སྐལ་བཟང་འགྱུར་མེད་ཀྱི་བརྩམས་ཆོས་ལ་བྱ་དགའ་འདི་ཐོབ་འདུག།

        2026-03-27

སྐལ་བཟང་འགྱུར་མེད་ཀྱི་སྙན་ངག་བརྩམས་ཆོས་ལ《མི་རིགས་རྩོམ་རིག》གི་ལོ་འཁོར་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུས། 

   ཉེ་ཆར2025ལོའི《མི་རིགས་རྩོམ་རིག》གི་ལོ་འཁོར་བྱ་དགའི་མཐའ་མའི་དཔྱད་བསྡུར་ཚོགས་འདུ་པེ་ཅིང་དུ་གྲོལ།  དཀར་མཛེས་ཁུལ་གྱི་རྩོམ་པ་པོ་སྐལ་བཟང་འགྱུར་མེད་ཀྱི་སྙན་ངག་བརྩམས་ཆོས《འདབ་པའི་གནམ་ས་མིའི་གླུ་དབྱངས》དེ་དཔྱད་ཞུགས་བརྩམས་ཆོས་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ་ལོ་འཁོར་གྱི་བྱ་དགའ་ཐོབ། མཚན་སྙན་དེ་ནི་རྩོམ་པ་པོ་མི་སྒེར་གྱི་གསར་རྩོམ་ནུས་པ་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད་དཀར་མཛེས་ཁུལ་རང་ཡུལ་གྱི་རྩོམ་རིག་གསར་རྩོམ་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་ཀྱང་མངོན་ཡོད། 

   སྐལ་བཟང་འགྱུར་མེད་ནི་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ལ། ཁོང་གི་གསར་རྩོམ་གྱི་རྩོམ་ལུས་མང་བ་དང་། བརྩམས་སྒྲུང་རིང་གྲས《སྦས་པའི་བཞིན་རས།》《མུ་གེའི་ལོ་ཟླའི་ཨ་ཁུ་སྟོན་པའི་གཏམ་རྒྱུད》པར་སྐྲུན་བྱས་ཡོད། ལྷུག་རྩོམ་ཕྱོགས་བསྒྲིགས《ཁམས་ཀྱི་རང་མདངས་མངོན་པ》དང《ལྷ་ཡི་སྐྱེད་ཚལ》《གངས་དང་གྲོང་ཁྱེར་གྱི་འདབས་སུ་བསྐྱོད་པ》 སྒྲུང་ཐུང་ཕྱོགས་བསྒྲིགས《དུས་ཚོད་ཤོར་བའི་གྲོང་སྡེ》 དེ་བཞིན་མཚོ་བོད་རོལ་དབྱངས་ཁག་གསུམ་སྟེ《མཚོ་བོད་ཚིག་མཛོད》《མཚོ་བོད་དུས་ཚོད》《མཚོ་བོད་ནམ་མཁའ》སོགས་ལ་རྩོམ་རིག་གི་བྱ་དགའ་སྣ་ཚོགས་ཐོབ་ཡོད། སྒྲུང་རིང《སྦས་པའི་བཞིན་རས》དེ་དབྱིན་ཡིག་ཏུ་བསྒྱུར་ནས་པར་སྐྲུན་འགྲེམས་སྤེལ་བྱས་ཏེ་འཛམ་གླིང་ལ་གནས་མཆོག་དཀར་མཛེས་ཀྱི་ཐུན་མོང་མ་ཡིན་པའི་གཏམ་སྙན་བརྒྱུད་སྤྲོད་བྱས་ཡོད། 

   ད་ཐེངས་བྱ་དགའ་ཐོབ་པའི་སྙན་ངག《འདབ་པའི་གནམ་ས་མིའི་གླུ་དབྱངས》ནི་འདབ་པའི་ཕན་རོགས་གནའ་ཤུལ་གྱི་གནའ་སྔ་མོའི་ཤེས་དཔལ་དང་ཉི་སྟེན་གངས་རིའི་རང་བྱུང་མཛེས་ལྗོངས། དེ་བཞིན་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་དེང་རབས་གནམ་དཔྱད་འཚོལ་ཞིབ་ཐབས་མཁས་ངང་སྙན་ངག་དང་མཉམ་འདྲེས་བྱས་ཏེ་ཡངས་ཤིང་རྒྱ་ཆེ་བའི་དུས་དང་བར་སྟོང་གི་སྲུང་ཚད་ཁྲོད་གནམ་དཔྱད་རིག་པའི་གནམ་ས་མིའི་སྙན་ངག་ལེགས་འགྲུབ་བྱུང་ཡོད། སྐལ་བཟང་འགྱུར་མེད་ཀྱི་སྙན་ངག་ཏུ་སྔོན་བྱོན་མེས་པོའི་བློ་གྲོས་དང་གངས་རིའི་བརྗིད་ཉམས། ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་གྱི་གསང་བ་གཞི་གཅིག་ཏུ་འདྲེས་ཡོད་ལ། ཀློག་པ་པོར་སྙན་ངག་གི་ཀློང་ནས་འདབ་པའི་ངོ་མཚར་བའི་སྣོད་བཅུད་ཀྱི་མཛེས་སྡུག་ལ་རོལ་མྱོང་ཐེངས་ཤིག་བྱེད་དུ་བཅུག་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་མི་རིགས་རྩོམ་རིག་ཁྱབ་ཁོངས་ཀྱི་བྱ་དགའ་གལ་ཆེན་ཞིག་ཡིན་པའི《མི་རིགས་རྩོམ་རིག》གི་ལོ་འཁོར་བྱ་དགའ་སྤྲད་ཚུན་ཐོག་མཐའ་བར་གསུམ་དུ་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་ཕུལ་བྱུང་སྔོག་འདོན་དང་གཟེངས་བསྟོད་བྱ་རྒྱུར་གཞོལ་ནས་མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད།།




ལོ་ཙཱ། ཡེ་ཤེས། 

རྩོམ་སྒྲིག་པ། ཡེ་ཤེས།

རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།

  • ལེ་ཚན་སྔོན་མ།:རྟའུ་རྫོང་དུ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:འགྱུར་དེབ་རྩ་ཆེན་འགའ་དཔེ་སྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།