ཟླ་བ།

སྨྲེང་བུས་བརྩམས།        2014-12-05

ཟླ་བ་ཤར་བྱུང་།
ཟོར་དབྱིབས་ནས་སྡེར་ཚུགས་སུ་བརྒྱུད་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཡིན་པ་འདྲ།ཚེས་གཅིག ཚེས་གཉིས།ཚེས་གསུམ……དུས་རབས་གང་ཞིག་གི་མི་ཚོས་གླེང་ནའང་ཟླ་བའི་འགྱུར་ཚུགས་འདི་ཙམ་ལས་བདའ་མི་སྲིད།ཟླ་དཀར་ཤིན་ཏུ་གསལ་བའི་མཚན་མོ་ལའང་ནགས་ཚལ་དུ་སྨག་གནག ལྗོན་ཤིང་།ཡལ་འདབ།མྱུ་གུ།ད་དུང་བྱ་བྱེའུ་དང་སྡེར་ཆགས་ཀྱི་ཚོགས།ཡོད་ཚད་ཀྱི་ཡོད་ཚད་འཇམ་ཅག་གེར་བདོག་པ་ནི་གནའ་སྔ་མོ་ཞིག་ནས་དར་བའི་ནགས་ཚལ་དེའི་གོམས་ལུགས་ཡིན།
མི་དེ་ནི་བརླན་གྱིས་བཟུང་ལ་འཁྱག་འདར་རྒྱས།ཕལ་ཆེར་དྲོད་འཇམ་ཞིག་ལ་འཕྲད་པའི་འདུན་པ་ཡེ་ནས་སྟོངས་པ་འདྲ།ཟླ་བ་ལའང་ཉི་མ་དང་འདྲ་བའི་ཚ་ནུས་ཤིག་ཡོད་ན་ཅི་མ་རུང་ཞེས་མི་དེའི་མཐའ་འཁོར་ན་འདི་ལྟར་སྒྲོག་མཁན་ཞིག་བྱུང་མ་མྱོང་།སྐབས་ཤིག་ལ།ཟླ་དཀྱིལ་ན་རི་བོང་ཞིག་འདུག་གོ་ཞེས་སྨྲ་མཁན་ཞིག་བྱུང་ནའང་།ཟླ་བ་ལ་ནག་ནོག་གི་དྲི་མས་སྦགས་འདུག་ཅེས་གཏན་ནས་བཤད་མ་མྱོང་བར་ནི་ཟླ་བ་ལྷ་སྒྲུང་གི་འཇིག་རྟེན་ནས་འཁྲུངས་པ་ཡིན་ཤས་ཆེ།
མ་གཞི་མི་དེའི་འཚོ་གནས་ཀྱང་ནགས་ཚལ་དེ་ཡིན་སྲིད་དོ།།
ཟླ་བ་ལ་བརྟེན་ཡུན་རིང་ན།ནགས་ཚལ་ལ་འཕོ་འགྱུར་དཀོན་ཞིང་བརླན་གཤེར་གྱིས་བཟུང་ལ་འཁྱག་འདར་རྒྱག་པའི་མི་ཡིས་ས་སྟེང་ཁེབས་པར་ངེས།
དེའི་ཕྱིར།དྲོད་འཇམ་གཞན་ཞིག་འཚོལ་རོགས།  
  • ལེ་ཚན་སྔོན་མ།:ཁྲོན་པའི་རུས་སྦལ།
  • ལེ་ཚན་རྗེས་མ།:གནས་མོ་ལགས། སྒོ་ཕྱེས་དང་།