སྙིང་གཏམ་གསེར་ གྱི་སྒྲོམ་བུ།

        2026-03-19

ཡར་རྒྱས་སྐྱེན་པའི་སྤྱི་ཚོགས་ཟང་ཟིང་ཁྲོད།།

ཚན་རྩལ་རི་མོས་གློག་གི་གར་སྟབས་ཀྱང་།།

བུལ་འགྲོས་རུས་སྦལ་རྗེས་སུ་མཐུན་པ་ཡི།།

དེང་རབས་འགྱུར་བག་བསམ་པའི་ཡུལ་ལས་འགོངས།།

ཤེས་རིག་བསམ་པའི་དཔལ་ཡོན་ཀུན་བརྟས་པའི།།

རྒྱལ་ཁབ་མི་རིགས་སྔོན་ཐོན་བ་དན་དཀར།།

འཛམ་གླིང་རྒྱལ་ཕྲན་གཙུག་ཏུ་མངོན་འཕགས་པ།

སློབ་གསོ་ཤེས་རབ་མངའ་བའི་མཐུ་ལས་བྱུང་།།

རང་གི་མི་རིགས་སྐད་ཡིག་ཡལ་བོར་ནས།།

མེས་རྒྱལ་སྨན་པའི་ལས་དོན་སྒྲུབ་འདོད་བློ།།

ས་བོན་ཞུགས་མེས་ཚིག་པ་མང་དུ་བཏབ།།

ཆུ་ལུད་རྐྱེན་བཟང་བྲན་པ་ངལ་བའི་རྒྱུ།།

དེང་དུས་བོད་རིགས་གཞོན་སྐྱེས་ལས་ལ་དགའ།།

ས་རྐོ་རྡོ་སློག་ངལ་བའི་ཁུར་ལྕི་ཐེག།

ལུས་ཀྱི་སྟོབས་ལ་བརྟེན་ནས་ནོར་བསྒྲུབས་ན།།

རྒས་དུས་འཚོ་བའི་ཨམ་ཕྲག་སྟོང་པ་ཉིད།།

གྱད་ཆེན་རྩལ་ལྡན་དུད་འགྲོའི་ཁྲོད་ན་ཡོད།།

འབྱོར་ལྡན་དབང་ཆེན་བླུན་པོའི་ཁྲོད་ནའང་ཡོད།།

བློ་གཤོག་མཁའ་མཐར་སྙེགས་པའི་བྱ་རྒྱལ་ཁྱུང་།།

གཤོག་ལྡན་རྡུལ་སྙེད་ཁྲོད་ན་རེ་འགའ་ཙམ།།

གནའ་དེང་བོད་ཀྱི་རིག་གཞུང་རྒྱ་མཚོའི་འགྲམ།།

བོད་མི་སྐོམ་པས་གདུང་ན་ངོ་རེ་གནོང་།།

བྱམས་བརྩེའི་ཆོས་ཀྱི་གྲུ་ཆར་འབབ་པའི་ཡུལ།།

ས་ཆུ་རྩོད་པའི་རྡུལ་འཚུབ་བྱེད་འདི་མཚར།།

ལྟོ་རྒྱགས་རྒྱབ་དྲོ་གྱུར་ན་ཆོག་སྙམ་པའི།།

ཕུགས་འདུན་དེ་ཀོ་ཕག་པ་ལའང་བདོག།

ལུས་དམན་དུད་འགྲོར་འགྲན་ཡང་མ་བཟོད་ན།།

སྨྲ་ཤེས་དོན་གོ་མཚན་ཉིད་སུ་ཡིས་འཛིན།།

༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽


  • ལེ་ཚན་སྔོན་མ།:བརྩེ་མགུར་མུ་ཏིག་དཀར་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།