ཤིང་སྡོང་དང་འཕྲོས་གཏམ།

གངས་དབང་།        2015-01-20

ཤིང་སྡོང་དང་འཕྲོས་གཏམ།

ཕྱོགས་བཞིར་གངས་ཀྱི་ར་བས་མུ་ཁྱུད་དུ་བསྐོར་ཞིང་དབུས་སུ་སྔོ་ལྗང་ལྡེམ་མེར་འཁྱིལ་བའི་གཡུ་ཡི་གཞོང་པ་ལྟ་བུའི་སྤང་རི་དང་གཡུ་ལོ་སྟུག་པོར་འཁྲིགས་པའི་རྒྱ་རྫོང་ནགས་དང་བཅས་པ་ནི་ཁོ་བོའི་མཛེས་པའི་ཕ་ཡུལ་ཡིན་ལ་རི་མཐོ་ས་གཙང་གངས་རིའི་ར་བས་བསྐོར་ཞེས་པ་ནི་རང་གིས་རང་བསྟོད་དང་།ཡུལ་ལྗོངས་མཛེས་ལ་མཁའ་དབུགས་གཙང་ཞིང་མི་སེམས་དག་པ་བདེ་ལྡན་གྱི་ཞིང་ཁམས་ཞེས་པ་ནི་གཞན་གྱི་ཆེ་བསྟོད་རེད།ཕ་ཡུལ་གྱི་མཁའ་དབུགས་ལ་བརྟེན་ནས་འཚར་ལོངས་བྱུང་བའི་གསར་སྐྱེས་ན་གཞོན་ཞིག་ལ་མཚོན་ན།རང་ཡུལ་གྱི་རི་ཆུའི་འཕོ་འགྱུར་དང་རྩྭ་རྩི་ཤིང་གི་དར་རྒུད།རྟ་ནོར་ལུག་གསུམ་གྱི་སྐྱེ་འཕེལ་ལ་མིག་གིས་ལྟ་མོས་ཤིང་རྣ་བས་ཐོས་འདོད་ལ་ཡིད་ཀྱིས་བསམ་དགོས་པ་ཞིག་རེད།ན་ཆུང་དུས་གླིང་གེ་སར་གྱི་ཨ་ལ་ཐ་ལའི་དབྱངས་རྟ་དང་ཨ་ཅེ་ལྷ་མོའི་འཁྲབ་སྟོན།སྲིད་པའི་ཆགས་གླུ་དང་ཨ་མཚར་མཚར་དགུ་སོགས་ཀྱིས་མཚར་སྣང་ཆེ་བའི་བྱིས་པའི་ཡིད་སེམས་ཚིམ།དུས་ཚིགས་ཀྱི་བརྗེ་རེས་ལས་ཁ་བ་ཉི་མས་བཞུས་པ་ལྟར་འབྱུང་བཞིའི་ཁམསསུ་ཐིམ་པ་ཡིན་ནམ།བརྗེད་ཆུ་གར་མོས་རྒན་རབས་རྣམས་ཀྱི་ཡིད་སེམས་བཟི་བ་ཡིན།ཕ་ཡུལ་དུ་ལོ་ངོ་སྟོང་ཕྲག་ལོན་པའི་ཤིང་སྡོང་ཞིག་ཡོད་པ་དེའི་ལོ་རྒྱུས་དར་ལུང་རྣ་བས་ཐོས་མ་མྱོང་།རྟ་ནོར་ལུག་གསུམ་གྱི་རྗེས་སུ་འབྲངས་པའི་ལས་དབང་བསྒྱུར་ཏེ་དཔེ་ཁུག་རྒྱབ་ཏུ་ཁུར་ནས་དབྱངས་གསལ་གྱི་འཇིག་རྟེན་འགྲིམས་པ་ནས་བཟུང་།གདུལ་བྱ་གདུལ་བར་མཁས་པའི་སློབ་དཔོན་རིམ་བྱོན་དག་གི་ཞལ་ལས་ཐོག་མར་ཕ་ཡུལ་དུ་ཀྲོང་ངེར་འགྱིངས་པའི་ཤིང་སྡོང་དེའི་ངོ་མཚར་ཆེ་བའི་རྟོགས་བརྗོད་རིང་མོ་ལ་རྒྱུས་ལོན་བྱེད་འགོ་བརྩམས།ལ་ལས་དེ་ནི་མེས་དབོན་རྣམ་གསུམ་གྱིས་རྒྱ་གར་ནས་གདན་འདྲེན་མཛད་པའི་ཙན་དན་དམར་པོར་སྒོམ།འགའ་ཞིག་གིས་དེ་ནི་གོང་མ་རྒྱལ་པོས་ཀོང་ཇོ་ལ་བརྫངས་པའི་རྒྱ་ལྕང་ཡིན་ཟེར།འགའ་ཤས་ཀྱིས་དེ་ནི་གུ་གེ་རྒྱལ་རབས་ཀྱི་མཁར་ཤུལ་དུ་ལྷག་པའི་གསོམ་སྡོམ་ཕྱེད་སྐེམ་ཕྱེད་སྔོ་དེ་ཡིན་ཟེར།ཁ་ཤས་ཀྱིས་དེ་ནི་ཚོང་དཔོན་ནོར་བུ་བཟང་པོ་ཡིས་ཁྱིམ་མཚེས་རྒྱལ་ཁབ་སོ་སོ་ནས་བླུས་པའི་ཤིང་ཕུང་རྣམས་རང་ཡུལ་དུ་བཙུགས་ཏེ།མཐར་ས་ཆུ་འཕྲོད་པས་ཤིང་སྡོང་ཆེན་པོ་ཞིག་ཏུ་གྲུབ་སོང་ཞེས་བརྗོད།གང་ལྟར་དུས་ད་ལྟའི་བར་དུ་ངུར་སྨྲིག་རབ་བྱུང་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ།མཐོ་གྲལ་འགོར་བཞུགས་མཁན་གྱི་སྦྲང་དཀར་རྩམ་པ་ཡིས་གསོས་པའི་དཔོན་པོ།དམའ་གྲལ་མཐར་ཙོག་པོར་བསྡད་པའི་འབྲུ་དྲུག་དོན་དུ་གཉེར་བའི་མི་སེར་ཐམས་ཅད་ཀྱིས་གྲང་ཆར་རླུང་གི་འཇིགས་པ་དང་ཚ་ཉི་མའི་གདུང་བ་ཤིང་སྡོང་དེས་འགོག་ཅིང་སྐྱོབ་བཞིན་ཡོད་པས་རྒྱུས་ཡོད་ཁྲེལ་གཞུང་ཅན་གྱི་མི་རྣམས་དེ་ལ་དགའ་ཞིང་དེ་ལ་གཅེས།རྒྱུས་མེད་རྒྱུ་འབྲས་བསྣོགས་པའི་མི་རྣམས་དེ་ལ་ཁྲོ་ཞིང་དེ་ལ་སྡང་།ང་རང་ནི་ཤིང་སྡོང་དེའི་ཡན་ལག་གིས་འཇུ་ས་དང་ཉིང་ལག་ལ་བརྟེན་ས་བྱས་ཏེ་ཟ་འདོད་ཀྱི་སྦྲང་རྩིའི་རྒྱུན་མ་ཆད།འཐུང་འདོད་ཀྱི་བདུད་རྩི་ཆར་དུ་བརྙིལ་མོད།ད་ཡན་ཆད་ལ་ཤིང་སྡོང་དེའི་རྩ་བར་ས་འཁྱོར་བ་གང་སྣོན་ལུགས་མ་ཤེས།ཆུ་བུམ་པ་གང་ཙམ་ཡང་བླུག་སྟངས་མ་བསླབས་པས་ཕ་ཤ་ཟན་ལ་བུ་སྐྱག་ཟན་ཞེས་ཇོ་མོ་གླང་མའི་རྩེ་ནས་གྲག་བྱུང་།པོ་ཏ་ལ་ཡི་མདུན་ནས་ཁྱབ་བྱུང་།
ཤིང་སྡོང་དེའི་གཡས་ཕྱོགས་སུ་རྡོ་ཕ་བོང་ཞིག་ཡོད་ལ་དེ་ནི་མཁས་པ་དང་དཔོན་པོ་རྣམས་ཀྱིས་རང་ལྟ་མཆོག་འཛིན་གྱིས་ཁྱེད་ཀྱི་གྲུབ་མཐའ་དང་ང་ཡི་ལྟ་བ་ཞེས་རྩོད་པའི་འཁོར་ལོ་སྐོར་ས་ཡིན་ལ།སུ་ཞིག་གིས་རྩོད་པའི་རྒྱལ་ཁ་བླངས་སོང་ན་ཕ་བོང་སྟེང་དུ་སྐྱིལ་ཀྲུང་བཅས་ཏེ་སྡོད་ཆོག་པའི་ཆོ་ལོ་བསྩལ་བས་དཔོན་མིང་སྤྲུལ་མིང་མཁས་མིང་ཅན་མང་པོ་ཞིག་མེས་པོའི་ཕྲག་པར་འཛེགས་ཏེ་འགྲོ་དྲུག་ཐུགས་སུ་སྒོམ་ཚུལ་གྱིས་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་གཞུང་བརྩམས།ཤིང་སྡོང་གི་གཡས་ཕྱོགས་སུ་ངོས་མཉམ་པའི་སྤང་ཐང་གྲུ་བཞི་མ་ཆེ་ཆུང་རན་པ་ཞིག་ཡོད།དེ་ནི་རོང་འབྲོག་གཉིས་ཀས་འབྲུ་དྲུག་དང་མར་ཕྱུར་གྱི་ཕན་ཡོན་བསྡུར་ཞིང་རོང་སྐད་དང་འབྲོག་སྐད་ཀྱི་ཐོབ་ཐང་རྩོད་ས་ཡིན་པས་ད་ལྟ་ཡང་ཐག་ནག་ལ་བརྒྱབ་པའི་མདུད་པ་སྦྲུལ་ནག་འདྲ་མོ་ཞིག་དེ་ན་ལྷག་འདུགཤིང་སྡོང་གི་མདུན་དུ་རྡོ་དཀར་པོ་བརྩིགས་པའི་བསང་ཁྲི་ཞིག་ཡོད་ལ་དེ་ནི་རྒན་རྒོན་རྣམས་ཀྱིས་ལྷ་གསོལ་འདྲེ་འདུལ་གྱི་གསོལ་བ་འདེབས་ས་དང་ན་གཞོན་རྣམས་ཀྱིས་གཞན་ཕམ་རང་རྒྱལ་གྱི་དགྲ་ལྷ་གསོ་ས་ཡིན་པས་བསང་དུད་ཀྱི་རྒྱུན་ཆད་མ་མྱོང་ལ་རླུང་རྟ་རྙིང་པ་རྣམས་ཤིང་སྡོང་གི་རྩ་བར་སྤུངས་ཤིང་གསར་པ་རྣམས་ཤིང་སྡོང་གི་ཡལ་གར་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གཡུག་བཞིན་མཆིས།
དྲོ་གྲང་རན་ལ་བདེ་བའི་ཉིན་ཞིག་ལ་མི་མང་པོ་ཤིང་སྡོང་དེའི་འགྲམ་དུ་འཛོམས་ཏེ་འཇམ་ཞིང་མཉེན་པའི་ལོ་འདབ་དང་ཕྲ་སྦོམ་མི་མཉམ་པའི་ཡལ་གགཉེར་མ་རིས་སུ་ཕབ་པའི་གཞུང་རྟ་བཅས་ལ་མི་རེས་གཏམ་རེ་བཤད་ནས་འུར་ཟིང་འདུ་འཛིས་ཁེངས་སོང་།ཁོ་བོས་དར་ལུང་རྣ་བས་ནན་གྱིས་ཉན་པ་ན།ལག་གཡས་པས་མ་ཎིའི་འཁོར་ལོ་སྐོར་ཞིང་གཡོན་པས་ཕྲེང་རྡོག་བགྲང་བཞིན་པའི་རྒན་པོ་ན་རེ།ཁོ་ལག་རྒྱས་པའི་ཤིང་སྡོང་དེ།།འབྲས་བུས་དུད་པ་མ་མཐོང་ནས།།ཚེར་མས་གཡོག་བའི་ཡལ་ག་ཅན།།སྐྱབས་སུ་བཅོལ་བ་བཞད་གད་གནས།།ཤིང་སྡོང་དེ་ཡི་ལོ་མ་ཡིས།མཐོང་ལམ་བཀག་ཅེས་འཁོན་སེམས་ཀྱིས།།རྩ་བ་བཅད་དེ་བསྒྱེལ་འདོད་པའི།།ན་གཞོན་སེམས་ནང་ཅི་ཞིག་ཞུགས།།སྲིད་པ་རྒན་པོའི་ཞལ་རྒྱུན་ལ།།རིགས་རུས་ཆོ་འབྲང་མ་ཤེས་ན།།ནགས་ཀྱི་སྤྲེལ་དང་འབྲུག་ཟོལ་མ།།དེ་དང་མཚུངས་པས་ད་ནས་བཟུང་།།འདས་ཟིན་ལོ་རྒྱུས་གཞོན་ནུ་མར།།ལེགས་ཉེས་བླངས་དོར་དགའ་སྟོན་གྱིས།།རྨོངས་དད་ཡོད་ཚད་རྒས་འཁོགས་ལ།།ཁག་དཀྲི་བྱས་ན་ཐལ་ཆེས་ཤིང་།།གསར་འབྱེད་ཐམས་ཅད་དར་མ་ལ།།ཆེ་བ་བརྗོད་པའང་མི་འཚམ་པས།།རྒན་གཞོན་དར་གསུམ་ཞེ་མཐུན་གྱིས།  །ཤིང་སྡོང་དེ་ལ་ཁ་འཁོར་ཏེ།  །སྒོར་མོ་རྔ་འདྲའི་གྲོས་ཤིག་གྱིས།མི་འགྱུར་རྡོ་འདྲའི་ཐབས་ཤིག་ཁོད།།ཅེས་གསུངས་པ་ལ་འགྲམ་དུ་ཙོག་པུར་བསྡད་པའི་གཞོན་ནུ་དེས་ཁ་ཁོག་པས་མ་གསང་སྟེ་འདི་ལྟར་བརྗོད།།བགྲང་བྱ་སྟོང་ཕྲག་ལོན་པའི་ཤིང་སྡོང་དེའི།།རྩ་བར་མེས་དབོན་རྣམ་གསུམ་ཞབས་རིས་བཀོད།།ཡལ་གར་གླིང་རྗེ་གེ་སར་ལོ་འདབ་རྒྱས།།ལོ་མར་རིགས་ཀྱི་དཔའ་བོའི་རྣམ་ཐར་བཀྲ།ཁྱེད་ཚོའི་ཚེ་སྲོག་གནས་པའི་བླ་ཤིང་དང་།།ང་ཚོར་སྟོབས་ཤུགས་བསྩལ་བའི་རྐང་འཐུང་ལགས།།གང་གིས་རྨོངས་པའི་འཇོར་བུས་རྐོ་མི་ཐུབ།།སུས་ཀྱང་སྨྱོ་ཧམ་སྟ་རེས་གཅོད་ཐབས་བྲལ།།རྩ་བ་རྒྱ་མཚོར་ཟུག་པས་འགྱེལ་མི་སྲིད།།རྩེ་མོ་གངས་རྩེར་སྙེགས་པས་སྐོམ་དུས་མེད།།རེད་དེ་དེང་སང་སྐྱ་མིན་སེར་མིན་འགས།།ཤིང་ལོའི་ཞྭ་མོ་མགོ་ལ་གྱོན་པ་དང་།།ཡལ་ག་སྦོམ་པོ་འཁར་བར་བསྟེན་བཞིན་དུ།།ཤིང་འབྲས་ཞིམ་པོ་གཞན་ལ་ཚོང་གིན་གདའ།།ལྷག་པར་མཁས་མིན་བླུན་མིན་ན་གཞོན་འགས།།ཡལ་གར་འཆངས་ཏེ་རྩེ་མོར་སླེབས་པའི་ཚེ།  །ཤིང་སྡོང་པགས་པ་བཤུས་ཤིང་ལོ་མ་བཅད།  །དེ་ནི་རང་རྐང་རང་གིས་བཅག་མིན་ནམ།།ཞེས་སྙིང་གི་དཀྱིལ་དུ་ན་ཞིང་རུས་པའི་རྐང་ནང་ཟུག་པའི་སྙིང་གཏམ་ཞུས་པས་རྒན་པོ་དེས་ཀྱང་མོས་མཐུན་གྱིས་མགོ་བོ་གུག་གུག་ལན་གསུམ་བྱས།དེའི་འཕྲོས་སུ་ཤིང་སྡོང་གི་གཡས་ཕྱོགས་སུ་རྡོ་ཕ་བོང་གི་འགྲམ་དུ་བཞུགས་པའི་གཞོན་ནུ་བློ་ལྡན་ཞིག་གིས་ཕྱིར་སྐྱེལ་ཁོ་ན་ལས་ཕོ་བའི་འཇུ་ཚོད་ལྟར་ནང་འདྲེན་མེད་ན་མཐར་མཐེ་བོང་ཀེར་གྱིས་འཛུགས།སྒལ་ཚིགས་གཞུ་ལྟར་གུག་པའི་ཅི་ཡང་མེད་པའི་སྐྲུ་མར་འགྱུར་ངེས་ཤིང་།ནང་འདྲེན་ཁོ་ན་ལས་ཕུགས་ནོར་ཉི་མར་ལྡེ་བ་ལྟ་བུའི་ཕྱིར་སྐྱེལ་མེད་ན་སུས་ཀྱང་མི་ཤེས་པའི་ལུང་པའི་སྦུབས་ནང་སྙིང་རྗེ་བའི་མེ་ཏོག་ཅིག་རང་ཉིད་སྐྱེས་ཤིང་སྐམ་འགྲོ་བའི་་གནས་ལུགས་དོན་ཐོག་ཚིག་གིས་མནན་ནས་བརྗོད་པ་དང་།ཤིང་སྡོང་གི་གཡོན་ཕྱོགས་སུ་སྤང་ལྗོངས་གྲུ་བཞི་མའི་དབུས་སུ་བཞུགས་པའི་དར་མ་ཤེལ་མིག་ཅན་ཞིག་གིས་སྡོམ་པ་ཚུལ་བཞིན་སྲུང་བའི་ཆོས་པ་དང་།ཁྲིམས་ལུགས་སྲོག་ལས་གཅེས་པའི་འཇིག་རྟེན་པ།།ལོང་བས་ཞ་བོ་རྒྱབ་ཏུ་ཁུར་བ་དང་།  །ཞ་བོས་ལོང་བར་མདུན་ལམ་བསྟན་ཐུབ་ན།  །མ་འོངས་ཤིང་སྡོང་དེ་ཡི་གྲིབ་བསིལ་དུ།།བདག་སྐྱིད་གཞན་སྨོན་གནས་མལ་ཅིས་ཀྱང་འགྲུབ་ཅེས་གསུངས་པས་ཤིང་སྡོང་གི་ཡལ་གར་ཚང་བཅས་པའི་འདབ་ཆགས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཚང་སྒོར་བུད་དེ་ཕར་ལྟ་ཚུར་ལྟ་བྱེད་སྐབས།ཤིང་སྡོང་གིས་དཔྱིད་དུས་སྔོ་ཡིས་བརྒྱན་སྐབས་རླུང་ནང་ང་ཡི་ཡལ་ག་འགུགས་ལ་དབྱར་དུས་ལོ་འདབ་རྒྱས་ཚེ་ཆར་ནང་ང་ཡི་ལོ་མ་ཐོར་མྱོང་།སྟོན་དུས་འབྲས་བུས་དུད་དུས་འཇོལ་མོས་སྐྱིད་དོ་ཟེར་ནས་ཡལ་གར་ཚང་བཅས།དགོན་དུས་ཁ་བས་མནན་སྐབས་འུག་པས་སྡུག་གོ་བསམ་ནས་གཞུང་རྟར་སྦར་འབྲད་བྱས།རྩ་བར་འབའ་འབུས་འདུར་རྒྱུགས་དང་རྩེ་མོར་བྱ་བརྒྱས་ལྡིང་འཁོར་བྱས་ཀྱང་ང་ནི་ང་རང་སྟེ།མཐོ་སྒང་གི་འབྱུང་བཞི་སྙོམས་པར་ནམ་ཡང་འགྱུར་ལྡོག་མེད་པའི་ཤིང་སྡོང་ཞིག་ལགས་ཞེས་གསུངས།
སེམས་ན་བབས་པའི་ཤིང་སྡོང་དེའི་ཡལ་ག་རེ་ལ་ཆེས་སྙན་ཞིང་འཇེབས་པའི་གཏམ་རྒྱུད་རེ་ཡོད་ན།ང་ཚོས་རྒས་ཀྱང་གསོན་ཤུགས་རྒྱས་་བཞིན་པའི་ཤིང་སྡོང་དེར་གཟི་བརྗིད་དང་ལ་རྒྱ་ཞིག་སྣོན་དགོས།ལོ་མ་རེ་ལ་གསང་བར་གྱུར་པའི་གནད་དོན་རེ་སྦས་ཡོད་པས་ང་ཚོས་ཤིང་གི་ཁོང་འབུ་བྲུས་པའི་མགྲིན་རིང་ཤིང་རྟ་མོ་ཞིག་བྱ་དགོས།
ཁོ་བོས་དེ་ལྟར་བསམ་བཞིན་པའི་སྐབས་ལ་རྒྱབ་ཏུ་དཔེ་ཁུག་ཁུར་བའི་བྱིས་པ་ཁ་ཤས་ཀྱིས་ཨ་གི་གུ་ཨི་ཨ་ཞབས་ཀྱུ་ཨུ་ཞེས་བྱིས་གླུ་ལེན་བཞིན་ཤིང་སྡོང་དེའི་ལོ་མ་འགའ་བཅད་དེ་ཁ་ནང་བཞག་རྗེས་འཕར་མ་མཆོངས་ཀྱིས་བརྒྱུགས་ཏེ་མཐར་ཀ་ཁ་ག་ང་ཞེས་པའི་འགྱུར་ཁུག་གི་ཁྲོད་དུ་ཡལ་སོང་ངོ་།  །

ཤིང་སྡོང་དང་འཕྲོས་གཏམ།

  • ལེ་ཚན་སྔོན་མ།:རྒྱལ་མོ་རྔུལ་ཆུས་མཆོད་པའི་རླབས་ཀྱི་ཟེགས་མ།༼དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་རྗེས་དྲན་དུ།༽
  • ལེ་ཚན་རྗེས་མ།:ང་འགྲོ་དུས། ཁོང་ཚོས་འདི་ལྟར་གསུངས།