སྐྱ་རེངས།

སྨྲེང་བུས་བརྩམས།        2014-12-04

རྨི་ལམ་གྱི་ཁྲོད་དུ།
ང་བཤུལ་ལམ་རིང་མོ་ཞིག་བརྒྱུད།ལམ་ཁར་རྒྱུ་འགྲུལ་མང་པོ་ཞིག་ལ་འཕྲད།སློང་མོ་བ་དག་གི་ཉམ་ཐག་པའི་མིག་ཟུང་གིས་ང་ལ་ཡང་ཡང་ལྟ།ཁོ་ཚོའི་དཔོག་དཀའ་བའི་མིག་མདངས་ལས་སྐྱབས་བཅོལ་དང་སློང་མོ་བྱེད་པའི་ཉམས་ཤིག་འཚེར།ཕངས་པ་ཞིག་ལ།མ་གཞིར་ང་ཡང་ལམ་རྒྱགས་འཚོལ་དུ་ཆས་མ་ཐག་ཡིན།ངའི་ལག་ན་ཅི་ཡང་མེད་དེ།ཐ་ན་མི་ལོ་ཉི་ཤུའི་ཡར་སྔོན་ནས་བཟུང་རུམ་ལ་རྟག་ཏུ་བཅུག་པའི་ཕོར་བའང་གར་བོར་ཆ་མ་འཚལ།ངས་ཁོ་ཚོའི་ཆ་ལུགས་དེ་མཐོང་ནས་ཡིད་སེམས་གཏིང་ནས་སྨྲེང་།ལག་ཏུ་བག་ལེབ་ཁ་ཤས་སམ་འབྲུ་རྡོག་རེ་གཉིས་ཐོབ་པའི་ཉམས་སྣང་དེར་བལྟས་ན་ཁོ་ཚོར་སྦྱིན་འདོད་ཀྱི་ཀུན་སློང་ངའི་རྒྱུད་ལ་སྐྱེས་ཀྱང་།སྙིང་རྗེའི་མིག་མདངས་དང་རྣམ་དག་གི་ལྷག་བསམ་རེ་གནང་བ་མ་གཏོགས་ང་ལ་ཐབས་ཤེས་ཡོངས་སུ་ཟད།ཁོ་ཚོས་རང་ཉིད་རྟེན་དུ་བྱས་ནས་མ་འོངས་བརྩོན་ལེན་བགྱི་བའི་འདུན་པ་རྩ་བ་ནས་བོར།ཡིན་ན་ཡང་།ང་ཁོ་ཚོའི་སླད་དུ་ད་དུང་བཤུལ་ལམ་རིང་མོ་འདིར་བརྒྱུད་འདོད་ཡོད།བཤུལ་ལམ་རིང་མོ་འདིའི་ཕ་རོལ་ན་ལྗང་མདོག་གི་ཞིང་ཁམས་དང་ལང་ཚོ་ཡི་ཉི་ཟླ།ཚེ་སྲོག་གི་གསེར་དངུལ་ཡོད་པས་ང་ཅིས་ཀྱང་བགྲོད་རྒྱུ། སྐྲག་སྣང་དང་རེ་བ་ཞིག་གིས་བསྐུལ་ཏེ་ང་གཉིད་ལས་བསླངས་པ་ན་ཁོར་ཡུག་འཇམ་ཅག་གེར་འདུག རྨི་ལམ་དེ་ལས་སྐལ་ག་གེ་མོ་ཞིག་དང་འབྲེལ་བ་ཟབ་ངེས་པས།ངས་ནན་ཏན་སྒོས་བསམ་གཞིག་མི་གཏོང་ཐབས་མེད་དུ་གྱུར།སྒེའུ་ཁུང་ལས་དབང་ཕྱོགས་སུ་ལྟ་དུས་དཔུང་མཐུག་པའི་མུན་ནག་གིས་ནམ་མཁའ་བསྒྲིབས་ཡོད་ནའང་།སྐར་མ་རེ་གཉིས་ཀྱི་ཕག་ན་གསལ་ལྷང་ངེའི་སྐྱ་རེངས་ཀྱི་འོད་སྣང་སྦྲུམ་འདུག་པ་ངས་ཀྱང་མཐོང་བྱུང་།
  • ལེ་ཚན་སྔོན་མ།: ནོར་དཀར་གྱི་ཕ་ས།
  • ལེ་ཚན་རྗེས་མ།:ཁྲོན་པའི་རུས་སྦལ།