ཡེ་ཤེས་ཀྱིས་བྲིས། 2026-03-27
འབའ་ཐང་ན་གཞོན་སྨན་པ་བཟང་པོ་བློ་བཟང་སྦྱིན་པའི་གནས་ཚུལ་རགས་བཀོད།
བློ་བཟང་སྦྱིན་པ་ནི1989ལོར་མདོ་སྨད་ས་ཡི་ཐིག་ལེ་འབའ་ཐང་ནོར་བུ་ས་ཆའི་རྫོང་རྩ་གྲོང་རྡལ་རིང་པོ་གྲོང་སྡེའི་ཞིང་དུད་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་བྱམས་སེམས་ཀྱི་མྱུ་གུ་རྒྱུད་ལ་འཁྲུངས་ཤིང་གུས་རྟག་གི་བརྩོན་ཤུགས་ཆེ་བའི་ཁྱད་གཤིས་མངའ། དམའ་འབྲིང་ནས་བཟུང་གཞན་གྱི་ནད་སྡུག་སེལ་བའི་སྨན་པ་ཞིག་བྱ་རྒྱུའི་ཕུགས་འདུན་རྨ་མེད་བཅངས་ཏེ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་སྦྱོང་བརྒྱུད་རིམ་ཁྲོད་ཐིགས་པས་བྲག་འབིགས་ཀྱི་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་ཕུགས་འདུན་གྲུབ་སྟེ་ཡུལ་མིའི་བདེ་ཐང་སྲུང་མཁན་གྱི་དཔའ་བོ་ཞིག་ཏུ་གྱུར།གུས་རྟག་བརྩོན་པ་མ་འདོར་སྦྱངས་འབྲས་མཐའ་རུ་ཕྱིན།། བྱམས་དང་སྙིང་རྗེས་རིས་མེད་ནད་པར་དྲོད་ཁོལ་བྱིན།།
མཐོ་རིམ་སློབ་འབྲིང་ནས་མཐར་ཕྱིན་རྗེས། བློ་བཟང་སྦྱིན་པས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་འཕྲོད་བསྟེན་སློབ་གྲྭ་བདམས་ཏེ་གསོ་རིག་སློབ་སྦྱོང་དངོས་སུ་འགོ་བཙུགས། ཁོས་ཆེས་རྨང་གཞིའི་མི་ཡི་ལུས་ཁམས་ཀྱི་གྲུབ་ཚུལ་དང་ནད་གཞི། སྨན་རྫས་རིག་པ་བཅས་ནས་འགོ་བཙུགས་ཏེ་རྒྱུན་སྤྱོད་སྨན་རྫས་རྒྱུས་ལོན་དང་རྨང་གཞི་ནད་གཡོག། མྱུར་སྐྱོབ་བཀོལ་སྤྱོད། གཤགས་བཅོས་རིག་པ་སོགས་ཆེད་ལས་ཀྱི་སློབ་ཚན་གྱི་འགག་རེ་རེ་བཞིན་བསྒྲལ། སློབ་གྲྭར་སྡོད་རིང་སློབ་ཁང་དང་ཚོད་ལྟ་ཁང་དུ་ནམ་ཡང་ཁོའི་གཟུགས་བརྙན་མཐོང་རྒྱུ་ཡོད་ལ། དུས་བཞིའི་ཞོགས་པའི་སྐྱ་མདའི་ཁྲོད་དང་ས་སྲོད་ཀྱི་གསལ་ཆ་མ་ནུབ་བར་དུ་སློབ་རའི་ལྷིང་འཇགས་ཀྱི་ཟུར་ཁུག་ཀུན་ཏུ་ཁོའི་སྙིང་རུས་ཀྱི་གྲིབ་གཟུགས་མངོན། གསོ་རིག་རིགས་གཞུང་ལ་འབད་པ་དང་ལྷན་དུ་སྨན་པ་ཞིག་ལ་དགོས་ངེས་པའི་ངང་རྒྱུད་རིང་པོ་དང་ལྷག་བསམ། གཟབ་ནན། སྤོབས་ཆེ་སོགས་ཀྱི་གཤིས་སྤྱོད་ཀྱང་བྱ་མོས་སྒོ་ང་རུམ་པའི་ཚུལ་དུ་བསྐྱངས་ཤིང་དངོས་སྦྱོང་ཁྲོད་ནས་ལག་ལེན་དངོས་སུ་བསྟར་གང་ཐུབ་བྱས་པར་བརྟེན། འབྱུང་འགྱུར་ལ་སྨན་པ་ཚད་ལྡན་ཞིག་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། བློ་བཟང་སྦྱིན་པས་འཕྲོད་བསྟེན་སློབ་གྲྭར་ཡོད་དུས་སློབ་སྦྱོང་དང་འཚོ་བའི་ཐད་ལ་དཀའ་སྡུག་དང་གནོན་ཤུགས་ཅི་འདྲ་ཆེ་ནའང་ངས་རང་གི་ཕུགས་ཀྱི་གདམ་ག་དང་སྐྱོད་པའི་ལམ་བུར་འགྱོད་པ་ཕྲན་ཙམ་ཡང་སྐྱེས་མ་མྱོང་ཟེར།
གྲ་སྒྲིག་ཡོད་པའི་མི་ལ་ནམ་ཡང་སྐལ་བ་ལྡན་ཞེས་པ་བཞིན། 2014ལོར་མཐར་ཕྱིན་རྗེས་ཀྱི་བློ་བཟང་སྤྱིན་པས་དོན་ལས་སྡེ་ཚན་གྱི་རྒྱུགས་ལེན་ཁྲོད་དུ་ཁུལ་རིམ་པའི་རྒྱུགས་འབྲས་ཨང་དང་པོ་བླངས། མ་གཞིར་ཁུལ་དང་རྫོང་རིམ་པ་ཡན་གྱི་ཆ་རྐྱེན་བཟང་བའི་སྨན་ཁང་དུ་ལས་གནས་ཤིག་འཚོལ་ཆོག་ཆོག་ཡིན་མོད། འོན་ཀྱང་ཁོས་གཞི་རིམ་མང་ཚོགས་ལ་སྨན་དང་སྨན་པ་དེ་བས་དགོས་མཁོ་ཆེ་བར་དམིགས་ཏེ་བློ་ཐག་རྦད་ཆོད་ངང་ཕ་ཡུལ་ལ་ལོག་ནས་རྫོང་རྩ་སྨན་ཁང་དུ་སྨན་པ་དཀྱུས་མ་ཞིག་གི་ལས་འགན་དང་དུ་བླངས་པ་རེད།
བློ་བཟང་སྦྱིན་པས་ང་སྐྱེ་ས་འཚར་ས་འདིར་ཡིན་པས་འདི་གའི་གནས་ཚུལ་གསལ་པོར་ཤེས་ཀྱིན་ཡོད། སྨན་དོན་མི་སྣ་མི་འདང་བ་དང་སྨན་པའི་ཕྱོགས་འདུས་བྱང་ཚད་དམའ་བ། གོ་བརྡ་འཕྲོད་དཀའ་བ། མང་ཚོགས་སྡོད་གནས་ཐག་རིང་བ་སོགས་ཀྱི་རྐྱེན་ལས་མང་ཚོགས་ཀྱིས་སྨན་བསྟེན་ནད་ལྟ་ལ་དཀའ་གནད་མི་ཉུང་བ་ཕྲད་དང་འཕྲད་བཞིན་ཡོད། ངས་ཆུང་དུས་ནས་རང་ཡུལ་ལ་སྨན་པ་ཞིག་བྱས་ཏེ་མང་ཚོགས་ཀྱི་ནད་ལྟ་སྨན་བཅོས་དཀའ་གནད་སེལ་བའི་ཕུགས་འདུན་བཅངས་མྱོང་། ད་ལྟ་དངོས་སུ་ཡུལ་མི་རྣམས་ལ་རང་གིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཕན་ཐོགས་པ་ནི་ངའི་འགན་འཁྲི་གཙོ་བོ་ཡིན་ལ་མི་ཚེའི་རིན་ཐང་ཡང་ཡིན་ཞེས་བཤད།
སྨན་ཁང་དུ་ལས་འགོ་བརྩམས་མ་ཐག་ལས་ཀ་མང་པོ་གཅིག་སྤུངས་གཉིས་བརྩེགས་བྱུང་མོད། ཁོས་ཕྱོགས་གཅིག་ནས་སྨན་ཁང་གི་འགོ་ཁྲིད་དང་སྨན་པ་རྒན་གྲས་ལ་གུས་བཀུར་སློབ་སྦྱོང་བྱས་ཤིང་། ཕྱོགས་གཅིག་ནས་རང་ཚུགས་མ་ཤོར་བར་བློ་ཞིབ་མོས་ལས་ཀའི་དཀའ་སླ་རིམ་པ་ཕྱེས་ནས་དོ་དོ་དན་དན་བསྒྲུབས་པ་དང་ཆབས་ཅིག། ནད་པ་གཙོ་བོར་འཛིན་པའི་འདུ་ཤེས་བརྟན་པོར་བཅངས། ཟས་ཟ་དུས་ཡིན་ན་འདྲ། ནམ་ཕྱེད་ཡིན་ནའང་འདྲ། ནད་པ་ནམ་ཡོང་ཕྱིན་ཁ་བྱམས་ཚིག་བྱམས་དང་རང་ནུས་ཅི་ལྕོགས་ཀྱིས་སྨན་བཅོས་བྱས་ཏེ་ནད་པ་སེམས་སྡུག་ནས་ཡོང་བ་དང་བཞིན་འཛུམ་ནས་སོང་བའི་གོམས་གཤིས་འགྱུར་མེད་རྡོ་ལ་རི་མོ་བྲིས། དེ་ལྟར་དུས་དང་རྣམ་པ་ཀུན་ཏུ་རིས་མེད་ནད་པ་ཡོངས་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་ཞུ་བསྒྲུབས་པས་ཁོ་རང་མང་ཚོགས་ཀྱི་སེམས་སུ་བརྟག་བཅོས་ཀྱི་ཆུ་ཚད་ཡོད་ལ་བྱམས་སྙིང་རྗེ་ལག་ལེན་གསེར་ཐིགས་སུ་བསྟར་བའི་སྨན་པ་བཟང་པོ་ཞིག་ཏུ་བརྩིས་ཡོད་ལ། ལས་རོགས་ཚོའི་སེམས་སུ་རང་དཔེ་གཞན་སྟོན་གྱི་མིག་དཔེ་ལྟ་སར་གྱུར་ཡོད། གསེར་ས་འོག་ཡོད་ན་འོད་ནམ་མཁར་ཁྱབ་ཞེས་པ་ལྟར། སྨན་ཁང་གི་མགོ་གཙོས་ཁོའི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་རྒྱུན་འཁྱོངས་དང་བརྩོན་འགྲུས། ཆོད་སེམས། ལྷག་བསམ་སོགས་མིག་གིས་འཚོ་ཞིང་ཁོག་ཏུ་བཅངས་ཡོད་པས། བློ་བཟང་སྦྱིན་པ་སྔ་རྗེས་སུ་གོང་རིམ་གྱི་སྨན་ཁང་ཆེན་མོརBའདས་སྒྲའི་ནད་དཔྱད་ཆེད་ལས་ལག་རྩལ་ཟབ་སྦྱོང་སོགས་ལ་མངགས་པ་རེད། གཟབ་སྦྱོང་ལོ་ཤས་རིང་ཁོས་ཉིན་མོ་དགེ་རྒན་གྱི་རྗེས་སུ་འབྲངས་ནས་ལག་ལེན་དམར་ཁྲིད་ལ་བརྩོན་པ་དང་དགོང་མོར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབྲེལ་ཡོད་ཤེས་བྱ་སྦྱངས་པས་བརྟག་བཅོས་ཀྱི་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། གཞི་རིམ་དུ་དུས་ཡུན་རིང་པོར་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱས་པར་བརྒྱུད་དེ་བློ་བཟང་སྦྱིན་པའི་གསོ་རིག་གི་རིགས་གཞུང་ཆུ་ཚད་དང་བརྟག་བཅོས་ཀྱི་ལག་ལེན་བྱང་ཚད་གཉིས་ཆ་ཐེམ་པ་ཡར་འཛེག་གི་ཚུལ་དུ་བྱུང་ནས་ཡུལ་ཤོག་སྨན་ཁང་གི་མེད་དུ་མི་རུང་བའི་སྨན་པ་བཟང་པོར་གྱུར།
རང་འགན་གཙང་སྒྲུབ་ཞོར་དུ་བུ་བཙའི་ལས་ལ་གཞོལ།། འཁོས་ཞན་ཉམ་ཆུང་སེམས་སུ་བྱམས་སྐྱོང་བདུད་རྩི་དྲངས།།
བློ་བཟང་སྦྱིན་པས་སྨན་པའི་རྒྱུན་གཏན་ལས་ཀ་ཕུད་ད་དུང་དུས་རྟག་ཏུ་ཞིང་སྡེའི་བུ་བཙའི་ཚན་ཁག་གི་གནད་དོན་ལ་མཐོང་ཆེན་དང་མཐའ་གཅིག་ཏུ་འབད་བཞིན་ཡོད། བུ་བཙའི་ཆེད་ལས་མིན་རུང་ཁོས་དྲྭ་ཐོག་ནས་འབྲེལ་ཡོད་ཤེས་བྱ་མང་པོ་རང་སྦྱོང་བྱས་ཏེ། སྦྲུམ་མར་དཀའ་ངལ་འཕྲད་དུས་མགྱོགས་མྱུར་དུ་ས་གནས་དེ་གར་བསྐྱོད་ཅིང་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དང་ཉམས་མྱོང་སྤྱད་དེ་ཨ་མ་དང་ཕྲུ་གུ་མང་པོ་བདེ་བླག་ངང་བསྐྱབས་ཐུབ་ཡོད། ལམ་ཐག་རིང་བ་དང་སྨན་བཅོས་སྟབས་མི་བདེ་བའི་རྐྱེན་གྱིས་བུད་མེད་ཚོས་ཕྲུ་གུ་སྐྱེ་སྐབས་ཆེད་ལས་སྨན་དོན་མི་སྣའི་དུས་ཐོག་ཏུ་ལྟ་སྐྱོང་མི་རག་པས་ཚང་མས་བློ་བཟང་སྦྱིན་པ་ལ་ཁ་པར་བཏང་བ་རེད། ཁ་པར་ནམ་འབྱོར་ཡང་ཁོས་མྱུར་དུ་རང་གི་རླངས་འཁོར་བསྐོར་ཏེ་ནད་པ་ཚང་ལ་སོང་ནས་མ་བུ་གཉིས་ཉེན་མེད་བདེ་ཐང་ཡོང་བར་འགན་སྲུང་བྱས་པ་རེད།
བློ་བཟང་སྦྱིན་པས་ད་དུང་གྲོང་སྡེ་ནང་གི་རྒན་རྒོན་དང་དབང་པོ་སྐྱོན་ཅན་མི་སྣ། ཁེར་སྡོད་རྒན་རྒོན་ཚོར་དུས་ལྟར་སེམས་ཁུར་དང་ལྟ་སྐྱོང་ཡག་པོ་བྱས། ཐེངས་ཤིག་ལ་གྲོང་སྡེའི་ནང་གི་ཁེར་སྡོད་རྒན་རྒོན་ཞིག་ལ་གློ་བུར་དུ་ནད་ཕོག་ནས་མལ་ལས་ལངས་མི་ཐུབ་པར་གྱུར། ཁོས་གནས་ཚུལ་དེ་ཤེས་རྗེས་དུས་ཐོག་ཏུ་ལས་རོགས་ཚོ་ཁྲིད་ནས་རྒན་རྒོན་གྱི་ཁྱིམ་ལ་སོང་ནས་ནད་བརྟག་སྨན་བཅོས་བྱས་ཐོག་རྒྱུན་སྤྱོད་སྨན་རྫས་ཀྱང་རང་གིས་ཉོས་ནས་བྱིན། ད་དུང་ཁེར་སྡོད་རྒན་རྒོན་གྱི་ལོ་དུ་མ་བརྗེས་མྱོང་མེད་པའི་ཉལ་ཆས་ཐམས་ཅད་གསར་དུ་བརྗེས་པ་དང་། ཉིན་ཕྱེད་རིང་ལ་རྒན་རྒོན་གྱི་སྡོད་ཁང་གཙང་སྦྲ་བྱས་པ་རེད། ཁེར་སྡོད་རྒན་རྒོན་གྱིས་རང་གི་སྲོག་ལྟར་གཅེས་པའི་དངུལ་ཁུག་རྙིང་པ་ཞིག་བླངས་ཏེ་བློ་བཟང་སྦྱིན་པར་སྤྲད་ནས་བྱམས་ལྡན་སྨན་པ་ལགས། ང་ཤི་གསོན་མི་ཤེས་པའི་མི་ལ་ཁྱིམ་མི་མེད་པས་རང་ཉིད་ལ་མཚོན་ན་སེམས་ཁུར་དང་འཇིགས་སྐྲག་ཆེན་པོ་ཡོད། ཁྱེད་ཀྱིས་ངའི་སྲོག་སྐྱོབ་པས་མ་ཚད་བྱམས་སྐྱོང་འདི་འདྲ་བྱས་བྱུང་། ང་ཤི་རྗེས་སྒོར་མོ་ཉུང་ངུ་དེ་བེད་སྤྱོད་ཡག་པོ་བྱེད་རོགས། རྒན་པོ་ཤི་མིག་བཙུམ་ཆོག་ཅེས་ཟེར། བློ་བཟང་སྦྱིན་པས་བརྩེ་བ་ཆེན་པོས་རྒན་རྒོན་ལ་ཁྱེད་སེམས་ཁྲལ་མང་དྲགས་སོང་། ཁྱེད་ཀྱི་ནད་ལ་སྐྱོན་མི་འདུག། གཟུགས་པོ་ཡང་ཡག་པོ་འདུག། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་དེ་འདྲ་ཡོད་པ་དང་ཡུལ་མི་སྤུན་ཟླ་ཚོས་ཀྱང་ཁྱེད་ལ་སེམས་ཁུར་བྱེད་ཀྱིན་ཡོད་པས་ཁྱེད་སེམས་ལྷོད་ལྷོད་བྱས་ན་ཆོག་ཅེས་ཁ་ཏ་སེམས་གསོ་བྱས། ཁྱིམ་མི་ལྟ་བུའི་ལྟ་རྟོག་ཡོད་པས་རྒན་རྒོན་དེའི་ནད་གཞི་ཇེ་ཡང་དུ་སོང་ཞིང་སེམས་ཁམས་དལ་གྱིས་སྐྱིད་པོར་གྱུར།
རང་ཉིད་ཀྱི་ཤེས་བྱ་དང་རྩལ་ནུས་ལ་བརྟེན་ནས་ནད་པར་རོགས་རམ་བྱེད་ཐུབ་པ་ནི་ཚེ་འདིའི་བདེ་སྐྱིད་ཆེ་ཤོས་དེ་ཡིན་ཞེས་པ་ནི་བློ་བཟང་སྦྱིན་པས་ནམ་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་རེད། ཁོས་དེ་ལྟར་བཤད་པ་རེད་ལ་དེ་ལྟར་སྒྲུབ་པ་རེད། ཁོའི་གཏམ་རྒྱུད་ཀྱིས་གཞོན་ནུ་དེ་བས་མང་པོ་སྨན་བཅོས་བྱ་གཞག་ཏུ་ཞུགས་རྒྱུར་སྐུལ་མ་ཐེབས་ནས་ད་ལྟ་ཡུལ་སྡེ་དེར་སྨན་སྦྱོང་མཁན་སློབ་མ་ཉི་ཤུ་ལྷག་ཡོད་པ་རེད། ད་ལྟ་ཡུལ་སྡེའི་སྨན་བཅོས་ཁྱབ་ཁོངས་སུ་ན་གཞོན་སྨན་པ་བཟང་པོ་བློ་བཟང་སྦྱིན་པས་ནུས་པ་ཆེན་པོ་བཏོན་དང་འདོན་བཞིན་ཡོད་ཅིང་། སྨན་པའི་རང་འགན་གཙང་སྒྲུབ་ཀྱི་ཁར་ད་དུང་སྤྱི་ཕན་བྱེད་སྒོར་ཞུགས་ནས་བདེ་ཐང་ཤེས་བྱ་ཁྱབ་གདལ་དང་སྤྱི་དམངས་ཀྱི་བདེ་ཐང་འདུ་ཤེས་ཇེ་དྲག་ཏུ་གཏང་བར་འབད་བཞིན་ཡོད་དོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10