2026-03-19
སྤྱི་ཟླ3པའི་ཚེས15ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་གྱི2026ལོའི་ལོ་སྟོད་ཀྱི་གསར་ཞུགས་དམག་མིའི་དགའ་སྐྱེལ་མཛད་སྒོ་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་དང་ཁུལ་ཨུའི་རྒྱུན་ཨུ། དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཏ་ཞའོ་ཆབ་སྲིད་ཨུ་ཡོན་ཧོ་ཞན་ཅིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཧུའེ་ཆིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཧུང་སོགས་དམག་ཁུལ་དང་ས་གནས་ཀྱི་མགོ་ཁྲིད་མཛད་སྒོར་བཞུགས་ནས་ལས་བྱེད་མང་ཚོགས་དང་དམག་མི་གསར་པའི་ཁྱིམ་མི་བཅས་མི་སྟོང་ལྷག་མཉམ་དུ་འཛོམས་ནས་ཁམས་པའི་བུ་དང་བུ་མོས་རང་ཉིད་ཀྱི་ལང་ཚོ་མེས་རྒྱལ་ལ་འབུལ་བའི་གཟི་བརྗིད་ཀྱི་དུས་ཚོད་དེར་བདེན་དཔང་བྱས་ཡོད།
མཛད་སྒོར་དམག་མི་གསར་པའི་འཐུས་མི་ཤན་ཁོའོ་ཅེ་ཡིས་ཐོག་མར་གཏམ་བཤད་བྱས། ཁོས་ཕ་ཡུལ་མི་དམངས་ཀྱི་མངགས་བཅོལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་དམག་སྒར་ནང་དཀའ་སྤྱད་སྦྱོང་བརྡར་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཀྱིས་ཕ་ཡུལ་ལ་གཟི་བརྗིད་བརྩོན་ལེན་དང་ཁྱིམ་མིར་བཟང་དྲིན་འཇལ་རྒྱུ་ཡིན་ཞེས་བཤད།
དམག་མི་གསར་པའི་ཁྱིམ་མིའི་འཐུས་མི་ལུའོ་ཙེ་ཡིས་ཀྱང་དམག་མི་ཁྱིམ་ཚང་ཡོངས་ཀྱི་ཚབ་བྱས་ནས་ཤུགས་ཡོད་རྒུས་ཁྱིམ་ཚང་ལ་ལྟ་རྟོག་ཡག་པོ་དང་རྒྱབ་ཕྱོགས་སྲུང་སྐྱོང་ཡག་པོ་བྱས་ཏེ་ཕྲུ་གུས་བློ་བདེ་པོའི་ངང་དམག་ཞུགས་དང་དམག་སྒར་དུ་བྱས་རྗེས་གཞག་རྒྱུར་རང་ནུས་གང་ལྕོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཀའོ་ཀྲན་གྱིས་ཤིས་ཚིག་ཏུ་དཀར་མཛེས་ཁུལ་ནི་གསར་བརྗེའི་གནས་གཞི་ཡིན་པའི་ངོས་ནས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བསྐྱངས་ཡོད། དམག་མི་གསར་པ་བརྒྱ་ལྷག་དམག་ལ་ཞུགས་པ་དེའི་ཐོག་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་གཞོན་ནུའི་འགན་འཁྲི་འཁུར་ཕོད་ཚུལ་མངོན་གྱིན་ཡོད་ཅེས་བསྟན་པ་དང་། ཁོང་གིས་དམག་མི་གསར་པ་དང་ཁྱིམ་མི། ལས་རིགས་ཁག་གི་མི་སྣ་བཅས་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ད་དུང་དམག་མི་གསར་པར་རེ་བ་གསུམ་བཏོན་པ་སྟེ། གཅིག་ནི་ལས་འགན་བློར་བརྟན་པོར་འཆང་ཞིང་། ཏང་ལ་ལྷག་བསམ་རྣམ་དག་དང་ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་ལ་ཉན་པ། ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་སྐྱོང་པ་བཅས་བྱ་དགོས། གཉིས་ནི་དཀའ་སྤྱད་འབད་བརྩོན་གྱིས་སྦྱོང་བརྡར་དང་འཇོན་ཐང་སྦྱོང་བརྡར་བྱེད་པ་དང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས“ཡོད་པ་བཞིའི”དུས་རབས་གསར་པའི་གསར་བརྗེའི་དམག་མི་ཞིག་ཏུ་འཚར་ལོངས་བྱུང་བ་བྱ་དགོས། གསུམ་ནི་སྒྲིག་ཁྲིམས་ནན་སྲུང་དང་། བྱས་རྗེས་འཇོག་པ། དཔུང་སྡེའི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་བཅས་བྱས་ནས་ཕ་ཡུལ་ལ་གཟི་བརྗིད་བརྩོན་ལེན་བྱ་དགོས། ཀའོ་ཀྲན་གྱིས་དམག་མི་གསར་པར་ཏང་ཨུ་དང་སྲིད་གཞུང་གིས་གཟིགས་སྐྱོང་འགན་ལེན་ཡག་པོ་བྱས་ནས་དམག་མི་གསར་པ་རྣམས་བློ་བདེ་པོའི་ངང་དམག་ལ་ཞབས་ཞུ་ཐུབ་པ་བྱ་རྒྱུའི་ཁས་ལེན་གཟབ་ནན་བྱས་པར་མ་ཟད། ཚང་མས་དམག་སྒར་དུ་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མི་གཏོང་ཞིང་གཏམ་བཟང་ཡང་ཡང་ཚུར་བསྒྲག་ཡོང་རྒྱུའི་སྨོན་ལམ་ཞུས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10