་།།
བར་ཆད་སད་སེར་རྒོད་ཀྱང་།།
དམ་ཚིག་གསེར་གྱི་ཐག་པས།།
འུ་གཉིས་གཏན་དུ་སྦྲེལ་ཡོད།།
༼ འཇོ་མདའ་པདྨ། ༽
རྩོམ་གསར། 10