ཕྱིར་དྲན་ཀློང་གི་མིག་ཆུ།

ཏྲེ་ཧོར་བོད་ཡིག་སློབ་འབྲིང་།(རིག་བྱེད་ལྷ་མོ།)        2014-12-08

ང་ཨ་མའི་པང་ཁུག་ཏུ་ཐོན་པ་ནས་ད་བར། ངའི་སེམས་ན་རྡོ་ལ་རི་མོ་བྲིས་པ་བཞིན་གསུབ་ཐབས་མེད་པའི་འདས་དོན་ཉག་གཅིག་ཡོད་པ་ནི།སྡོང་ལོ་ས་ལ་ལྷུང་བའི་ཉིན་མོ་ཞིག་དང་།  ཟླ་བ་གཟའ་ཡིས་བཟས་པའི་ས་སྲོད་དེར།  དལ་འབྱོར་མི་ལུས་སྦྱིན་པའི་དྲིན་ཆེན་མ་ལོ་ཚེ་ཕྱི་མའི་འཕྲང་རིང་དུ་བཙན་གྱིས་དེད་སོང་བ་དེ་ཡིན་ལ།  སྨག་ནག་པའི་མཚན་མོ་དེར།  ངས་སྦྲ་སྒོ་ནས་ཆོན་ཐག་ལ་འཇུས་ཏེ།  རྒྱང་རིང་རྒྱང་རིང་དུ་ཕྱིན་པའི་དྲིན་ཆེན་མ་ལོའི་རྒྱབ་གཟུགས་ལ་མིག་ཆུ་མཁུར་འགྲམ་ནས་འཐོར་ཞོར་ཇི་ལྟར་བོས་ཀྱང་།  མ་ལོའི་སྙན་འཇེབས་ཀྱི་གསུང་སྐད་ཐོས་པ་ཞིག་གཏན་ནས་མ་བྱུང་།
དུས་དེ་ནས་བཟུང་།  གཉོམ་ཆུང་གི་བུ་མོ་ང་རང་། ཨ་མའི་པང་ཁུགས་ཀྱི་ནུ་ཞོ་མངར་མོ་དང་།  བཅོས་མིན་གྱི་འཛུམ་མདངས་རེ་རེ།  ལྷད་མེད་པའི་དུངས་སེམས་བཅས་དང་གཏན་དུ་གྱེས་ནས།  སྐྱ་ཐིང་ཐིང་གི་འཇིག་རྟེན་འདི་ན་ཧད་དེ་ལུས་འདུག
ཡང་གཅིག་བཤད་ན།  སྐྱེ་བ་སྔོན་མར་ངན་བྱས་ཀྱི་རྣམ་སྨིན་ཞིག་གིས།  མ་བུ་ལྷན་འཛོམས་ཀྱི་བདེ་སྐྱིད་ཡོངས་སུ་རྫོགས་ཤིང་།  འཁྱག་ལྷང་ལྷང་གི་ཁྱིམ་གཞིས་ཤིག་ནས།  སྐྱོ་སྣང་གིས་བསྐྲུན་པའི་མི་ཚེ་འདིར་སུན་འབྱིན་བྱེད་ཞོར།  ངུ་མ་དགོད་ཀྱིས་བཞེངས་པའི་ཟང་ཟིང་འར་འུར་གྱི་འཇིག་རྟེན་ན།  དྲན་གདུང་གིས་མནར་བའི་བུ་མོ་ངའི་མིག་ཟུང་མཆུ་མས་བརྣངས་བཞིན་གདའ།
སྐབས་འགར་ངས་འདས་ཟིན་པའི་དོན་དག་དེ་ཚོར་ཁེར་འདང་རེ་བརྒྱབ་ཚེ།  སྐྱོ་སྡུག་འདྲེས་མའི་འཚོ་བ་འདི་སྔོན་བསགས་ཀྱི་ལས་དབང་ཞིག་ཡིན་ནམ།  ཡང་ན་གནམ་རྒན་མས་ང་ལ་གནང་བའི་མནར་གཅོད་ཐེངས་ཤིག་ཡིན་ཞེས་ཁེར་ལབ་ཀྱང་རྒྱག་མྱོང་།
གང་ལྟར།  ངས་བཅོས་ཐབས་མེད་པའི་ནད་གཞི་འདི་རུམ་ལ་བཅུག་ནས།  དྲན་གདུང་གི་ཉམས་འགྱུར་ཕྱི་རུ་མངོན་ཡོང་བའི་འཚོ་བ་འདི་རོལ་བཞིན་ཡོད།  ཡིན་ནའང་།  དཀོན་མཆོག་གསུམ་ལ་གསོལ་བ་འདེབས་ཞོར།  ཡིག་དྲུག་གི་འབྲུ་མ་ངག་ནས་བགྲང་བཞིན།  ཕ་མར་གྱུར་ཚད་ཀྱི་རིགས་དྲུག་ཐམས་ཅད།  སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ཏེ།  ནུབ་ཕྱོགས་བདེ་ཆེན་གྱི་ཞིང་དུ་སྐྱེས་པའི་གསོལ་འདེབས་རེ་བྱས་ཤིང་།  ཧ་ཅང་བདེན་དོན་གྱིས་གསོན་ནས་ཡོད།
  • ལེ་ཚན་སྔོན་མ།:གནས་མོ་ལགས། སྒོ་ཕྱེས་དང་།
  • ལེ་ཚན་རྗེས་མ།:རྒྱལ་མོ་རྔུལ་ཆུས་མཆོད་པའི་རླབས་ཀྱི་ཟེགས་མ།༼དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་རྗེས་དྲན་དུ།༽