ཁྲོན་པའི་རུས་སྦལ།

སྨྲེང་བུས་བརྩམས།        2014-12-04

ལོ་མང་གནས་རྟེན་དོག་མོར་བསྡད་པས།ཁྱོད་ཀྱི་ཕྱི་ཤུན་ཧྲིལ་པོར་ངང་གིས་བབས་པ་ཤེས་རྒྱ་ཕྲ་བའི་གཉེར་མ་དགུ་རྩེག་གི་རུས་ཡིག་མ་ཡིན་ནམ།གཞན་གྱིས་བལྟས་ན་གསོན་ཉམས་བྲལ་བའི་ཁྱོད་ཀྱི་ཉིན་དང་ཞག་སྟེ།སྐབས་འགར་མགོ་བོ་བཏེགས་ཏེ་ཁྲོན་པའི་ནམ་མཁར་བལྟས་ནས་རང་ཡིད་གོར་མོ་ཚིམ་ལ།ལན་རེར་ཁྲོན་པའི་ཆུ་ལ་རྐྱལ་ནས་རང་ཉིད་ཟད།ནག་རོག་གེའི་གཡས་དང་གཡོན།ནག་རོག་གེའི་ལྷོ་དང་བྱང་།ནག་རོག་གེའི་སྟེང་དང་མཐིལ།འདི་དག་གིས་ཁྱོད་ཀྱི་ཁོར་ཡུག་ཧྲིལ་པོ་གྲུབ།ལོ་ཟླའི་དབང་གིས་ཁྲོན་པའི་ཆུ་ཁུངས་ཆད་ལ་ཉེ་ཞིང་རིམ་བཞིན་བྲི་ལ་རྙིང་བར་གྱུར་ནས་རྩྭ་ལྡུམ་འཛིང་།ཚེ་རབས་ཀྱི་རྙིང་ཤོས་ཆེ་བ་དག་བློས་མི་ཆོད་དོན་གང་།དུས་འདིར་གནས་སྤོ་བ་ནི་ཁྱོད་ཀྱི་འཚོ་གནས་ཀྱི་དགོས་ངེས་འབའ་ཞིག་རེད་ལ།འཇིག་རྟེན་ཕྱི་རོལ་གྱི་འོད་སྣང་ཉམས་སུ་མྱངས་ཤིང་རྒྱ་མཚོའི་གླིང་དུ་སྣ་མང་གསར་རྐྱང་གི་རང་དབང་འཚོལ་རྒྱུའང་ཁྱོད་ཀྱི་ལས་དབང་ཧྲིལ་པོའི་དཀྱོགས་མཚམས་ཉག་ཅིག་རེད།
རྒྱ་མཚོར་བགྲོད་པའི་ཁྱོད་ཀྱི་བགྲོད་སྐར་ནམ་ཞིག་ཡིན།
ན་སེམས་ཀྱི་སྣེ་མོར་སྦྲེལ་བའི་ནག་རོག་གེའི་འཇིག་རྟེན་གྱི་རུས་སྦལ་ལགས།
  • ལེ་ཚན་སྔོན་མ།:སྐྱ་རེངས།
  • ལེ་ཚན་རྗེས་མ།:ཟླ་བ།