གནས་མོ་ལགས། སྒོ་ཕྱེས་དང་།

སྨྲེང་བུས་བརྩམས།        2014-12-05

ཐག་རིང་གི་སྐྱོ་ངལ་ཁུར་ནས་ཁྱོད་ཀྱི་སྒོ་མདུན་ལ་ལྗིད་ཏིག་ཏིག་གིས་འབྱོར་ཞིང་། བདེ་སྡུག་གང་རུང་གི་འཕྲིན་པ་ཞིག་ཞུ་ཆོག་ཆོག་གི་དུས་སུ། ཁྱོད་ཀྱིས་ཤིང་སྒོ་སྔར་ནས་བརྒྱབ་སྟེ་ཁ་རོག་གེར་བསྐུང་དོན་ཅི། ངས་ཁྱོད་ཀྱི་མཚན་ནས་ཡང་ཡང་བོས་ཤིང་ལྕགས་ལོང་སྤྲུགས་སྤྲུགས་བྱས་ན་ཡང་། ཁྱོད་ཀྱིས་དཀར་མེ་གཟིམ་སྟེ་སྐད་ཤུགས་ཕྲ་མོས་ངུ་བཤུམ་བྱེད་དོན་རྟོགས་པར་དཀའ། ངས་རི་ཚོགས་ཀྱི་བར་གསེང་ནས་ཁྱོད་ཕྱོགས་སུ་བྱེའུ་གང་རུང་ལ་འཕྲིན་ཆུང་ཞིག་བསྐུར་ཐུབ་མ་སོང་བས་ལན་པ་ཨེ་ཡིན། ལམ་ངོགས་ཀྱི་དབྱར་དགུན་སྟོན་དཔྱིད་ལ་རྡེའུ་དཀར་པོ་འཐུ་བཞིན། ཁྱོད་དང་འུ་གཉིས་ཀྱི་མ་འོངས་པའི་བརྩེ་འདང་གི་མཆོད་སྤྲིན་ལ་སྨོན་ལམ་འདེབས་པའི་སྔ་གཞུག་ཏུ། སྤང་གཞོང་ནས་རྫི་རླུང་གིས་སྐྱེལ་ཡོང་བའི་རི་གཞས་ཐར་ཐོར་ཡང་རྣ་རྒྱབ་ཀྱི་ལྷགས་རླུང་བཞིན་དོར་ཞིང་། རྫ་གསེབ་ནས་བཞུར་ཡོང་བའི་གཙང་ཆབ་སྔོན་མོ་ཡང་སྐོམ་སེལ་གྱི་གཉེན་པོ་རུ་མ་བཀུག 
  གནས་མོ་ལགས། བདག་གི་དུས་གསུམ་གྱི་སེམས་གུར་དུ་ཁྱོད་ཀྱི་དྭངས་གཙང་གི་བསླུ་བྲིད་འཁྱིལ་ཞིང་། བདག་གི་དཀའ་སྤྱད་ཀྱི་འགྲོ་ལམ་དུ་ཁྱོད་ཀྱི་ཤུགས་དྲག་པའི་གློ་རྒྱུའི་བྲང་གཞུང་དུ་གཡོ། ཁྱོད་ཡོད་སྙམ་པའི་འདུ་ཤེས་ཀྱིས་བདག་གི་ལྟོགས་སྐོམ་གྱི་སྣང་བ་བཅོམ་ཞིང་། ཁྱོད་ཀྱིས་སྒུག་ཡོད་སྙམ་པའི་དྲན་འཛིན་གྱིས་བདག་སེམས་ཀྱི་སྨྲེང་བ་རྫ་མགོའི་སྨུག་སྤྲིན་བཞིན་སངས།
  གནས་མོ་ལགས། མྱུར་མོར་ཕེབས་ཡོང་ནས་སྒོ་ཕྱེས་དང་། མཇལ་སྐལ་མེད་པའི་ལོ་ཟླའི་ནང་། ཁྱོད་ཀྱི་ལུས་རྟེན་གཡུང་དྲུང་བརྩེགས་པར་ནད་དུག་ཞགས་པས་བཅིངས་སོང་བའམ། ཡང་ན་ཕ་རོལ་པོ་གང་ཞིག་གི་བརྙས་བཅོས་ཀྱི་མནར་སྡུག་གིས་ཁྱོད་སེམས་ཕམ་པར་བཟོས་པ་ཨེ་ཡིན་ནམ། གནམ་གྱི་སྐར་མས་ཡིད་གདུང་གི་མཆི་མ་གཏོར་ཞིང་། ས་གཞིའི་རྩི་ཏོག་གིས་མྱ་ངན་གྱི་གཅོང་སྐད་སྒྲོག  གནས་མོ་ལགས། གསལ་འཚེར་གྱི་དཀར་མེ་སྒྲོན་ཏེ་སྒེའུ་ཁུང་གི་རས་ཡོལ་འཐེན་དང་། སོམ་ཉི་ཡི་དྲྭ་རྒྱ་བཅད་ནས་ཡིད་འོང་གི་ཤིང་སྒོ་ཕྱེས་ཤོག
  • ལེ་ཚན་སྔོན་མ།:ཟླ་བ།
  • ལེ་ཚན་རྗེས་མ།:ཕྱིར་དྲན་ཀློང་གི་མིག་ཆུ།