ནོར་དཀར་གྱི་ཕ་ས།
སྨྲེང་བུས་བརྩམས། 2014-12-04
དཔའ་རིས་རྫོང་མི་རིགས་སློབ་འབྲིང་ལ་རྒྱུས་ལོན་བྱས་རྗེས།
རྫ་རི་སྨུག་པོ་ཞིག་བརྒྱུད་མཐར་དྲག་ཆར་རྒྱུན་རིང་ཞིག་བབས་བྱུང་། དེས་ཡུལ་གྲུ་དེར་ཆབ་བཀྲུས་ཐེངས་ཤིག་བྱས་པས་ལྗང་སྣུམ་ཤིག་གེར་བཟོས་ལ། མི་རྣམས་ལ་དངངས་སྐྲག་ཕྲན་བུ་རེའང་བྱིན། གཞུང་ལམ་གཡས་གཡོན་དང་། ལྕུག་ཕྲན་གྱི་གཞུང་རྐང་ཁ་ཤས། སྒོ་ཕྱུགས་དཀར་ནག་རེ་འགའི་གྱོང་གུད་ཐེབས་ཡོད་ཟེར། སྐབས་དེར་། ངའི་སེམས་ལ་གྱོང་ཆགས་དེ་དག་ལས་ལྡོག་པའི་དྲི་རྟགས་གཞན་ཞིག་འཆར་གྱིན་ཡོད། སྐབས་དེར། ངའི་སེམས་ལ་པཱ་ལི་སི་ཐན་གྱི་སྙན་ངག་པ་དར་བའེ་ཧྲིའི་༼ལས་དབང་ནི་ང་ཚོའི་ལག་ན་མེད༽ཅེས་པའི་ཚིག་དེའང་དྲན་གྱིན་འདུག
ཞག་མལ་གསོས་རྗེས། དབྱར་ཟླ་ར་བའི་ནམ་མཁའ་ནི་དྭངས་ཤིང་གཙང་ལ། མཁའ་དབུགས་ཀྱང་དྭངས་ཤིང་གཙང་། སྨོན་འདུན་རྐྱང་རྐྱང་གིས་བཏེགས་པའི་ངའི་སེམས་པ་དམར་པོ་དང་ལུས་པོའི་ཐོ་ཡོར། སྙིང་ཉེ་བ་དང་སེམས་འདྲིས་པ། མཚར་སྣང་རྒོད་པའི་སློབ་བུ་དེ་དག་གི་ཕྱོགས་སུ་དེངས་ནས་ཐལ། མཚོ་ཁྲི་ཤོར་རྒྱལ་མོའི་ཕང་བར་འཚོ་ཞིང་གཞེས་པའི་སློབ་བུ་དེ་དག་ཀྱང་། སྙིང་ཉེ་བ་དང་སེམས་འདྲིས་པ། མཚར་སྣང་རྒོད་པའི་ངང་ཚུལ་དེ་དག་ལ་རང་ཉིད་འདྲིས་ཟབ་པའི་ཚུལ་དེར་འདང་རེ་བརྒྱབ་ན། ཁོ་ཚོའི་མོས་འདུན་དང་ཁོ་ཚོའི་རེ་སྨོན། ཁོ་ཚོའི་ལས་དབང་བཅས་ནི་ཅི་འདྲ་གཅིག་ཨང་། ཁོ་ཚོ་ལ་ཕ་སྐད་ཀྱི་རུས་ཞེན་དང་འཚོ་བ་ཡི་དགའ་ཞེན། ཕ་མ་ཡི་གཅེས་སེམས་ཀྱིས་བརྒྱན་འདུག ཡིན་ནའང་། ལོ་ཡི་ཁོར་མོ་ཡུག་ཏུ་འཁོར་ནས་དུས་འདིར་བསླེབས་པ་ན། ཕ་སྐད་ནི་ཉམ་ཆུང་བ་ཞིག་ཏུ་གྱུར་ལ། འཚོ་སྟངས་དེའང་སྔོན་བྱོན་སྐྱེས་ཆེན་གསེར་རིའི་ཕྲེང་བ་བསྒྲིགས་པ་ལྟ་བུ་དག་གི་མདུན་ནས་ངོ་གནོང་དགོས་པའི་ཚད་ལ་ཐོན་འདུག དེ་ལྟར་ལགས་ཀྱང་། ཁྱོད་ཀྱིས་གཏན་ནས་བརྗེད་མི་ཉན་ཡ། དཔའ་རིས་ནི་ནོར་དཀར་གྱི་ཕ་ས་ཡིན། དཔའ་རིས་ནི་ལོ་རྒྱུས་སུ། རྨ་ནུབ་ཁྱམས་རིང་དུ་གྲགས་པའི་ཤར་སྒོ་ལ་གནས། ཁྱོད་ལ་མཚར་སྡུག་འོད་སྟོང་འབར་བའི་གནའ་བོའི་ཤེས་རིག་གི་ལོ་རྒྱུས་ཡོད། ཁྱོད་ལ་དཔའ་ངར་ཞུམ་མེད་ཀྱི་བུ་རྒོད་དང་སྐྱེས་ཆེན་དམ་པའི་བྱུང་རབས་ཡོད།
ང་ཚོ་དཔའ་རིས་དང་ཁ་གྱེས་དུས། ངའི་རྣ་ལམ་དུ་ད་ལྟ་ད་དུང་སྐད་རིགས་བསྲེས་མའི་གདངས་ཀྱིས་སློབ་ཁྲིད་གནང་གིན་འདུག ངའི་མིག་ལམ་དུ་ད་ལྟ་ད་དུང་ཡིག་རིགས་འདྲེས་མའི་གཟུགས་ཀྱིས་ཕྱག་བྲིས་རྩོམ་གྱིན་མཆིས། སྣང་ཚུལ་འདི་ང་ཚོའི་ཕ་ཡུལ་ནའང་བྱུང་གིན་ཡོད། འདི་ནི་དེང་རབས་ལོ་རྒྱུས་སྟེང་ང་ཚོ་མི་རབས་འདིའི་རིག་གནས་ཀྱི་སྐྱོ་གར་ཞིག་ཡིན། སྣང་ཚུལ་འདི་འཛམ་གླིང་ལོ་རྒྱུས་སྟེང་འཇིགས་སྐུལ་ཚོགས་པའི་9.11དོན་རྐྱེན་གྱི་རྗེས་སུ་བྱུང་བ་ཞིག་མ་ཡིན་པར། རྗེ་ས་པཎ་གྱི་༼ལྷ་ཆོས་དར་མདུད་པ་ཞིག །མི་ཆོས་སོག་མའི་ཕོན་ཐག་ཆད། །རྒྱལ་ཁམས་གསེར་གྱི་གཉའ་ཤིང་ཆག །གཙོ་བོ་གྲོས་ཀྱི་རྒྱ་མཚོ་སྐབས། ། དཔའ་བོ་སྟག་གི་རི་མོ་ཡལ། །མོ་བཙུན་ངོ་ཚའི་གཡང་ལུག་བུད། ། ༽ཅེས་པ་སྔོན་ནས་བྱུང་བའི་ལུང་བསྟན་འདིའི་འབྲས་བུ་ཞིག་ལ་ངོས་བཟུང་ཡང་མི་ཆོག་པ་མེད་སྙམ།
ཕྱི་ཕ་ཡུལ་ཙོང་ཁར་འབྱོར་དུས། ངའི་སེམས་ལའང་དངངས་སྐྲག་ཕྲན་བུ་རེ་འཁོར་གྱིན་འདུག་ལ། པཱ་ལི་སི་ཐན་གྱི་སྙན་ངག་པ་དར་བའེ་ཧྲིའི༼ལས་དབང་ནི་ང་ཚོའི་ལག་ན་མེད་༽ཅེས་པའི་ཚིག་དེའང་རང་དབང་མེད་པར་ཡིད་ལ་འཁོར་གྱིན་འདུག