2026-03-19
ཉེ་ཆར། དཔལ་ཡུལ་རྫོང་ས་དམར་ཡུལ་ཤོག་སྡེ་མཐོ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་ལེགས་འགྲུབ་འབྱུང་ལ་ཉེ་བའི་ཐོག་བརྩེགས་གསུམ་ཅན་གྱི་མགྲོན་ཁང་གི་སྒོ་ཁར་ལངས་ནས་གྲོང་གསེབ་ནས་ཀྱང་ཡུལ་སྐོར་བ་བསུས་ནས་ཡོང་སྒོ་འཚོལ་ཐུབ་རེད་ཅེས་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་མཐོ་གྲོང་ཚོའི་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་ལས་གཞི་ལ་ཁྱོན་མ་དངུལ་སྒོར་ཁྲི་སྟོང་ཕྲག་ལ་ཉེ་བ་བཏང་ནས་རྒྱ་ཁྱོན་སྨི་ངོས་གྲུ1800ཡོད་པ་ཞིག་བསྐྲུན་ཡོད་ལ། དེར་བཟའ་བཏུང་དང་ཞག་སྡོད། ཞིང་ལས་ཁྱད་ཆོས་ཐོན་རྫས་ཕྱིར་འཚོང་། དངོས་མང་བཤམ་སྟོན་ཁང་ཆུང་གྲས་སོགས་གཞི་གཅིག་ཏུ་འཛོམས་ཡོད། སྡེ་མཐོ་གྲོང་སྡེའི་ཧྲུའུ་ཅི་དང་པོ་བློ་བཟང་མཐའ་ཡས་ཀྱིས་སྔོན་དཔག་བྱས་ན་ལྔ་གཅིག་གུང་གསེང་མ་གཏང་གོང་ཕྱི་ཕྱོགས་སུ་དངོས་སུ་སྒོ་དབྱེ་རྒྱུ་ཡིན་ལ། སྒོ་ཕྱེ་རྗེས་གྲོང་མི་དག་ཐག་ཉེ་ས་ནས་ལས་ཞུགས་ཐུབ། ཚོད་དཔག་བྱས་ན་ལོ་ལྟར་གྲོང་ཚོའི་ཐུན་མོང་ཡོང་སྒོ་སྒོར་ཁྲི10ལྷག་ཡོང་རྒྱུ་རེད། ཡོང་འབབ་འདི་དག་ནི་གྲོང་ཚོའི་ནང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཕན་བྱ་གཞག། གྲོང་མིའི་ཁེ་སྤོགས་བགོ་བཤའ་རྒྱག་པའི་ཐད་སྤྱད་རྒྱུ་ཡིན་པས། གྲོང་ཚོ་ཡར་རྒྱས་དང་གྲོང་མི་ཕྱུག་པོར་ཆགས་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
བཀྲ་ཤིས་ཚེ་རིང་གིས་ང་ཚོའི་གྲོང་ཚོར་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འདི་བསྐྲུན་པ་དང་ཆབས་ཅིག། ས་དམར་སྟོང་དཔོན་གྱི་ལོ་རྒྱུས་རིག་གནས་ཀྱང་སྔོག་འདོན་དང་སྲུང་སྐྱོང་བྱེད་ཐུབ་ཡོད་པས་མ་ཚད། ས་དམར་ལྗོངས་ཁུལ་གྱི་མཛེས་སྡུག་གིས་ཡུལ་སྐོར་བ་མང་པོར་བདེ་སྐྱིད་ཀྱི་ཚོར་བ་དེ་བས་མང་པོ་སྟེར་རྒྱུ་རེད་ཅེས་བཤད།
2026ལོ་ནི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"འགོ་ཚུགས་པའི་ལོ་ཞིག་ཡིན་ཞིང་། ལས་གཞི་འདིས་ས་དམར་ཡུལ་ཤོག་གི་ཡུལ་སྐོར་ཞབས་ཞུའི་སྟོང་ཆ་བསྐངས་ཡོད་པར་མ་ཟད། མཐའ་འཁོར་གྱི་རྗེས་ཤུལ་དང་མཛེས་ལྗོངས་ཁུལ་མཉམ་ལས་ཀྱིས་ཡུལ་སྐོར་ལམ་ཐིག་བཏོད་དེ་དཔལ་ཡུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཡོང་བར་དངོས་སུ་ཕན་པ་འཐོབ་རྒྱུ་རེད།།
རྩོམ་སྒྲིག་པ། མགར་རྒྱལ་སྲས། རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན། ཞུ་ཆེན། སྐལ་ཐུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10