རྒྱལ་མོ་རྔུལ་ཆུས་མཆོད་པའི་རླབས་ཀྱི་ཟེགས་མ།༼དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་རྗེས་དྲན་དུ།༽

གངས་དབང་།        2014-12-16

   རྒྱལ་མོ་རྔུལ་ཆུས་མཆོད་པའི་རླབས་ཀྱི་ཟེགས་མ།༼དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་རྗེས་དྲན་དུ།༽

        ང་རང་ཆུང་དུས་ནས་དབྱངས་གསལ་གྱི་འཇིག་རྟེན་དུ་བགྲོད་པ་ནས་བཟུང་འཆད་སྟེགས་སུ་ཀྲོང་ངེར་བཞེངས་པའི་ཀ་ཁའི་སློབ་དཔོན་གྱི་དལ་འབབ་ཆུ་རྒྱུན་དང་མཚུངས་པའི་ངག་དང་།འཇའ་ཚོན་རི་མོའི་རིགས་སུ་མཐུན་པའི་ས་སྨྱུག་གི་རྗེས་ཤུལ་ནི་འཇིག་རྟེན་ན་ཆེས་སྙན་འཇེབས་ཀྱི་གླུ་དབྱངས་དང་།ཆེས་མཛེས་སྡུག་ལྡན་པའི་རི་མོ་ཡིན་པའི་ཚོར་སྣང་སྐྱེས།གླང་རོག་ནག་རྒྱུད་ལ་ཁྱུང་དཀར་མཛོ་དང་།བོང་མགྲིན་བཟང་རྒྱུད་ལ་སྨུག་ཆུང་དྲེལ་ཞེས་པ་ནི་ཕ་མ་གཉིས་གྱི་རེ་བ་དང་།ཞ་ཉེ་ཁུ་བ་དངུལ་ལས་དཀར་བ་བྱ་རྒྱུ་ནི་སློབ་དཔོན་རྣམ་པའི་རེ་འདུན་ཡིན་པས།ཁོ་བོས་ཨ་ཀྱ་ཁ་པའི་ཇ་ཆུ་ལེན་ས།ཇ་རྟའི་ཚོང་པ་ཡི་ཚ་ཕོག་རྒྱག་ས།གངས་ཆུ་སྒེག་མོའི་འགྲམ་དུ་སྐར་མས་ཞྭ་དང་བ་མོས་ལྷམ་བྱས་ཏེ་ཡུན་རིང་ཞིང་ངོ་མཚར་བའི་ལོ་རྒྱུས་ཀྱི་མེ་ལོང་ལ་ཡང་ཡང་བལྟས་ཀྱང་།དོན་ལྔ་ཡི་ནུས་པ་ཆ་ཚང་མ་མཐོང་།སྣོད་དྲུག་གི་ཤོང་རྒྱ་ཡོད་ཚད་མ་ཤེས་ཙ་ན།མུ་མཐུད་དེ་ཕྱི་ནང་གི་ཆུ་གཏེར་ལ་བླངས་དོར་གྱིས་འཇུག་འདོད་སྐྱེས།ཏག་ཏག་ས་གཞི་གསེར་ལྡན་མ་ལ་སེར་མདངས་འཁྱིལ་བའི་དུས་སུ།རྦ་རླབས་དགུང་དུ་འཕྱུར་བའི་རྒྱལ་མོའི་རྔུལ་ཆུའི་འགྲམ་ངོགས་སུ་ཆགས་པའི་རིག་པའི་སྐྱེད་ཚལ་དུ་སློབ་དཔོན་ཉིད་དང་མཇལ་བའི་གོ་སྐབས་ཐོབ་སྟེ་སྤྲོ་བ་རྒྱས།

རྒྱལ་མོ་རྔུལ་ཆུས་མཆོད་པའི་རླབས་ཀྱི་ཟེགས་མ།༼དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་རྗེས་དྲན་དུ།༽

     རེད་དེ།ཐོག་མར་མཇལ་བའི་ཉིན་དེར་ངས་ཁྱེད་ལ་ལྷ་རས་དཀར་པོའི་མཇལ་དར་ཙམ་ཡང་འབུལ་མ་ཐུབ་ལ།སྙིང་གཏམ་ཚིག་གསུམ་ཡང་ཞུ་མ་ཕོད་མོད།ཉིན་དེ་ནི་ཁྱེད་ཀྱིས་ཟླ་ཐོག་ལོ་བརྩེགས་ནས་བསྙལ་བའི་བདུད་རྩི་ཡིས།རིགས་ཀྱི་བུ་དང་བུ་མོ་ཚོ་ལ་དབང་ལུང་ཁྲིད་གསུམ་གནང་བའི་དགའ་སྟོན་གྱི་མཛད་སྒོ་ལགས་པས།ཁ་བཏགས་འདོམ་གང་ལས་སེམས་པ་མཐོ་གང་དགའ་ཚོད་རེད།དུས་དེ་ནི་ཁོ་བོའི་མི་ཚེའི་འགྲོ་ལམ་གདམ་པའི་རྟེན་འབྲེལ་ལགས་པས།རང་ངོ་མ་ཤེས་པའི་སེམས་ཁྲལ་ཐང་ལ་བཞག་སྟེ་རང་རྒྱུས་ལོན་པའི་དབུ་ཁྱུད་བྲིས།
 

རྒྱལ་མོ་རྔུལ་ཆུས་མཆོད་པའི་རླབས་ཀྱི་ཟེགས་མ།༼དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་རྗེས་དྲན་དུ།༽

      དུས་དེ་ནས་དབྱངས་གསལ་གྱི་བུང་སྒྲ་མཐོ་མ་མྱོང་ཞིང་།ཀ་ཁའི་མེ་ཏོག་མཛེས་མ་ཐུབ་པའི་སྐྱེད་ཚལ་དེ་མིང་གིས་སྙན་ལ་དོན་གྱིས་ལྕི་འགོ་ཚུགས།གནས་དེ་ནི་གཡང་གཟར་ཞིང་སྐྱ་ཐལ་ཐལ་གྱི་རི་བོས་བར་དུ་བཙིར་ཡང་།ང་ཚོས་མཉེན་ལྕུག་ཕྱག་ཡངས་རིང་དུ་བསྲིངས་པའི་ལྕང་མའི་གྲིབ་བསིལ་འོག་ཏུ།ནོར་གྱི་མཆོག་ནི་ཆོག་ཤེས་ཡིན།ཡོན་ཏན་མཆོག་ནི་ཕན་སེམས་ཡིན།རྒྱན་གྱི་མཆོག་ནི་མཁས་པ་ཡིན།གྲོགས་ཀྱི་མཆོག་ནི་མི་བསླུ་བ།བདེ་བའི་མཆོག་ནི་སེམས་བསྐྱེད་པ་ཞེས་ཁ་ཏ་རྒན་པོའི་འབེལ་གཏམ་ལ་ཉན་མྱོང་ལ།ཟབ་མོ་དབུ་མའི་ཐག་ནག་དགུ་མདུད་ཐབས་ཀྱིས་བཀྲོལ་བའི་ཀླུ་སྒྲུབ་དགོངས་རྒྱན་གྱིས་རིག་པ་བརྡར་མྱོང་།ཡུལ་དེ་ནི་རྩྭ་ལྡུམ་སྐྱེས་ཤིང་མེ་ཏོག་བཞད་ལ་བྱེ་རྡོ་མང་བའི་སྣ་འཛོམས་ཀྱི་ར་བ་ཞིག་ཡིན་ཡང་།ང་ཚོས་གནམ་ལ་མཆོད་པ་ཕུལ་ཞིང་ས་ལ་རི་མོ་བྲིས་པའི་རྒྱལ་མོ་རྔུལ་ཆུའི་འགྲམ་དུ།བདག་གཞན་མཉམ་བརྗེའི་སྤྱོད་པ་ལ་འཇུག་པའི་འཇིག་རྟེན་གྱི་ལྟད་མོར་སོང་མྱོང་ལ།གཉིས་བཞི་ཡི་ཐོབ་ཐང་དང་དུས་གསུམ་གྱི་འཇུག་ལྡོག་བར་ལ་གཟུར་གནས་དགྱེས་པའི་གཏམ་ལ་ཉན་ཞིང་།དཀའ་གནད་གསལ་བའི་མེ་ལོང་དུ་ཡང་ཡང་བལྟས་པ་ན་རི་རྩེ་ཡི་སྨུག་པ་ཡལ་སོང་།ཆུ་མགོ་ཡི་ཆུ་རྒྱུན་དྭངས་ཐལ།
 

རྒྱལ་མོ་རྔུལ་ཆུས་མཆོད་པའི་རླབས་ཀྱི་ཟེགས་མ།༼དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་རྗེས་དྲན་དུ།༽

      ས་དེ་ལ་ལྷ་སྒྲུང་གི་ཐལ་རྡུལ་འཚུབ་ཅིང་འུར་འདྲོགས་པའི་མཁའ་རླུང་ཆེ་མོད།ང་ཚོས་དེབ་དཀར་པོ་ཞིག་ལས་བཙན་པོའི་བཀའ་སློབ་ངོ་མ་དང་།བློན་པོའི་ཐབས་ཇུས་བདེན་པ་རྣ་བས་ཐོས་ཏེ་ཡིད་ཀྱི་གསོས་སུ་གྱུར་ཞིང་།རྒྱལ་ཁམས་རིག་པས་བསྐོར་བའི་འབྲས་བུ་ཕྱི་སྨིན་ནང་སྨིན་ཞིག་ལའང་ལོངས་སུ་སྤྱོད་མྱོང་།།
    ཡུལ་གང་དུ་འགྲོ་ཡང་རྣ་བས་ཐོས་པ་ནི།བོད་ཀྱི་གནས་བབས་སྐོར་གྱི་གསུང་བཤད་རེད།ཡར་འགྲོ་མར་འགྲོའི་ས་མཚམས།རྟ་ཁ་སྲབ་ཀྱིས་སྒྱུར་བའི་དུས་སུ་ད་དུང་ཡང་ཉ་ལས་ཉམ་ཆུང་ཞིང་།ཕག་ལས་མགོ་དམའ་བར་སྡོད་ཚུགས་སམ་ཞེས་བྲག་རི་གཏོར་ཞིང་རྒྱ་མཚོ་གཡོམ་པ་ལྟ་བུའི་འབོད་སྐད་རིག་པའི་སྐྱེད་ཚལ་དུ་ཁྱབ་པས།གཡག་རྭ་ནས་ཕེབས་པའི་ཁྱེད་ཀྱིས་ཁོང་འདར་ཞིག་ཤོར།མདོ་གྲོང་ནས་བྱོན་པའི་ཁོང་ལ་སྐྲག་སད་ཅིག་ཐེབས།གུར་བྲག་ལ་འཁོར་བའི་ང་ཡིས་ངུ་ཤུབ་ཀྱང་བྱས།

རྒྱལ་མོ་རྔུལ་ཆུས་མཆོད་པའི་རླབས་ཀྱི་ཟེགས་མ།༼དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་རྗེས་དྲན་དུ།༽

      གནས་གང་དུ་བསྡད་ཀྱང་ཡིད་ཀྱིས་དྲན་དགོས་པ་ནི།ང་ཚོས་དཀའ་གནད་དང་དོགས་གནད་རེ་རེ་ཁྱེར་ཏེ་ཁྱེད་ཀྱི་དྲུང་དུ་བཅར་དུས།ཁྱེད་ཀྱིས་ཟབ་གསལ་རིགས་པས་བདེན་པའི་ཁུངས་བཙལ།རྫུན་མའི་མཐིལ་བརྟོལ་ཏེ་འགྲོ་སའི་ལམ་དང་འཇུག་སའི་ཕུགས་བསྟན་བ་ན།ང་ཚོ་འོད་དུ་འཚེར་བའི་སྒོ་རུ་ཞུགས་ཏེ་ཕྱིར་ལོག་མ་འདོད།
      ལས་ཅི་ཞིག་བསྒྲུབས་ཀྱང་བརྗེད་མི་ཕོད་པ་ནི། ང་ཚོའི་སྲོག་རྩ་སྐད་དང་ཡི་གེ་ཡིན།སྲོག་གི་རྩ་བ་བརྟན་དགོས་ན།དེང་རབས་རིག་གནས་ཀྱི་ཁྲག་རྒྱུན་ང་ཚོའི་ཁྲག་རྩར་འཇུག་དགོས་ཞེས་པའི་གསུང་བཤད་རེད།ཁྱེད་ཀྱི་གང་གི་ཁོངས་སུའང་མི་གཏོགས་ཀྱང་།སུ་ཡིས་ཀྱང་གོ་སླ་བའི་དག་གསལ་གྱི་ངག་གི་སྦྱོར་བ་ཡིས་སྐད་རིགས་ཤིག་གི་ཐོབ་ཤོར་དྲང་བདེན་གྱིས་གླེང་།མི་རིགས་ཤིག་གི་ཆག་འཇིག་ང་རྒྱལ་གྱིས་གསུངས་ཤིང་།ཀུན་བཟོད་སྒེག་མོའི་བཞད་སྒྲའི་ཁྲོད་དུ་ཚིགས་བཅད་ཀྱི་ལམ་ནས་བདེན་དོན་གྱི་ལམ་བུ་འཚོལ་བཞིན་བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་ལ་ཐུགས་དགོངས་མཛད་པས་སྐྱེད་ཚལ་ཆེན་མོ་དེ་ད་གཟོད་རི་ལྟར་མཐོན་པོ་དང་མཚོ་ལྟར་ཆེན་མོར་གྱུར།ང་ཚོ་ལའང་གཞི་ནས་ཆར་བ་ལྟ་བུའི་ཟིམ་ཟིམ་གྱི་འཇམ་གཤིས་བསྐྱེད།ཁ་བ་ལྟར་ལྷབ་ལྷུབ་ཀྱི་འགྱུར་བག་མཆེད།རླུང་བུ་ལྟར་འུར་འུར་གྱི་རྒོད་གཤིས་ཀྱང་རྒྱས།

རྒྱལ་མོ་རྔུལ་ཆུས་མཆོད་པའི་རླབས་ཀྱི་ཟེགས་མ།༼དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་རྗེས་དྲན་དུ།༽

     དུས་ད་ལྟར། མང་མང་ཞིག་ཕ་ཡི་འདས་ལོ་མི་ཤེས་པའི་བུ་རུལ་ངན་ལ་གྱུར་ཡང།རང་ཉིད་ཀྱི་ནོངས་པས་ངོ་ཚ་བ་རྣམས་ཀྱིས་སྲོག་རྩ་ཡི་ཉེན་ཁ་སྲུང་བཞིན་ཡོད།དེ་ནི་དུས་ནམ་ཡང་ཁྱེང་ཉིད་བརྗེད་མེད་པའི་རྟགས་ཡིན།གཞན་རིགས་ཀྱི་འཕྱ་སྨོད་ལ་འཛེམས་པའི་ཁྲེལ་ལྡན་རྣམས་ཀྱིས་ཁྲག་རྒྱུན་གྱི་བཞུར་ལམ་དེད་ཀྱིན་འདུག   དེ་ནི་ཁྱེད་ཉིད་ད་དུང་ཡང་སེམས་ཁམས་སུ་གསོན་པོར་གནས་པའི་རྟགས་ཡིན་ལགས།། །།

 
 

  • ལེ་ཚན་སྔོན་མ།:ཕྱིར་དྲན་ཀློང་གི་མིག་ཆུ།
  • ལེ་ཚན་རྗེས་མ།:ཤིང་སྡོང་དང་འཕྲོས་གཏམ།